དོན་འགྲུབ་བཀྲ་ཤིས།
ལྷོ་རོང་ཡུལ་དུ་འཆར་བའི་གཙང་བོའི་འབོད་སྒྲ དུས་ཚོད་ཀྱི་སྦུགས་སུ་འཚང་བའི་འབྲི་དེབ་སྲབ་པོ་ཞིག་གི་བར་གསེང་དུ་བརྡོལ་བའི་ཆུ་མིག་ཅིག་གི་ན་ཟུག་རུམ་གྱིན། སྨྱུག་གུ་ནག་ཆུང་གི་ཉི་གཞོན་གྱི་བྲང་གཞུང་དུ་རྩྭ་ཆུའི་ལོངས་སྤྱོད་ལ་དྲན་པ་གླན། ལམ་འགྲམ་གྱི་ཁྱི་གུ་དེས་མི་སྐད་རྒྱག་པའི་ཡིད་ཆེས་མཐུག་པོ་སྤྲིན་པ་སྤར་མོ་གང་གི་མཁའ་ན་གར་གྱིས་རྩེན། ཁ་བའི་རྡུལ་རྩེག་གི་མིག་ཟུང་འོག་ཏུ་དམར་རྗེན་གྱིས་འཚོ་བའི་དྲན་པའི་རུས་རྐང་གི་ལོ་ཟླ། ཁ་སང་དང་དེ་རིང་གི་བར་ན་ཉམས་ཆུང་ངང་ངང་ཆུང་གིས་འཚོ། སྟོབས་ཤུགས་ཀྱིས་འཚོ་བའི་ཁ་སང་དེ་རིང་གི་ཤོག་གྲངས་འགའི་སྟེང་ན་དུར་དུ་སྦས། ཡིག་འབྲི་རེ་རེའི་བར་གསེང་མྱུལ་ཏེ་སྲོག་ཅན་གྱི་རྣམ་ཤེས་འཁྱམ་པོ་རེ་རང་ཉིད་ཀྱི་རྒྱབ་ཁུག་དུ་གཉེར་རྒྱུའང་སྲོག་ལྡན་གང་གི་རྨི་ལམ་གྱི་དྲན་པ་ལགས།
རི་འདབས་སུ་གན་རྐྱལ་དུ་ཤི་བའི་བམ་རོའི་ལོ་རྒྱུས་ཀྱི་དབང་ཤེས་ལ་འཕོ་བ་གྲོང་འཇུག་གི་གདམ་པའི་ལྭ་བ་མཐུག་པོ་ཞིག མཚན་མོའི་ཟླ་འོད་འོག་གི་རི་གྲོང་ཞིག་ཏུ་ཀུ་མུ་ཏའི་ཁ་ཏོག་ཅིག་གི་སྐེད་པར་བཅིངས་ཏེ། དྲན་པ་ཞིག་གི་འགག་ལ་ཉེ་བའི་མིད་པ་རུ་ཁེགས་པའི་ཚེ་སྲོག་སྲབ་པོ་དག་ལ་བདེན་པའི་ཚོས་གཞི་ཞིག་གི་ཁ་པར་རྐྱང་རྐྱང་རི་ལུང་འདིའི་སྐེད་པར་སྐད་འཕྲིན་གྱིས་བརྒྱུད་ན། དྲན་པས་དྲན་པ་བརྩེགས་པ་གང་གིས་དུས་ཚོད་ཀྱི་སྦི་རག་དེ་རིང་གི་གཟའ་མཇུག་ལ་དབུལ་ངེས།
མཚན་མོའི་ཟླ་འོད་འོག་འཁྱིལ་བའི་སྒྱིད་ལུག་གི་སྒོར་གཞས་ལས་སྐོར་བྲོའི་བབ་ཅོལ་ཞིག ནས་ཆང་དང་སྦི་རག་གི་དམ་བུ་འགའི་མགུལ་དུ་ནམ་མཁའ་ཞིག་གི་ཆེ་ཆུང་རིམ་གྱིན་རྒྱལ་མོ་རྔུལ་ཆུའི་རུས་རྐང་གི་སྦུགས་སུ་བཞུར་གྱིན་གདའ། དེའང་དུས་ཚོད་ཀྱིས་བཟོས་བའི་རྩེད་ཆས་རྐྱང་རྐྱང་དུ་འདོད་པ་རྟོགས་ལྡན་གང་གི་རྐང་ལག་གིས་ཁེབས་པའི་སའི་གོ་ལའི་རྒྱ་ཁྱོན་དེའོ། དེ་བས། རྨི་ལམ་གྱི་རྐང་ལག་དང་ཁ་སྣ་སོགས་ལས་དུས་ཚོད་ཀྱི་མིག་ཟུང་ཞིག ད་ལྟ་སྨྱོན་པའི་སྨྱུག་རྩེ་རུ་འཕུར་ལྡིང་གིས་རྩེན།
ས་སྲུབས་ཤིག་ཏུ་འཁྲུངས་བའི་ཆུ་མིག ནམ་མཁའ་ཐེད་པོ་དེ་ལས་ལྷོག་ལྷོག་གིས་དྲན་པ་ཞིག་གི་མཁུར་ཚོས་ལས་ཤང་ཤང་གིས་བཞུར། ཨོང་ཤ་ཞིག་གི་ཨོང་སྟེགས་སུ་གྱུར་བའི་ད་བྱིད་ཀྱི་ཐོད་པར་གཉེར་མ་དང་ངན་སེམས་གཉིས་ལྷན་དུ་འདྲེས་པའི་ཁྲོམ་པ་ཆུང་ཆུང་འདི་ལ་ལྗང་མྱུག་གི་མིད་པ་གྲང་རླུང་སྐམ་པོ་ཞིག་གི་སྐེད་པར་རལ་བར་གྱུར་ཞིང་། ཁྲོམ་སྲང་གི་ནང་མ་ཁང་དེ་ལས་རྒྱུགས་ཐོན་པའི་རླངས་པ་དང་། ཁ་མིག་སོགས་ལས་ཅི་ཞིག་གིས་ཆེད་བཀོད་ཀྱི་བཀྲ་ཤིས་པའི་བདུད་རྩི་མངར་མོ། གང་དྲན་དྲན་གྱིས་སེམས་ཅན་དང་ལྡན་པ་དང་མི་ལྡན་པ་དག་གི་སྤྱི་གཙུག་གི་ཁྲག་ཁུག་བརྒྱུད་ལྟོ་བ་ཡི་དཀྱིལ་དབུས་སུ་བག་ཕེབས་ཀྱིས་སྨིན། སེམས་པ་ཞིག་གི་ལོ་རྒྱུས་དང་རྩམ་དྲི། རྐང་རྗེས་དང་དཔལ་ཡོན་གྱི་རྫིག་ཉམས་མིག་ཟུང་ལྡོག་པོ་རེའི་མདུན་དུ་སྤྲིན་པ་ལེབ་མོ་ཞིག་གི་རྔ་མར་འཐམ་སྟེ། གཉིད་སྐྱིད་པོའི་རྨི་ལམ་ཐུང་ཐུང་ཞིག་གི་རིམ་དུ་ཧུར་ཧུར་གྱིས་འཚོ། དེ་བས། ཡོད་ཚད་ཀྱི་ཡོད་ཚད་ལའང་བཀྲ་ཤིས་པའི་མདུད་པ་བརྟན་པོ་ཞིག་དུས་ཚོད་ལྟར་རྒྱག་དགོས་བྱུང་།