ཚེ་རིང་།
ན་ཚོད་ཀྱི་མགོ་བོ་ཡུན་གྱིས་འདེགས་དུས
ཉི་མ་ནི་ངའི་ཚེ་སྲོག་བཞིན
ཏག་ཏག་ནམ་མཁའི་དཀྱིལ་ལ་སླེབས་འདུག
ཨུ་ཚུགས་ཀྱིས་འཚོ་བའི་གོ་རིམ་འགྲིམ་སྐབས
བར་སྟོངས་ནི་ནམ་ཡང་བར་སྟོངས་དེ་
ཁ་གསེབ་མེད་པ་ནི་དུས་ཚོད་ཀྱི་གྱོང་གུན་ཁོ་ན་རེད
མི་ཚེ་ཐོག་མ་ནས་དེ་ལྟར་གོ་རིམ་མེད་པར་གྱུར་ཟིན་པས
ང་ལ་གོ་རིམ་ལྡན་པའི་འགྲུལ་བཞུད་ཅི་ཡང་མེད
དུས་རབས་ཀྱི་ཆུ་མོའི་བཞུར་ངོགས་སུ
རང་ཉིད་ཀྱི་བརྙན་གཟུགས་མཐོང་བའི་སྐྱེས་ཆེན་དེས
རྟག་ཏུ་ཕྱེས་བཞིན་པའི་གླེགས་བམ་མཐུག་པོའི་ཞལ་ཁ
ཉིན་དེར་མིག་ཆུས་བརླན་སོང་ཟེར
སྐབས་དེ་ནས་བཟུང
ཁོང་གི་སྙན་ངག་གི་དབུ་འཕང་དམའ་རུ་སོང་ཞིང
གདངས་ཀྱང་རབ་རིབ་ཏུ་གྱུར་སོང་སྐད
ཟླ་འོད་ཀྱི་མིག་ཆུ་སྐྱོ་བའི་གདངས་ཀྱིས་འབབ་ཅིང
བསིལ་རླུང་གི་རྒྱུ་བ་བརྩེ་བའི་མདངས་ཀྱིས་བཞུར་དུས
ངས་མི་ཚེའི་ཚུགས་མལ་དེར་གྱེར་རྒྱུའི་སྙན་ངག
ད་ལྟ་ནས་རུམ་ལ་བཅུག་སྟེ
ཉི་མ་ནུབ་ཁའི་ཕྱོགས་དེར་ཁ་འཁོར་ནས་བསྡད་ཡོད
2014/4/13