ཐེ་བོ་སངས་རྒྱས།
གནའ་བོའི་རྒྱ་ནག་ལོ་རྒྱུས་ནང་རྒྱལ་ཁམས་འཐབ་འཁྲུག་དུས་སྐབས་ཀྱི་战国时代,མཇུག་ཏུ་རྒྱལ་ཁབ་སྲིད་དབང་གོང་བུ་གཅིག་གྱུར་བྱེད་པོ་སྟེ། ཆིན་རྒྱལ་རབས་ཀྱི་གོང་མ་དང་པོ་ཆིན་ཧྲི་ཧྭང་秦始皇,གི་བང་སོ་ལས་兵马俑,པིན་མཱ་ཡུང་(རྟ་དམག་འཇིམ་སྐུ་)ཟེར་བ་དེ། གྲོང་ཁྱེར་ཞིས་ཨན་གྱི་བྱང་ཤར་རི་བོ་ལིས་ནས་དུས་རབས་གོང་མའི་སྨད་དུ་གསར་རྙེད་བྱུང་བས་སྐད་གྲགས་ཆོད། དེ་ནི་རྫ་ཆས་ཀྱི་འཇིམ་བཟོ་ལ་བརྟེན་ནས་གོང་མའི་དམག་དཔུང་དང་། ཞབས་ཕྱི་བའི་ཆ་ལུགས་དང་བཅས་ཕྱོགས་བསྡུས་རང་བཞིན་གྱིས་ཞིབ་ཕྲ་འདྲ་འབག་ཏུ་བཞེངས་པ་དང་། དེའི་འབྱུང་ཁུངས་ནི་བཙན་པོའི་གཤིན་ཆོག་རིག་གནས་སྒྱུ་རྩལ་གྱི་རྣམ་པ་ལ་བརྟེན་ཅིང་། གོང་མའི་པུར་སྒམ་དང་ལྷན་དུ་སྤྱི་ལོའི་སྔོན་གྱི་ 210-209 བར་སྦས་པར་སྣང་། འདིའི་དགོས་དམིགས་རྒྱལ་པོ་འདས་རྗེས་སུ་སྐུའི་སྲུང་སྐྱོབ་ཆེད་ཡིན་ཞེས་གསལ། འཇིམ་སྐུ་དེ་དག་གི་ཆ་བྱད་རིང་ཚད་ལ་དེའི་སྒྲོམ་གཞིར་སྤྱི་འགྲོས་ཤིག་ཡོད་པ་ལྟར་བསྒྲིགས་འདུག་ལ། དམག་སྤྱི་རྣམས་དེ་དག་ལས་རིང་བའི་གྲས་ཡིན་པ་དང་། སྐུ་བརྙན་དེ་དག་དམག་དོན་ལ་མཁས་པ་རྐྱང་བའི་གྲས་ཡིན་པར་བཤད།
ཤིང་རྟའི་དམག་དང་། རྟ་དམག་རྣམས་ད་ཆ་རོབ་རྩིས་བྱས་ན། དེ་རུ་སྦས་དོང་གསུམ་རྙེད་ཡོད་པ་ལས་ཁྱོན་དམག་མི་བརྒྱད་སྟོང་ཙམ་གྱི་འཇིམ་སྐུ་ཡོད་དེ། ཤིང་རྟ་བརྒྱ་དང་སུམ་ཅུར་སྦྲེལ་བའི་རྟ་ཕོ་ལྔ་བརྒྱ་ཉི་ཤུ་དང་། རྟ་དམག་བརྒྱ་དང་ལྔ་བཅུ། མང་ཆེ་བ་གོང་མ་ཆིན་ཧྲི་ཧྭང་གི་བང་སོའི་མཐའ་སྐོར་དུ་སྦས་ཡོད། དམག་མི་མིན་པའི་འཇིམ་སྐུ་མི་ཉུང་བ་ཞིག་ས་དོང་གཞན་དག་ཏུ་རྙེད་པ་ལས། དཔོན་རིགས་དང་། གྱད་མི། འཁྲབ་སྟོན་པ། རོལ་མོ་བ་སོགས་ཀྱི་འཇིམ་སྐུ་རེད། རྫ་ལས་བྱས་པའི་འདྲ་སྐུ་དེ་དག་གི་མགོ་དང་། ལག་ངར། རྐང་བ་སོགས་ལྷུ་ཚིགས་རྣམས་གཏོར་ནས་སླར་སྒྲིག་ཆོག་པའི་ཁར། དེ་དག་ལ་རང་བྱུང་གི་ཚོན་རྩི་བཀྲག་མདངས་ཅན་ཅི་རིགས་བྱུགས།
གནའ་རྫས་རྟོག་ཞིབ་པ་དག་གིས། དེ་དག་གི་ངོ་དབྱིབས་ལ་བརྟགས་ནས་མང་ཆེ་བའི་པར་ཤིང་གཅིག་ཡིན་སྲིད་པའི་འགྲེལ་བརྗོད་བྱས་འདུག དེ་ཚོས་ལག་ཏུ་ཐོགས་པའི་མཚོན་ཆ་རྣམས་ངོ་མ་ཡིན་པར་མ་ཚད། གསར་རྙེད་དུས་སུའང་རྣོ་ངར་མ་རྡུགས་པའི་མདུང་དང་། རལ་གྲི། ཤུར་མདའ། དགྲ་སྟ། དཔའ་དམ། ཕུབ་སོགས་རེད་ལ། གཡའ་ཡིས་ཅུང་ཚོས་པའི་གོ་ཁྲབ་གྱོན་པ་རྣམས་མཐོང་དུས་གསོན་ཉམས་དོད་པ་ལ་ནི། ད་ལྟ་རང་གཡུལ་དུ་ཆས་ཀྱིན་པའི་དཔའ་རྒོད་ཤ་སྟག་ཡིན་སྣང་སྟེར།
བང་སོ་དེའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་གཅིག་དང་ཕྱེད་ཀ་ཡོད་ཅིང་། ཤར་ཕྱོགས་ཀྱི་དུར་ཁུང་དག་གི་འོབས་སུ་ཟབ་ཚད་ལ་མི་ཁྲེར་བདུན་ཡས་མས་ཡོད། རྩིག་པ་དང་བཅས་པའི་ས་ཕག་ཆུང་ངུ་མང་པོས་པང་གཅལ་བཏིང་ཞིང་། ཤིང་གི་ཀ་བ་དང་། གདུང་མ། ཐོག་ཁེབས་ཀྱི་བར་གསེང་དག་འདམ་རྩྭས་བང་རིམ་གྱིས་བཀབ་འདུག ལིས་ཧྲན་བང་སོའི་བཟོ་བཀོད་དང་སྦས་ཐབས་དེ་བརྟོལ་དཀའ་བའི་གསང་རྒྱ་ཅན་ཞིག་ཡིན་པ་སྨོས་ཅི་དགོས། གོང་མའི་ཕོ་བྲང་གི་ཁོག་འབུབས་སྟངས་དང་འདི་གཉིས་བསྲེས་སྦྱོར་གྱིས་ཕྲ་ཞིབ་ལྡན་པའི་ལག་རྩལ་བཏོན་ཡོད་འདུག སྐབས་དེ་ཤེད་ཀྱི་སྐུ་དྲག་དག་གིས་ཀྱང་བང་སོ་དེའི་བཟོ་བཀོད་ལྟར་ཕོ་བྲང་དང་ཚོམས་ཁང་བརྒྱབས་ཡོད་སྐད།
དུར་ས་དེའི་ལས་འཆར་ཁག་ཧ་ལམ་སྤྱི་ལོའི་སྔོན་གྱི་དུས་རབས་གསུམ་པའི་དུས་མཇུག་ཏུ་བསྐྲུན་པ་ཡིན། རྒྱའི་རྩོམ་རིག་དང་ལོ་རྒྱུས་སྨྲ་བ་གྲགས་ཅན་ཟི་མཱ་ཆན་司马迁,གྱིས། བང་སོ་དེ་སྤྱི་ལོའི་སྔོན་གྱི་246 ལོ་སྟེ། ཆིན་གོང་མ་དང་པོ་ཁྲི་འདོན་བྱས་རྗེས་གང་མགྱོགས་བརྩིག་འགོ་བརྩམས་པ་དང་། མི་ལོ་སོ་བདུན་སོ་བརྒྱད་རིང་ཨར་ལས་ཁྲོད་ལས་བཟོ་བ་འབུམ་བདུན་ཙམ་ཐེ་བར་བཤད། ཕྱི་ལོ་ 1974 ལོར་ཧྲན་ཞིས་ཞིང་ཆེན་ཞིས་ཨན་ལིན་ཐོང་རྫོང་西安临潼县,དུ་སོ་ནམ་པ་འགས་དོང་ཆུ་བརྐོ་དུས་གསར་རྙེད་བྱུང་ཞིང་། 1987,ལོར་མཉམ་འབྲེལ་རྒྱལ་ཚོགས་(UNESCO) ནས་འཛམ་གླིང་ཤུལ་བཞག་གཅེས་ནོར་དུ་ཐོ་འགོད་བྱས་ཡོད་པ་བཅས་སོ། །
ད་དུང་མུ་མཐུད་ནས་
འདི་འདྲ་ངོ་སྤྲོད་བྱས་ཡ་ལ་དགའ་བསུ་ཞུ་ཡ་ཡིན།
ངོ་སྤྲོད་གནང་བར་ཐུགས་རྗེ་ཆེ།
་་་་་ བང་སོ་དེ་སྤྱི་ལོའི་སྔོན་གྱི་246 ལོ་སྟེ། ཆིན་གོང་མ་དང་པོ་ཁྲི་འདོན་བྱས་རྗེས་གང་མགྱོགས་བརྩིག་འགོ་བརྩམས་་་་་་་