སྐྱོ་བྲག་དགའ་དབང་།
གློ་བ་ནང་དུ་ཆུ་ཤོར་བ་ལྟ་བུའི་འཇམ་ལུ་བྱེད་ཅིང་ལྷག་ཏུ་ཞོགས་དགོང་དང་ཟུར་ཉལ་སྐབས་ན་ཤུགས་ཆེར་ལུ་བ་ཞིག་ན་ནས་ཟླ་བ་གཉིས་ཡས་མས་སོང་ནའང་དྲག་སྐྱེད་མ་བྱུང་བས། གློ་ནད་ཚབས་ཆེན་ཞིག་ཡོད་ནའང་ཅི་ཤེས་སྙམ་ནས། འབྲས་ལྗོངས་མངའ་སྡེའི་རྒྱལ་ས་སྒང་ཏོག་ཏུ་ཡོད་པའི་སྨན་ཁང་མ་ཎི་པལ་བྱ་བ། མངའ་སྡེ་འདིའི་སྨན་ཁང་ཡག་ཤོས་དེ་ཡིན་མིན་ཅི་ཤེས་ཏེ། ཆེ་ཤོས་དེ་ཡིན་ངེས་པ་ཞིག་ཡོད་པ་དེར་སོང་སྟེ། སྤྱི་ལོ་༢༠༡༤ ཟླ་༣ ཚེས་༢༦ ཉིན་ཁྲག་དང་གཅིན་པ་གློག་པར་སོགས་ཀྱི་རྒྱུད་ནས་མགོ་ལུས་ཡོངས་ལ་བརྟགས་དཔྱད་བགྱིས་པའི་ཤོག་ཛར་དག །ཕྱི་ཉིན་གྱི་སྔ་དྲོར་ཐ་མའི་ཐག་གཅོད་བྱ་མཁན་གྱི་སྨན་པ་ཆེ་ཆུང་ཡིན་པའི་བུད་མེད་རྒས་གཞོན་གཉིས་བདོག་པའི་ཆུང་བའི་སར་ཁུར་བ་ན། ཁྱོད་ལ་གཞན་པའི་ན་ཚ་ཅི་ཡང་མེད་ནའང་། ཁྲག་གི་ནང་དུ་ཞག་རྩི་ཕྲན་བུ་གདའ་བས་ཁྱོད་ཀྱིས་རྗེས་མར་སྣུམ་རྩིའི་རིགས་ཟ་འཐུང་ཉུང་ངུར་བྱ་བ་དང་། ཆང་འཐུང་བ་ཉུང་དུ་ཐོངས། ཟེར། སྨན་པ་ཆེ་བའི་སར་ཁུར་བ་ནའང་། ཁྲག་གི་ནང་དུ་ཞག་རྩི་ཕྲན་བུ་འདུག་པས་སྣུམ་རྩིའི་ཟས་རིགས་ཉུང་དུ་གཏོང་བ་ཙམ་ལས་གཞན་པའི་ཟས་སྤྱོད་སྨན་དཔྱད་འདི་དགོས་བསམ་པ་ཅི་ཡང་མི་གདའ་ཟེར།
སྨན་པ་ཆུང་བ་བུད་མེད་གཞོན་པ་དེས། ཆང་འཐུང་བ་ཉུང་དུ་ཐོངས། ཟེར་བ་ན། རོགས་པ་ཚོས། ཁྱོས་མི་སྔུན་ནས་ཆང་མི་འཐུང་བ་ཙམ་ལས་ལྐོག་ཏུ་འཐུང་ཡོད་པ་སྨན་པས་གསལ་བཤད་གནང་སོང། ཞེས་རྩེད་མོ་ཟེར་ཞོར་དགོད་ཀྱི་གདའ། རང་ཡང་སེམས་ཚ་ཟིང་ངེ་བས་ཁོང་ཁྲོ་ལང་གྲབས་འདྲ་བྱས་བྱུང་། ཅིའི་ཕྱིར་ཞེ་ན། ངའི་མི་ཚེ་འདིར། ཕོ་ལོ་བཅུ་ལྔ་དྲུག་ཙམ་ཡིན་སྐབས། སྙན་གྲགས་ཟེར་བའི་ཕོ་སར་ཕྱུགས་རྫིའི་རོགས་པ་འཆམ་པོ་ཞིག་ཡོད་པ་དེས། ལུས་པོ་སྦྲིད་དགོས་པའི་ཆང་ཐེངས་གསུམ་བླུད་མྱོང་བའི་ཐོག་མ་ནི་ཇག་ལྡི་མདའ་སྙིང་ཆུ་ཁ་ན་རྡོ་རྐོ་བཞིན་ཡོད་པ་ན་ཁོང་བསླེབས་ཏེ་ཆང་འཐུང་རོགས་དགོས་རབས་ཀྱིས་བླུད་ཅིང་། བར་པ་ནི་འབྲི་བྱེད་གྲོང་ནས་མི་གཞན་པ་ལ་འཁྲུགས་པ་རྒྱག་དགོས་རབས་ཀྱིས་དང་། ཐ་མ་ནི་དཔལ་བོ་ཁ་ནས་དབྱར་རྩ་དགུན་འབུ་རྐོ་གདོང་འུར་འགྲོགས་ཀྱིས་བླུད་པ་རེད། ཐ་མའི་སྐབས་སུ་ཕོ་བ་ན་ནས་ཁྲག་བཤལ་སྐྱུག་གིས་ཉིན་ཤས་དཀའ་ཁག་ཆེ་ཙམ་བྱུང་ཞིང་། དེ་རྟིང་ཚོགས་ཆང་ལ་ཡང་ལྕེ་རྩེ་ཐུག་ཙམ་བྱ་བ་ལས་མིད་པར་སོང་ན་སྐྱུག་ཡོང་བའི་མི་འཕྲོད་པ་ཆེན་པོས་འཆང་འཐུང་མྱོང་མེད།
འོན་ཏེ་ཞིབ་ཏུ་བསམ་ན། ཁྲག་གི་ནང་དུ་ཞག་རྩི་ཡོང་བ་ཆང་གིས་ཀྱང་བྱེད་ཅིང་། ལུང་པ་འདིའི་ནང་དུ་ཡོད་པའི་གྲྭ་པ་ངའི་ལོ་ཚོད་ཙམ་ན་ནས་ཡོང་བ་ཕལ་མོ་ཆེ་ཆང་ནད་ཅན་ཡིན་པས་མོ་ལ་ཡང་ཁག་མེད་པ་རེད། ཆང་ནི་བོད་རིགས་ཚོས་འཐུང་བའི་ལོ་རྒྱུས་དང་གོམས་སྲོལ་ཡོད་པ་ཆེས་མང་ལ། རོང་མཚམས་རྣམས་ནི་རྒྱུན་ལྡན་འཐུང་བའི་བཏུང་བ་ཞིག་ཏུ་གྱུར་ཡོད་དོ། །
ཆང་།
འཐུང་ཤེས་ན་སྨན་རེད།
འཐུང་མ་ཤེས་ན་དུག་རེད།
ཟེར་སྲོལ་ཡོད།
ཐང་འཐུང་ཤེས་ན། བདུད་རྩི་རེད། འཐུང་མ་ཤེས་༼མང་དྲགས་ན་༽ན་དུག་རེད། ཟེར་སྲོལ་ཡང་ཡོད།
ཡང་།
ཤ་དེ། སྙིང་རྗེ་ཅན་གྱིས་ཟ།
ཆང་དེ། ཤེས་རབ་ཅན་གྱིས་འཐུང་།
གསུང་སྲོལ་ཡང་འདུག
སྟོན་པས། དགེ་སློང་དག་ལ།
རྩྭ་ཡི་ཟིལ་པ་ཙམ་ཡང་འཐུང་མི་བྱ། །
ཞེས་གསུངས་སོ།། །།