འབའ་སྲས།
འདོད་ཆགས་ཞེ་སྡང་སྤང་བར་བྱ་འོ་ཞེས།།
གནའ་ནས་དེ་རིང་བར་དུ་བཤད་ན་ཡང་།།
སུ་དང་གང་གིས་མ་སྤངས་རང་རྒྱུད་དུ།།
དམ་དུ་བསྲུངས་པ་འདི་ཡང་རིགས་ཤིང་འོས།།
འདོད་པ་མེད་ན་རང་དོན་ཇི་ལྟར་བསྒྲུབ།།
ཆགས་པ་སྤངས་ཚེ་རྗེས་སུ་ཅི་ཞིག་འཛིན།།
ཞེ་སྡང་བོར་ན་དགྲ་ལ་ཇི་ལྟར་རྒོལ།།
འདོད་ཆགས་ཞེ་སྡང་སྤངས་ན་ག་ལ་རིགས།།
འདོད་པ་མེད་པའི་འཁོར་བ་སུ་ཡིས་ནུས།།
ཆགས་པ་མེད་པའི་སྐྱོབ་པོ་སུ་ཞིག་མཆིས།།
སྡང་བ་མེད་པའི་དཔའ་བོ་སུ་ཞིག་ཡིན།།
འདོད་ཆགས་ཞེ་སྡང་སྲོག་གི་དབུགས་དང་འདྲ།།
འདོད་པའི་མཐར་ཐུག་བཙལ་ན་ཆགས་པ་དང་།།
ཆགས་པའི་སྙིང་བོ་བསློག་ན་འདོད་པ་སྟེ།།
ཆགས་དང་འདོད་པའི་གསེབ་ན་ཞེ་སྡང་གནས།།
འདི་གསུམ་བྲལ་ཚེ་མི་ནི་རོ་དང་མཚུངས།།
འདོད་དང་ཆགས་པ་མེད་ན་སྒྱིད་ལུག་དང་།།
ཞེ་སྡང་ཁོང་ཁྲོ་མེད་ན་ཞུམ་པ་སྟེ།།
མི་ཡི་གཤེད་མ་བརྩི་ན་འདི་དག་ལས།།
འདོད་ཆགས་ཞེ་སྡང་གསུམ་ནི་ག་ལ་ཡིན།།
འདོད་ཆགས་ཞེ་སྡང་དུག་ཏུ་སྦྱར་ན་ཡང་།།
མི་ཚེ་དོན་ལྡན་སྐྱེལ་ལ་སྦྲང་རྩི་འདྲ།།
སྦྲང་རྩི་འདི་ཡི་རོ་དང་མི་ལྡན་པ།།
མི་གཟུགས་ཙམ་ལས་བླ་སྲོག་ཆད་པ་ཉིད།།
ལྟོས་དང་འདོད་པས་བདེ་ལ་དབང་བསྒྱུར་ཅིང་།།
ཆགས་པས་གཞན་དག་རྗེས་སུ་འཛིན་པར་བྱེད།།
སྡང་བས་དགྲ་དག་བཏུལ་ཏེ་གཉེན་རྣམས་སྐྱོང་།།
འདི་ཡང་སྤང་བྱར་གསུངས་ན་སུ་ཞིག་རློམ།།
མི་ལ་རས་པ་སྡང་བས་གྲོང་སྡེ་བཅོམ།།
དགེ་འདུན་ཆོས་འཕེལ་ཆགས་པས་སྡོམ་པ་དོར།།
འབྲུག་པ་ཀུན་ལེགས་འདོད་པས་འཁོར་བ་ཉུལ།།
སྐྱེས་བུ་དམ་པ་མ་རེད་སུ་ཡིས་བརྗོད།།
སོ་ཕྲེང་ཅན་གྱིས་ཨ་མ་ཅི་ལ་བསད།།
རྗེ་ཙོང་ཁ་བས་ཨ་མ་ཅི་ལ་བརྗེད།།
དྲང་སྲོང་སྒུར་བས་ཨ་མ་ཅི་ལ་སྤྱུགས།།
ཉོན་མོངས་དབང་དུ་གྱུར་ཅེས་སུ་ཡིས་བསྒྲོགས།།
འདོད་ཆགས་ཞེ་སྡང་དབང་དུ་མ་གྱུར་བའི།།
མཁས་པ་དྲང་སྲོང་དམ་པ་རྒྱལ་བ་དག །
མེད་ན་ཅིའི་ཕྱིར་འཁོར་བར་གནས་པའི་མིས།།
འདོད་ཆགས་ཞེ་སྡང་སྤང་བྱར་གང་ལ་ཐུག །
དུག་གསུམ་སྤང་བྱ་ཡིན་ཀྱང་སྤོང་བར་དཀའ།།
དུག་གསུམ་མ་སྤང་འཁོར་བར་འཁྱམས་པ་ཡིན།།
འཁོར་བ་ཁབ་ཀྱི་རྩེ་མོ་ཙམ་དུ་ཡང།།
བདེ་བ་ཡོད་པ་མ་ཡིན་སུས་ཀྱང་ཤེས།
འོན་ཀྱང་ཤེས་བཞིན་སྡུག་བསྔལ་མེ་དཔུང་ལ།
མཆོང་བའི་སྐྱེ་བོ་རྣམས་ནི་འོད་དགའ་བའི།
ཕྱེ་མ་ལེབ་བཞིན་རང་སྡུག་རང་གིས་ཉོས།
ད་དུང་བདེ་བར་འཛིན་འདི་འཁྲུལ་བའི་སྐྱོན།
ཕན་སེམས་དགེ་སེམས་སྤང་བྱ་དང་། །
འདོད་ཆགས་ཞེ་སྡང་བླང་བྱ་ཨེ། །
འདོད་ཆགས་སྤང་བྱ་ཡིན་ཡང་། །
འཁྲིག་སྤྱོད་སྤང་བྱ་མིན། །
འཁོན་འཛིན་སྤང་བྱ་ཡིནད་ཀྱང་། །
ཁོང་ཁྲོ་སྤང་བྱ་མིན། །
བླ་གྲྭ་སྡོམ་བཅའ་ཅན་གྱིས་སྤངས་ལེན་ལས།།
གདམ་པ་གཞན་མགོར་སྐོན་པ་མ་ཤེས་རྨོངས།།
དུག་གསུམ་དོར་བའི་སེམས་རིམ་གཙང་མ་ན།།
བདུད་རྩི་སྙིང་བོར་གནས་བའི་དག་ཞིང་ཞིག།
འདོད་པའི་ཕར་ན་སྦྱིན་པའི་གནང་སྦྱིན་ཡོད།
ཆགས་པའི་ལོགས་ན་བརྩེ་བའི་འགྲོ་ཕན་ཡོད།
ཞེ་སྡང་མེད་ན་བྱམས་བའི་སྙིང་རྗེ་ཡོད།
འཁོར་བར་འགྲིམ་པོ་དག་ལ་མེད་མི་རུང་།།
དུག་གསུམ་དུག་དུ་མི་མཐོང་དུག་རྒྱུ་ལ།།
འཁོར་བ་དུག་གི་རྒྱ་མཚོར་གནས་བ་ན།
དུག་གི་སྡོང་པོ་གང་ས་གང་ནས་འབུས།།
དུག་གསུམ་དག་པའི་ལས་དང་སྨོན་ལམ་བྲལ།།