འཇམ་དབྱངས་སྦྱིན་པ
——སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་བཙོན་འཇུག་བྱས་ཏེ་ལོ་༡༢ འཁོར་བར་དྲན་གསོ་ཞུ།
ཟབ་ལམ་དབུ་ཚད་ལྟ་དང་རྒྱ་ཆེན་སྤྱོད།།
བཤད་སྒྲུབ་ཐོས་བསམ་སྒོམ་པའི་ལས་ལ་གཞོལ།།
ཞི་བསིལ་དམ་ཆོས་འོད་ཟེར་འབུམ་སྤྲོས་པ།།
བླ་ཆེན་དུང་གི་ཟླ་བ་ཞབས་བརྟན་ཤོག །
ཡིད་བཞིན་ནོར་བུའི་དགོངས་ཟབ་ཐུགས་ལ་སིམ།།
ས་ཡ་དྲུག་གི་བདེ་སྡུག་སྙིང་ལ་བརྣག །
བདེན་དོན་འཇིགས་མེད་ང་རོ་ཆེར་སྒྲོག་པ།།
སྐྱེས་མཆོག་དཔའ་བོ་ཆེན་པོ་རྟག་བརྟན་ཤོག །
ཉམ་ཆུང་སློབ་འབངས་བྱམས་བརྩེས་ཉེར་བསྐྱངས་ཤིང་།།
རྨོངས་པའི་འགྲོ་ལ་འོད་ཀྱི་སྣང་བ་བསྩལ།།
གངས་ཅན་ཆོས་རིག་དཔག་བསམ་ལྗོན་ཤིང་ཆེ།།
སྐྱོང་མཁས་བཤེས་གཉེན་མཆོག་གི་ཞབས་བརྟན་ཤོག །
བཟློག་མེད་དུས་ངན་རླུང་ནག་དྲག་པོ་དང་།།
ས་ཐག་ཁད་ཀྱིས་ཆོད་པའི་སྟབས་ཉེས་ཏེ།།
ཁྱེད་ཞལ་དངོས་མཇལ་བསྐལ་བཟང་མ་བྱུང་ཡང་།།
རླབས་ཆེན་མཛད་འཕྲིན་མཚན་སྙན་སྙིང་ལ་ལྷུང་།།
ཡབ་རྗེ་ཡིད་བཞིན་ནོར་བུའི་ཐུགས་རྗེ་དང་།།
ཁྱེད་སོགས་སྐྱེས་མཆོག་དཔའ་བོའི་རྟོགས་བརྗོད་ཀྱི།།
ཆ་ཤས་ཙམ་རེའང་ཡིད་ལ་དྲན་པ་ན།།
རྨོངས་རྟུལ་བདག་ཡིད་དང་བའི་པདྨོ་དགོད།།
དེ་ལྟ་ན་ཡང་སྒོ་གསུམ་བྱ་བ་ཀུན།།
ཟང་ཟིང་འདོད་ཡོན་བདུད་ཀྱི་ཆོ་ངེ་དང་།།
དུས་ངན་འདུ་འཛིའི་བྲན་དུ་ཉེར་སོང་བས།།
མགོ་བོ་བཏུད་དེ་བསམ་ན་ཞེ་རེ་གནོང་།།
ལས་ངན་བསོད་ཟད་བདག་དང་བདག་འདྲ་དག །
ཡིད་བཞིན་ནོར་དང་སྐྱེས་མཆོག་ཁྱེད་ཅག་གི །
འཕྲིན་ལས་ཉི་མའི་འོད་ཀྱིས་འཚོ་ན་ཡང་།།
མ་རྟོགས་འུག་པའི་ལས་ལ་བཟོད་པར་གསོལ།།
བཟོད་པར་གསོལ་ལོ་སྐྱབས་མཆོག་བཤེས་གཉེན་ཚོགས།།
བག་མེད་ལེ་ལོའི་འདམ་ལས་མ་ཕྱུང་བར།།
བཟོད་པར་གསོལ་ལོ་གངས་རིའི་སྐྱེས་མཆོག་རྣམས།།
སྙིང་མེད་སྡར་མའི་ངང་ཚུལ་མ་དོར་བར།།
སྐྱབས་གསུམ་ཀུན་འདུས་བླ་མའི་བྱིན་རླབས་དང་།།
བུ་སློབ་དད་དམ་གཙང་མའི་མཐུ་སྟོབས་ཀྱིས།།
མགོན་ཁྱོད་ཞལ་གྱི་དཀྱིལ་འཁོར་དུང་གི་ཟླ།།
འཕྲིན་ལས་འོད་སྟོང་རྒྱས་ཏེ་མྱུར་མཇལ་ཤོག །
ཅེས་མཆོག་སྤྲུལ་ཁོང་ནག་མེད་ཉེས་འགེལ་གྱིས་རྒྱ་ནག་གིས་བཙོན་འཇུག་བྱས་ཏེ་ལོ་ཧྲིལ་བོ་བདུན་འགོར་བའི་དུས་དྲན་གྱི་སྐབས་དང་བསྟུན་ནས་ཁ་མིན་དོན་གྱིས་སེམས་གདུང་ཤུགས་དྲག་པོའི་སྒོ་ནས་འཇམ་དབྱངས་སྦྱིན་པ་རུ་འབོད་པས་སྤྱི་ལོ་༢༠༡༤/༤/༧ ཉིན་བྲིས་སོ།།
སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་མཆོག་སྐུ་ཚེ་ཡུན་བརྟན་པར་ཤོག མྱུར་དུ་བཙོན་ནས་གློད་གྲོལ་ཐོབ་པར་ཤོག བདེན་པ་ཉིད་རྒྱལ་འགྱུར་ཅིག །
༄། སྤྲུལ་སྐུ་རིན་པོ་ཆེ་ནི་ང་ཚོའི་ནམ་ཡང་རྗེད་་མི་རུང་ལ། ཁོང་གི་མཛད་རྗེས་རྣམས་གསེར་གྱི་ཡིག་གེ་ལ་འགོད་འོས་ལ། སྐྱེས་ཆེན་དམ་པ་ཁྱེད་ནི་ང་ཚོའི་སེམས་ནང་གི་ནོར་བུ་ཡིན་ལ། ང་ཅག་གང་ཅན་པ་ལ་སེམས་ཤུགས་སྤེལ་བ་པོ་ལོས་ཡིན། ཁྱི་རྒན་རྒྱ་འདྲེ་དམར་པོ་ནི་ང་ཚོའི་ནམ་་ཡང་རྗེད་ཐབས་མེད་པའི་འདྲེ་ངོ་མ་ལ་ངོས་འཛིན་བྱེད་བཞིན་ཡོད། ང་ཅག་ཁ་བ་རི་པའི་རྣམས་ཀྱི་དུས་གསུམ་དུ་བསག་པའི་བསོད་དང། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་དང་། སློབ་མི་སློབ་པའི་སྐྱབས་གནས་དམ་པ་རྣམས་ཀྱི་བྱིན་མཐུ་ལ་བརྟེན་ནས་ཁྱེད་ཉིད་སྐུ་ཚེ་ཡུན་རིང་དང། རིང་མིན་བཙོན་ནས་བདེ་བར་གྲོལ་ཅིང་། ༧རང་ཅག་བོད་འབང་ཡོངས་ཀྱི་མགོན་པོ་རྒྱལ་བ་ཡིན་ནོར་བུ་དང་ཞལ་མྱུར་དུ་མཇལ་བའི་གདུང་ཤུགས་དྲག་པོ་དང་བཅས་ཏེ་སྨོན་པའོ།
༼——སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་བཙོན་འཇུག་བྱས་ཏེ་ལོ་༡༢ འཁོར་བར་དྲན་གསོ་ཞུ།༽
༼ཅེས་མཆོག་སྤྲུལ་ཁོང་ནག་མེད་ཉེས་འགེལ་གྱིས་རྒྱ་ནག་གིས་བཙོན་འཇུག་བྱས་ཏེ་ལོ་ཧྲིལ་བོ་བདུན་འགོར་བའི་དུས་དྲན་གྱི་སྐབས་དང་བསྟུན་ནས་ཁ་མིན་དོན་གྱིས་སེམས་གདུང་ཤུགས་དྲག་པོའི་སྒོ་ནས་འཇམ་དབྱངས་སྦྱིན་པ་རུ་འབོད་པས་སྤྱི་ལོ་༢༠༡༤/༤/༧ ཉིན་བྲིས་སོ།།༽ དོན་དམ་པར་གང་རེད།
འདིར་ཕེབས་གྲོགས་པོ་ཀུན་ལ་དགོངས་དག་ཞུ། མཇུག་བྱུང་གི་མི་ལོ་ཧྲིལ་བོ་བདུན་ཞེས་པ་རྦད་དེ་ནོར་འདུག་པས་བཅུ་གཉིས་ལ་ཆོས་རོགས། དེ་ནི་ཅིའི་ཕྱིར་ནོར་དང་ཇི་ལྟར་ནོར་བདག་ལའང་མི་གསལ། རུ་ཤུལ་བུ་ལ་བཀའ་དྲིན་ཆེ།