ཆབ་མདོ་ངག་ཕུན།
བཙན་རྒྱ་དམར་པོས་དུག་རླངས་ནག་པོའི་ཁྲོད།།
གངས་ཅན་བོད་ཀྱི་སྐྱེས་ཆེན་སྤྲུལ་སྐུ་མཆོག།།
ཉེས་མེད་ཉེས་འཛུགས་དམར་པོའི་བཙོན་དུ་བཅུགས།།
དཀའ་སྡུག་སྣ་མང་སྐུ་ཚེ་སྡུག་ལ་སྦྱར།།
དམར་གཞུང་ཁ་ནས་གཅིག་མཐུན་འབྲུག་ལྟར་གྲགས།།
ལག་ལེན་དོན་འཁེལ་མེད་པའི་འཇའ་དང་མཚུངས།།
ཁ་ཞེ་མི་མཚུངས་རྒྱ་དམར་ཏང་ཚོགས་ཀྱིས།།
གངས་ལྗོངས་མི་རྣམས་ཉེས་མེད་སྡུག་ལ་སྦྱར།།
སྐྱིད་པའི་གངས་ལྗོངས་ཆོས་ལྡན་ཞིང་ཁམས་ལ།།
བདེ་སྐྱིད་འོད་སྟོང་འབར་བ་བསྐྲུན་ཡོད་ཟེར།།
དེ་འདྲ་བདེ་སྐྱིད་འོད་སྟོང་བསྐྲུན་ཡོད་ན།།
མི་ལུས་རིན་ཆེན་མཆོད་མེ་ཕུལ་དོན་ཅི།།
མི་ལོ་ང་བཞི་ལྷག་རིང་གངས་ལྗོངས་ཆོས་ལྡན་ཞིང་།།
སྡུག་གི་མུན་པ་བཤས་ར་དམར་པོའི་གཞུང་གིས་བསྒྱུར།།
གངས་ལྗོངས་མི་རྣམས་ཁྲག་དང་མིག་ཆུའི་འོག་ཏུ་འཚོ།།
ཉེས་མེད་རྒྱལ་གཅེས་པ་རྣམས་ཁྲིམས་སྲོག་ཉེས་པ་བཏང་།།
སྙིང་སྟོབས་ལྷག་བསམ་གོ་ཆ་བཙན་པོ་བཞེས།།
མི་རིགས་གཅེས་ནོར་སྐད་ཡིག་ཡ་རབས་སོགས།།
རྒྱུན་འཛིན་དགོས་པའི་རིན་བྲལ་བསླབ་བྱ་དེས།།
བོད་འབངས་ཀུན་ལ་བཅུད་སྨན་སྦྱིན་དང་མཚུངས།།
ཕན་ཚུན་ཆིག་བསྒྲིལ་ཕ་མེས་གཅེས་ནོར་རྣམས།།
གཅེས་སྲུང་དགོས་པའི་རིན་བྲལ་དབྱར་སྐྱེས་སྒྲས།།
མ་རིག་མུན་པ་ཕར་མཐའི་གླིང་དུ་བྲོས།།
ལྟས་ངན་འུག་པ་སྐད་ངན་དབང་མེད་ཤོར།།
ཁོང་གི་མཛད་འཕྲིན་དབྱར་གྱི་མཚོ་ལྟར་རྒྱས།།
༸གོང་ས་མཆོག་ལ་བློ་ཡིད་བྲང་གསུམ་གཏད།།
རིས་མེད་ཀུན་ལ་གཞན་ཕན་བྱམས་བརྩེས་བསྐྱངས།།
ཀུན་ལ་སེམས་ཉིད་ངལ་གསོ་བདེ་དཔག་སྦྱིན།།
དམར་པོའི་མ་བཟོད་ཁོག་ལ་དུག་ཆུ་འཁོལ།།
མ་ཉེས་ཁ་གཡོག་བཙན་པོས་བཙོན་དུ་བཟུང་།།
མི་ལོ་བཅུ་གཉིས་བཙན་དབང་སྡུག་ལ་སྦྱར།།
མནར་གཅོད་འདྲ་མིན་དཀའ་སྡུག་འོག་ཏུ་བཅུགས།།
ཁྲིམས་ལུགས་དྲང་བདེན་མེད་པའི་སྤྱང་ཚོགས་གཞུང་།།
ཉེས་མེད་མི་ལ་ཉེས་འཛུགས་ཁྲིམས་སྲོག་བཅད།།
བདེན་པ་རྩོད་ས་མེད་པའི་མུན་རུབ་གཞུང་།།
གངས་ལྗོངས་མི་རྣམས་ཉེས་མེད་སྡུག་སྦྱར།
དྲང་བདེན་དགའ་བའི་འཛམ་གླིང་མི་མང་ཀུན།།
སྡུག་གི་སྨག་རུབ་ཚུད་པའི་ཁོང་གཙོས་པའི།།
ཉེས་མེད་བཙོན་ནས་གློད་གྲོལ་ཡོང་བའི་ཐབས།།
བདེན་པའི་མི་ལ་བདེན་པའི་རྒྱབ་སྐྱོར་མཛོད།།
སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ།།
མྱུར་དུ་བཙོན་ནས་གློད་གྲོལ་ཡོང་བ་ལ།།
གངས་ཅན་ལྗོངས་ཀྱི་ལྷ་མི་ཚོགས་རྣམས་ལ།།
བདག་གི་སྨོན་ལམ་སྙིང་ནས་ཡང་ཡང་འདེབས།།
དྲང་བདེན་དགའ་བའི་འཛམ་གླིང་མི་མང་ཀུན།།
གངས་ཅན་ལྗོངས་ཀྱི་དཀའ་སྡུག་འདི་དག་ལ།།
ཐུགས་རྗེ་སྙིང་ནས་གཟིགས་པ་ཅི་ནས་མཛོད།།
ལག་གཉིས་སྦྱར་ནས་སྙིང་ནས་རེ་འབོད་ཞུ།།
ཞེས་པ་འདི་ནི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་མཆོག་ལ་རྒྱ་གཞུང་གི་བཙོན་ཁང་དུ་མི་ལོ་བཅུ་གཉིས་བའི་རྗེས་དྲན་དུ་བྲིས་པ་ཞིག་ཡིན་དེ་ལུགས་དགོངས་འཇགས་མཛོད།།
ཁོང་བཙོན་ཁང་ནས་གློད་གྲོལ་ཡོང་བར་རྡ་རམ་ས་ལ་ནས་ཤུགས་རྒྱག་དགོས་མོད། དེང་སྐབས་ཧ་ལམ་བརྗེད་ཟིན་པ་འདྲ། འདི་ནི་བདག་མེད་ཀྱི་ལྟ་གྲུབ་འོག་ཏུ་བདག་འཛིན་གྱི་ཧམ་སེམས་མེ་རུ་འབར་བཞིན་པའི་སྒྲུབ་བྱེད་གཙོ་བོ་དེ་མ་རེད་དམ།