དོན་འགྲུབ་བཀྲ་ཤིས།
གངས་དང་གངས་ཆུའི་མཛེས་ལྗོངས་བདག་གིར་བྱས།།
ཚེ་དང་སྲོག་གིས་ཆོས་དང་རིག་གནས་བསྐྲུན།།
བྱམས་དང་བརྩེ་བས་བཞེངས་པའི་འཇིག་རྟེན་འདི།།
ང་ཡི་མེས་པོ་དམ་པའི་ཞབས་རྗེས་ཤིག།
དམར་ཡག་སྟག་དང་འདྲ་བའི་དཔའ་རྩལ་གྱིས།།
གནམ་བསྐོས་གོང་མའི་སྙིང་གི་རྩ་བསྐུལ་ཏེ།།
ཕྱི་སས་རི་མོ་བྲིས་པའི་གཡུལ་འགྱེད་དེ།།
ང་ཡི་མེས་པོ་དམ་པའི་ཀི་སྒྲ་ཡིན།།
དེང་གི་ཚན་རིག་འཕྲུལ་ལ་མ་བརྟེན་པར།།
རང་བྱུང་སྐྱེ་དངོས་གཙང་མའི་སྡེབ་སྦྱོར་གྱིས།།
ཉམ་ཆུང་ཚེ་སྲོག་མཐུད་པའི་བདུད་རྩིའི་སྨན།།
ང་ཡི་མེས་པོ་དམ་པའི་བྱམས་བརྩེ་ཡིན།།
ད་ལྟའི་མི་ལས་ཅུང་ཟད་གུ་དོག་ཀྱང་།།
རྒྱུ་དང་འབྱོར་པས་ཁ་ཕྱོགས་བསྒྱུར་མི་ཐུབ།།
སྲོག་གི་ཕྱིར་ཡང་རང་ཚུགས་མི་གཏོང་བ།།
ང་ཡི་མེས་པོ་ཅི་འདྲའི་བརྟན་ཚུགས་ཅན།།
ཕ་མ་རྒས་ན་བྱམས་བརྩེས་ལྷག་ཏུ་སྐྱོང་།།
ཡུན་རིང་འདྲིས་པའི་གྲོགས་ལ་ཕྱི་ཐག་རིང་།།
བཟང་ལན་ངན་གྱིས་མཇལ་བ་མི་སྲིད་པ།།
ང་ཡི་མེས་པོ་ཅི་འདྲའི་མི་གཞི་ཅན།།
མཐོ་དམན་སྲོག་ཆགས་ཀུན་གྱི་བདེ་སྡུག་ལ།།
རང་གི་ལུས་དང་སེམས་ལ་དཔེ་བླངས་ནས།།
གནོད་པའི་བསམ་སྦྱོར་ངང་གིས་སྤོང་བ་འདི།།
ང་ཡི་མེས་པོ་དམ་པའི་ཀུན་སྤྱོད་ཅིག །
ལུས་ལ་བོད་ཆས་གྱོན་ན་བཙོག་སྣང་འཆར།།
ངག་ནས་བོད་སྐད་བཤད་ན་ངོ་ཚ་སྙམ།།
སེམས་པ་བོད་ལ་དུངས་པའི་སྤོབས་པ་མེད།།
ང་ཚོའི་ངོ་གདོང་མེས་པོའི་ཞབས་འདྲེན་རེད།།
ཕ་མ་དྲིན་ཆེན་མཐོང་ན་སུན་སྣང་སྐྱེ།།
དགེ་རྒན་དམ་པ་མཐོང་ན་མགོ་མི་སྒུར།།
རྒྱ་སྐད་མིན་པ་མྱི་སྐད་མི་གོ་ཟེར།།
ང་ཚོའི་ངོ་གདོང་མེས་པོའི་རྐང་འདྲེན་རེད།།
བོད་སྐད་བརྗེད་ནས་བོད་གཤིས་འགྱུར་སོང་ན།།
སློབ་གྲྭ་འགྲིམས་པའི་གཟི་བརྗིད་ཡིན་སྣང་འཆར།།
རྒྱ་གཤིས་མ་གཏོགས་མྱི་གཤིས་མི་དགོས་ཟེར།།
མདོར་ན་ང་ཚོ་ཅི་འདྲའི་ཅོལ་ཆུང་ཞིག །
བསམ་བློ་ལེགས་ཤིང་ཀུན་སྤྱོད་བབ་ཆགས་ཀྱི།།
མཁས་པ་ཤེས་རབ་མིག་དང་ལྡན་པ་ལས།།
བླུན་པོ་ལང་ཚོ་ཅན་ལ་རྩི་མཐོང་ཆེ།།
ད་ལྟའི་བོད་འདི་ཅི་འདྲའི་གླེན་པ་ཞིག །
ཁ་ནས་ལབ་རྒྱག་བྱེད་ལ་མཁས་ན་ཡང་།།
ལག་པས་མི་རིགས་ལས་དོན་སྒྲུབ་མི་ཤེས།།
སྨྱུ་གུའི་རྩེ་མོས་སྤུན་ཟླའི་མཐུན་སྒྲིལ་བརླག །
ད་ལྟའི་བོད་འདི་ཅི་འདྲའི་རྗེས་ལུས་ཤིག །