–ལོ་མ་རྒྱལ།
༼གཅིག༽
སྟོན་འཇུག་ས་ལ་ལྷུང་ན་ཡང་།།
དཔྱིད་རླུང་ལྡང་དུས་སླར་ནས་སྐྱེས།།
དབྱར་གྱི་ལོ་མ་ལྗང་ན་ཡང་།།
སྟོན་ལ་སླེབས་དུས་སེར་ལ་འགྱུར།།
༼གཉིས།༽
ལོ་མའི་སྟེང་གི་ས་ཁྲ་དེ།།
ལྗང་གུར་བགྲོད་པའི་ལམ་ཡིག་ཡིན།།
ལོ་མའི་འདབས་ཀྱི་བསིལ་བ་ནི།།
སིམ་པ་སྟེར་བའི་བདེ་བ་ཉིད།།
༼གསུམ།༽
བསིལ་རླུང་ལོ་མའི་གསེང་ལ་ལྡང་།།
འཁྱུག་པའི་ལོ་མས་གླུ་དབྱངས་ལེན།།
ལྗོན་པའི་ཕང་གི་གླིང་བུའི་སྒྲ།།
ལྷན་སྡེབ་བྱུང་ན་སྙན་པ་ལ།།
༼བཞི༽
ལོ་མ་འགུལ་བའི་གར་སྟབས་ཀྱིས།།
བྱ་དང་བྱ་ཡིས་འགྱུར་ཁུག་མངོན།།
མགོ་བོ་དགྱེས་ནས་ལོ་མར་འཁོར།།
གླུ་གར་མཛེས་པའི་གར་སྟེགས་ཤིག །
༼ལྔ།༽
ཙག་རླུང་རྣོ་པོས་ལོ་མ་ལྟུང་།།
དཔྱིད་རླུང་འབོལ་པས་ལྗང་གུ་སྟོབ།།
ཇི་ལྟར་ལོ་མར་ཉེ་གྱུར་ན།།
དེ་ལྟར་དབྱར་ལ་བསྟུངས་བ་ཡིན།།
༼དྲུག༽
གེ་སར་སྟེང་གི་བ་སྤུ་འཁྱུག །
འདབ་མའི་གདོང་ན་ཟིལ་ཐིགས་འཚེར།།
ལོ་མ་ཅན་གྱི་མེ་ཏོག་འདི།།
སེམས་ཅན་ཀུན་པོའི་སྨོན་ལམ་ཡིན།།
༼བདུན།༽
ས་ལ་ལྷུང་བ་འཆི་བ་མིན།།
དབྱར་གྱི་ལྗང་གུའི་ཆེད་དུ་ཡིན།།
གནམ་ལ་སྐྱེས་བ་རྒྱགས་པ་མིན།།
འདབས་ལ་བསིལ་བ་སྟོབ་ཆེད་དོ།།
༼བརྒྱད།༽
ལོ་མ་རེ་ལ་གཟུགས་དབྱིབས་རེ།།
ཁ་དོག་རྣམས་ཀྱང་སོ་སོ་འོ།།
སོ་སོ་ས་ན་མཛེས་པ་རེ།།
བདེན་པ་ལ་ཡང་དེ་བཞིན་ནོ།།
༼དགུ༽
ལོ་མ་ཇི་ལྟར་འབུས་བ་དེ།།
ཤ་མིག་གིས་ནི་མ་མཐོང་ངོ།།
རྩོལ་བྲལ་ལས་ཀྱི་འབྲས་བུ་དེ།།
ལྷབ་ལྷུབ་ཆེ་ཡི་ལོ་མར་ལྟོས།།
༼བཅུ།༽
ལོ་མ་གཡོོ་འམ་རླུང་བུ་གཡུགས།།
མིག་གིས་མཐོང་ངམ་ལུས་ཀྱིས་ཚོར།།
སེམས་ཀྱི་ལོ་མ་གཡོ་བྱས་ཚེ།།
ལོ་མ་རྣམས་ནི་རབ་ཏུ་གཡོ།།
29/01/2014
༼བཅུ་གཅིག༽
ལོ་མའི་དབྱིབས་དང་ཁ་དོག་དེ།།
སུ་དང་གང་གིས་བཏབས་པ་མིན།།
སུ་དང་གང་ལ་ཟློས་པ་མིན།།
རང་གི་ཁ་དོག་རང་ཉིད་དོ།།
༼བཅུ་གཉིས།༽
ཆུ་ཁར་གཡེང་བའི་ལོ་མ་དེས།།
ཤོག་བུའི་ཐོག་ལ་ཡིེ་གེ་བྲིས།།
ལོ་མ་ཟགས་པའི་ངང་ཚུལ་ནི།།
སེམས་པ་ཞིག་གི་སྒེའུ་ཁུང་ངོ།།
༼བཅུ་གསུམ།༽
ལོ་མའི་གཡབ་མོ་ཚ་བའི་དགྲ །
འདབ་མ་མཉེན་མོ་དབྱར་གྱི་གྲོགས།།
ལོ་མའི་འོག་གི་འཇིག་རྟེན་ནི།།
ཞི་བདེ་སྟོང་གི་གནས་ཚང་ཡིན།།
༼བཅུ་བཞི།༽
ལྡུམ་རྭ་ནང་ན་ལྗོན་པ་མཛེས།།
ཡལ་གའི་སྟེང་ན་ལོ་མ་མཛེས།།
ལོ་མའི་གསེབ་ན་ཉི་འོད་འཚེར།།
ཟིལ་ཐིགས་ངོགས་ན་འཛུམ་མདངས་རྒྱས།།
༼བཅོ་ལྔ།༽
སེམས་ལ་ལོ་མའི་ས་བོན་འདེབས།།
ཕྱི་ལ་ལོ་མའི་འབྲས་བུ་སྨོན།།
ལོ་མའི་འབྲས་བུ་གསེར་གྱི་བཅུད།།
སྐྱོ་བ་ཀུན་གྱི་སྨན་མཆོག་གོ །
4/02/2014ཉིན།
༼བཅུ་དྲུག༽
ལོ་མའི་ཁམས་ཀྱི་སྨོན་ལམ་དེ།།
མུ་ཏིག་དང་ནི་ཟིལ་ཐིགས་ཉིད།།
དེ་ན་མདུང་གི་མཆེ་བ་མེད།།
ནག་ནོག་རྫོབ་པའི་ཆ་དང་བྲལ།།
༼བཅུ་བདུན།༽
ཉིན་མའི་གདོང་ལ་མཚན་གྱིས་གཙེས།།
མཚན་གྱི་ཟླ་བ་སྤྲིན་གྱིས་འགེམས།།
ལོ་མའི་འདབས་ཀྱི་གྲིབ་བསིལ་ནི།།
ཀུན་ལ་བསིལ་ཞིང་ཀུན་ལ་བདེ།།
༼བཅོ་བརྒྱད།༽
ལོ་མ་ཡོད་ན་བསིལ་རླུང་མཛེས།།
འགྱུར་ཁུག་དེ་ཡི་གསེང་ན་ཡོད།།
ལྗང་གུ་དེ་ཡི་སྦུགས་ན་ཡོད།།
ལོ་མ་ལྡན་པའི་འཁོར་བ་མཛེས།།
༼བཅུ་དགུ༽
ལོ་མའི་དབྱིངས་ན་སྒེའུ་ཁུང་ཡོད།།
སྒེའུ་ཁུང་དེ་ན་རྒྱང་རིང་ཡོད།།
རྒྱང་གི་ཁ་དོག་རབ་གསལ་བའི།།
ལོ་མའི་འཇིག་རྟེན་ཕུན་སུམ་ཚོགས།།
༼ཉི་ཤུ།༽
དྲི་མེད་གནམ་གྱི་རྒྱ་ཁྱོན་དེ།།
ལོ་མའི་གདོང་གི་མིག་ཀོར་རོ།།
ལོ་མའི་བྲང་གི་མེ་ལོང་ན།།
ཐམས་ཅད་དབྱར་གྱི་ཁ་དོག་ཡིན།།
25/02/2014 ས་སྲོད་ལ།
༼ཉེར་གཅིག༽
ལོ་མའི་གདོང་གི་ཁ་དོག་མཛེས།།
བསིལ་རླུང་ཁུག་ན་གླུ་ངག་འཁྱིལ།།
གྲིབ་བསིལ་འོག་ནས་སྒོམ་པའི་ཚེ།།
ཁྱོད་ཀྱི་འདབ་མ་་ཡིད་ན་ལྡིང་།།
༼ཉེར་གཉིས།༽
བྲང་ན་བཞད་པའི་ལོ་མ་དེ།།
བྱིས་པའི་གདོང་གི་མིག་འོད་དོ།།
སྙིང་ལ་ཡང་ཡང་ཟུག་ན་ཡང་།།
ཁྱོད་ཀྱིས་ལོ་མ་འབྲི་དོན་ཅི།།
༼ཉེར་གསུམ།༽
རླུང་བུ་འཁྱུགས་ཏེ་ལོ་མ་གཡོས།།
ཁྱོད་ཀྱི་རྒྱབ་ལ་ཡང་ཡང་བལྟོས།།
ལོ་མའི་གསེང་གི་བྱ་ཡི་གླུ།།
སེམས་པ་གསོ་ཡི་བདུད་རྩི་འོ།།
༼ཉེར་བཞི།༽
ལོ་མ་གཡོ་བའི་ཧྲག་བར་ནས།།
མིག་གི་མདའ་མོ་སྙིང་ལ་ཕོག །
ལོ་མས་རླན་པ་འཚེམ་མཁན་སུ།།
སྙིང་གི་བདག་པོ་སུ་ཞིག་གམ།།
༼ཉ྄ེར་ལྔ།༽
སྔོ་ལོ་འབུས་བའི་སྲོས་ཀ་ཤར།།
མེ་ཏོག་འཛུམ་བུ་དལ་གྱིས་གྲོལ།།
སེམས་ཀྱི་ལོ་མ་རྒྱས་པ་དེ།།
ཁྱོད་ཀྱི་དཔྱིད་ཀ་བསླེབས་པས་སོ།།
1/04/2014ཉིན།
༼ཉེར་དྲུག༽
ཤིང་ལ་ལོ་མ་འཛོམས་པ་དེ།།
རླུང་གི་དབྱངས་ན་གར་ཏུ་བསྒྱུར།།
ལོ་མ་ཕྲག་ལ་ལྷུང་བ་ན།།
ཡུལ་གྱི་ལོ་མ་སེམས་ལ་བབས།།
༼ཉེར་བདུན།༽
རླུང་བུ་དྲག་ཏུ་ལྡིང་བ་དང་།།
ལོ་མ་ཤག་ཤག་ཁུར་བ་སོགས།།
རྡུགས་པའི་ལྡུམ་རའི་མཁུར་ཚོས་འདི།།
མིག་ཟུང་བཙུམ་ན་སྐྱོ་བའི་གཞི།།
༼ཉེར་བརྒྱད།༽
ལོ་མ་དང་ནི་འདབ་མའི་ངོགས།།
ཟིལ་བའི་འཚེར་དང་མེ་ཏོག་མདངས།།
མིག་གི་རྒྱ་ལ་འཁོར་བ་ན།།
ཡིད་ལ་དྲན་པ་ཁོ་མོ་ཉིད།།
༼ཉེར་དགུ༽
ཁུ་སིམ་མཚན་མའི་སྒལ་གཞུང་ན།།
ཟླ་འོད་གསག་ཏེ་ལོ་མར་འཕྲོས།།
རླུང་བུ་ཤུག་ཤུག་ལྡིང་པ་ཡིས།།
དྲན་པའི་ལོ་མ་ལྷབ་ལྷུབ་གཡོས།།
༼སུམ་ཅུ།༽
ལོ་མ་ཡལ་གར་མཛའ་སེ་མཛའ།།
ས་ལ་ལྷུང་བ་བྲལ་བའི་གདུང་།།
དཔྱིད་ཀྱི་སོས་ལ་སྨོན་ལམ་འདེབས།།
སྟོན་གྱི་འཛོམས་པར་སྐྱབས་འཇུག་ཞུ།།
19/04/2014ཉིན།
ལོ་མའི་དུས་བཞི།
སྟོནད་ཀ་ཤར་དུས་སེར་པོར་ཆགས། །
དགུནད་ཀ་ཆགས་དུས་ས་ལ་ལྷུང་། །
དཔྱིད་ཀའི་དཔལ་ལ་ཁ་བུས་ནས། །
དབྱརད་ཀར་ལོ་མས་ཀུན་ལྗང་འགྱུར། །