སྐྱོ་བྲག་དགའ་དབང་།
ཁོ་བོའི་གྲོགས་མཆེད་དམ་པས་གཞུང་རིག་ཕལ་མོ་ཆེར་སྦྱོང་བརྩོན་དང་སློབ་ཁྲིད་བྱ་མྱོང་ཡོད་མོད། སྐུ་ཚེ་ཕལ་མོ་ཆེ་ནི་བསྟན་འགྲོའི་ལས་ཀའི་ཆེད་དུ་སོང་བ་སྟེ། རང་གཞུང་གཙོ་བོར་བྱས་པའི་གཞུང་རིག་གཏོས་ཆེ་བའི་པར་སྐྲུན་དང་འགྲེམ་སྤེལ། སྒྲུབ་གནས་བྱིན་ཆེན་དང་དགོན་སྡེའི་གནས་བབས་བརྙན་པར་ལེན་སྒྲིག་དང་འགྲེམ་སྤེལ་གྱིས་རྣམ་ཀུན་བྲེལ་བཞིན་ཡོད་ཅིང་། རྒྱུན་གྱི་ལས་བྱ་གཙོ་བོ་ཞིག་ནི་རྒས་འཁོགས་བདག་མེད་བརྒྱ་ཕྲག་ཡས་མས་ཤིག་གསོ་སྐྱོང་དང་ནད་གཡོག །ཤིད་ལས་དགེ་སྒྲུབ་བྱེད་པ་དག་ཡིན། རྒས་འཁོགས་རེ་ཤི་འགྲོ་བ་ན། འཛམ་གླིང་གང་སར་གནས་པའི་བླ་མ་ཆེ་གེ་མོའི་མིང་ཅན་དག་ལ་བསྔོ་ཞུས་སྙན་ཐེབས་སོགས་དགེ་ལས་ཅི་འཇོན་གང་འཇོན་བྱེད་ཀྱིན་ཡོད་མོད། ད་ཐེངས་ཁོང་ལ་བློ་གྲོས་གསར་པ་ཞིག་རྙེད་པ་ནི་རྒས་འཁོགས་དག་མ་ཤི་བའི་སྔོན་དུ་ཤི་དགེ་གསོན་རིམ་སོ་སོར་སྒྲུབ་བཅུག་པ་སྟེ། ཤེས་བྱ་ཀུན་ཁྱབ་ལས། དངོས་ཀྱིས་བྱིན་བརླབས་སངས་རྒྱས་ཉིད་དང་མཚུངས། །ཞེས་པའི་ཇོ་བོ་ཡིད་བཞིན་ནོར་བུ་དབུས་ཉི་མ་ལྷ་སར་བཞུགས་པ་མཇལ་དུ་ཁྲིད་འགྲོ་སྙམ་པ་དེ་རེད། ཁོང་གིས་རྒས་འཁོགས་རྣམས་ཁྲིད་ནས་འགྲོ་འཆར་ལ་ཅི་དགེ་གང་ལེགས་ཀྱི་ལམ་སྟོན་ཞིག་ཡོད་པ་གསུངས་པར། ངའི་ཡིད་ལ་འཁོར་བ་ནི་འདི་དག་ཡིན།
གང་ཕྱིར་འགྲོ་བ། གཞན་ཞིག་ལ་རེ་ལྟོས་བྱ་འདུག་མ་དགོས་པར། རང་གི་འདི་ཕྱིའི་བདེ་དོན་རང་གིས་སྒྲུབ་པའི་ཐབས་མཆོག་འཚོལ་བའི་ཆེད་དུ་ཡིན།
གང་དུ་འགྲོ་བ། གཙོ་བོ་ལྷ་ས་ཡིན་པ་གཞིར་བཅས་ད་དུང་གལ་ཆེ་བ་དང་འདོད་མོས་ཡོད་པ་གང་དང་གང་དུ་འགྲོ་བ་ཐོག་མ་ནས་ཐག་ཆོད་དགོས།
གང་ནས་འགྲོ་བ། ང་ཚོའི་ཕ་ཡུལ་ནས་ལྷ་སར་འགྲོ་བའི་ལམ་མ་འདྲ་བ་ཁ་ཤས་ཡོད་པ་ལས། ལམ་གང་ཞིག་ནས་སོང་ན་སྟབས་བདེ་བ་དང་ཐག་ཉེ་བ་ཡོད་པ་དང་། ལྷག་པར་གང་ཞིག་ནས་སོང་ན་ཞོར་དུ་གནས་རྟེན་བྱིན་ཆེན་དག་མཇལ་ཐུབ་པ་དེ་གདམས་དགོས་པ་ཡིན།
གང་གིས་འགྲོ་བ། གནམ་གྲུར་རྒས་འཁོགས་རྣམས་འགྲོ་དགོས་ན་གང་ཅིའི་དཀའ་ངལ་ཆེ་ངེས་ཤིང་། མེ་འཁོར་ལ་ནི་དུས་ཐོག་འཛུལ་ཐོན་བྱེད་ཐུབ་པ་ཁག་པོ་རེད་འདུག །སྟབས་བདེ་ཤོས་དང་རང་དབང་ཡོད་པ་ནི་འགྲུལ་སྐྱེལ་རླངས་འཁོར་གླ་བ་དེ་རེད།
གང་དུས་འགྲོ་བ། ནམ་དུས་བཟང་ལ་ལས་མཚམས་ཆོད་པའི་དུས་ཚོད་སྟོན་ཀ་ཡག་ཤོས་ཡིན་པར་སྙམ།
གང་ཙམ་འགྲོ་བ། འགྲོ་ཐུབ་པའི་རྒས་འཁོགས་ཀྱི་གྲངས་དང་རང་གི་རྒྱུ་འབྱོར་ལ་བལྟས་ནས་ཚོད་འཛིན་བྱེད་དགོས་པ་ཡིན།
གང་ཞིག་དགོས་པ། འགྲོ་གྲོན་འདེང་ངེས་ཀྱི་སྒོར་མོ་ཡོད་ཐོག །རྒས་འཁོགས་རྣམས་ནི་ནད་རོ་ཤི་རན་དུ་ཡོད་པ་རྐྱང་ཡིན་ཕྱིར། རོགས་པ་བྱ་མཁན་གྱི་ན་གཞོན་ཕོ་མོ། ན་ན་བཅོས་མཁན་གྱི་སྨན་པ། ཤི་ན་ལམ་མཁན་གྱི་བླ་མ་སོགས་མཉམ་དུ་ཡོད་པ་དང་། མི་ཚེའི་གོམས་ལོབ་ཡིན་པའི་ཤ་མར་ཇ་རྩམ་གང་འཚམ་གྲ་སྒྲིག །དུས་ཡུན་རིང་ཙམ་འགོར་ངེས་པས་ན་ནུས་ཚོད་ཀྱི་གྱོན་གོས་གསར་བརྗེ། གང་དུ་ག་རེ་ལུས་ཡོང་མི་ཤེས་པས་ཉལ་ཆས་སྟབས་བདེ་འགའ་ཡང་ཡོད་པ་སོགས་བྱ་དགོས །
གང་ཞིག་བྱ་བ། གྲོགས་པོས་ལྷག་བསམ་རྣམ་དག་ཡིན་མོད། དིང་སང་རྙོག་སྒྲ་ཆེ་བ་དང་། ཉེས་འཛུགས་བྱ་མཁན་མང་བས་ན། ཐོག་མ་ནས་ཕྱོགས་ཀུན་ལ་རྟོག་ཞིབ་ཀྱིས་རྙོག་གླེང་རང་སྟེང་ཏུ་མི་ལྷུང་བའི་གན་རྒྱ་འཇོག་པ་དང་། གནས་མཇལ་དུ་བསྐྱོད་པ་ན་ཀུན་སློང་དང་བསྔོ་སྨོན་ཇི་ལྟར་བྱ་དགོས་པའི་སློབ་སྟོན་ཞིབ་ནན་བྱེད་པ། ལམ་ནས་འགག་སྲུང་བར་སྟོན་བྱའི་ཡིག་ཆ་ཡོད་མེད་ཞིབ་བཤེར། ལྷ་ས་ལྟ་བུ་དུས་ཡུན་གང་འཚམ་སྡོད་དགོས་པ་རྣམས་སུ་མགྲོན་ཁང་མངགས་ཆ། ལམ་དུ་ཆས་པ་ན་རྒས་པའི་ལུས་ཁམས་དང་མཐུན་པ་ཞོགས་པ་སྔ་བོ་ཐེག་ནས་ཕྱི་དྲོ་སྔ་བོར་བསྡད་པས་ཇ་ལྷོད་འཐུང་གི་དུས་ཚོད་ཡོད་པ། རང་རང་སོ་སོར་སྒོར་མོ་གང་ཡོད་བསྡུ་རུབ་ཀྱིས་ཇོ་བོ་སོགས་ལ་ཞལ་གསེར་དང་མཆོད་མེ་ཚོགས་འཁོར་སོགས་བྱས་ན་འབྱོར་བའི་སྙིང་པོ་བླངས་པ་ཡིན་ནོ། །
འདི་དག་ནི་བསམ་པའི་རྒྱབ་སྐྱོར་ཡོད་པ་མཚོན་བྱེད་ཙམ་དུ་ཞུས་པ་ཡིན་ལ། བློ་ངོར་ཤར་བ་དང་ལག་ལེན་བྱས་པའི་གནས་ཚུལ་མི་འདྲ་བས་ན་གང་འགབ་སྐབས་དང་བསྟུན་ནས་བྱ་ཤེས་པར་མཛོད་ཅིག །
སྨོན་པ། བསམ་པ་བཟང་པོས་དྲིན་ཆེན་ཕ་མ་ལ། །འདི་དང་ཕྱི་མའི་ཕན་བདེ་འབྱུང་བའི་གཞི། །སྟོན་པའི་ཞལ་ཚབ་མཇལ་བའི་ལེགས་བྱས་དག །གེགས་མེད་ཡིད་བཞིན་འགྲུབ་པའི་བཀྲ་ཤིས་ཤོག །
ད་སྐུ་མཁྱེན་གསུང་མཁྱེན། ལྷ་སར་སོང་ནས་དགེ་རྩ་ཞིག་མི་འགྲུབ་པ་བརྒྱ་ཆ་བརྒྱ་རེད། ལྟ་སྐོར་ལྗོངས་རྒྱུ་འདྲ་ཡིན་ན་ནི་དགག་བྱ་ཅི་ཡོད། དེ་ལས་ནི་མདོ་ཁམས་ཕྱོགས་སུ་འཆད་ཉན་རྣམ་དག་ཡོད་པའི་དགེ་དུན་པའི་སྡེ་རེ་ལ་བཅར་ནས་མང་ཇ་རེ་ཙམ་བས1བསྐོལ་ཐུབ་ན་དགེ་རྩ་ངོ་མ་རེད། ལྷ་ས་ནི་ཚོང་དང་། ཆབ་སྲིད་བསྒྲུབ་ས་ཞིག་རེད་མ་གཏོགས་འདི་མཇལ་ནས་ཐར་བའི་ས་བོན་བསྐྲུན་པའི་རྒྱུ་མཚན་ཞིག་མཐོང་གི་མི་འདུག ལྷ་ས་མཇལ་ནས་དགེ་བ་བསྒྲུབ་ཟེར་བ་དེ་ནི་རྒྱུ་ཚེགས་འཕྲོ་བརླགས་ངོ་མ་རེད།
ཆོས་གཞུང་ལ་ཆེད་སྦྱོང་མ་བྱས་པའི་མིས་ལྷ་ས་མཇལ་བ་དགེ་རྩར་རློམ་པར་ཁག་མེད། ཡིན་ན་ཡང་། ཁྱེད་ཀྱི་གྲོགས་པོ་གཞུང་ཆེན་འཆད་ཉན་བྱས་མྱོང་མཁན་ཞིག་གིས་འདི་ལྟར་རྒས་འཁོགས་ཚོའི་རྒྱུ་ཚེགས་འཕྲོ་བརླགས་ཀྱི་ལམ་ལོག་མི་སྟོན་པ་གལ་ཆེན་པོ་རེད།