བཀྲ་ཤིས་དོན་འགྲུབ།
ནགས་མའི་དཀྱིལ་འཁོར་འཛུམ་ཡོང་།།
ཁང་ཆུང་ལྷོད་ལ་བབས་འདུག།
དུད་སྨུག་སྤྲིས་མ་འཁྱིལ་སར།།
ལྗོན་པས་མཆོར་སྒེག་ངོམ་ཐལ།།
བྱ་ནག་རྒྱང་ལ་འཕུར་རྗེས།།
ཞིང་ཐང་སྐྱོ་བས་བཟི་སོང་།།
ཐག་རིང་མུ་མཐའ་མེད་པ།།
སུ་ཡི་སེམས་རིས་ཡིན་ནམ།།
དར་ལྕེ་རླུང་གིས་སྐྱོད་པས།།
ཞིང་གྲོང་ཞེ་ལ་གནོད་ན།།
འདབ་ལོ་ལྷགས་པས་འདེད་པ།།
སུ་ཡི་སེམས་ནད་ཡིན་འགྲོ།།
གནམ་གྱིས་སྐྱ་ཆས་གོན་རུང་།།
ཉི་འོད་གསེག་འཕྲོ་ཞིག་གིས།།
སྤྲིན་ལ་ཞགས་པ་བརྒྱབ་སྟེ།།
ས་གཞིར་ཁ་དོག་སྤྲས་བཞག།
བ་མོ་ཟན་ལ་གཡེངས་ཞོར།།
གཙང་པོས་ཁ་ཕྱོགས་བརྗེས་སོང་།།
ཆུ་སྐྱར་མཁའ་ལ་ལྡིང་བ།།
བ་མོའི་སེམས་གསོར་བཞག་ཡོད།།
གློག་སྐུད་གནམ་ནས་འཐེན་པ།།
གནམ་གྱི་རི་མོ་ཡིན་ན།།
མི་རྐྱང་རྐང་འཁོར་ཅན་པོ།།
ས་ལ་བརྐོས་པའི་འགྲུལ་པ།།
ལྕགས་ལམ་ཐད་ལ་འཐེན་ཞིང་།།
སྣུམ་ལམ་འཁྱོག་གིས་བཀུག་པ།།
མི་དེའི་གླུ་ངག་ཡིན་སྐད།།
སེམས་ཀྱི་རི་མོ་ཡིན་སྐད།།
རླུང་གིས་སྐྱོད་པའི་སྐྲ་ལོ།།
སྙིང་ལ་བཙན་འཛུལ་མང་གི།
གོམ་འགྲོས་ལྡེམ་ལྡེམ་ཅན་པོ།།
རྐང་རྗེས་བཞག་ནས་བུད་འགྲོ།།
ལྗོན་ཤིང་ཐར་ར་ཐོར་རེ།།
ཞིང་ཐང་ལང་ང་ལིང་ངེ།།
སྙན་ངག་ཟམ་མ་ཟིམ་མེ།།
སེམས་པ་སྨྲང་ང་སྨྲེང་ངེ་།།
གསེར་མདོག་ས་ལ་སྦྲུམ་པ།།
གསེར་གྱི་རྣ་ཆ་མིན་ན།།
དངུལ་མདོག་ཟླ་བའི་ཞལ་རས།།
མཛེས་ཀྱང་སྙིང་པོ་ཅི་ཡོད།།
དུ་སྣེ་རྒྱང་འཐེན་གཅིག་དང་།།
ཆུ་མོ་ཐུར་འབབ་གཉིས་ཀྱིས།།
སྲིད་པ་ལས་ཀྱི་རི་མོ།།
མངོན་མ་ལྐོག་གིས་འབྲི་གི།
གཟན་སྣེ་དམར་པོའི་ཁུད་དུ།།
མིག་ཆུ་བཙན་གྱིས་བསྐུངས་ཡོད།།
བཅོས་འཛུམ་ཐོད་ལ་བཏེགས་པ།།
ཐོད་པའི་རི་མོར་གྱུར་འདུག།
མེ་ཏོག་ཞལ་རས་འཛུམ་སར།།
ཚེར་མས་མཆེ་བ་གཙིགས་ཡོང་།།
གད་སྙིགས་གནམ་ལ་འཕུར་བས།།
གོ་ལའི་ན་ཚོད་རྒས་བཞག།
དམར་ལ་སྒོར་བའི་ཉི་མ།།
ཐང་ཆེན་ཕག་ཏུ་ཡིབས་སོང་།།
མུན་པའི་ཡོལ་རས་ནག་པོས།།
ང་ལ་ཉལ་ཐུལ་བཀབ་བྱུང་།།
རྒྱང་ནས་དྲན་པ་ཐོགས་ས།།
ལྷོ་ཡུལ་རི་མ་ཐང་ཆེན།།
སྙན་ངག་ཁམས་སུ་འཛུལ་དུས།།
ལྷོ་ལམ་ལྷོད་ཀྱིས་སྙེག་ཡོད།།
སྙན་ངག་ངོ་མ་ཧ་ལས་པ་རེད་འདུག འོན་ཀྱང་འོག་མ་རྣམས་ལ་མཛེས་དཔྱོད་དང་མཚོན་རླབས་སྔོན་མ་དག་དང་བསྡུར་ན་ཇེ་ཞན་དུ་སོང་བའི་ཚོར་བ་སྟེར་གི རྩོམ་པ་པོའི་སེམས་ཅུང་སྙན་ངག་གིས་བཅུན་མ་ཐུབ་པའམ་སྙན་ངག་གི་ཚོར་བ་བག་ལ་ཞ་བའི་སྣང་ཚུལ་འབྱུང་གི