ལྷ་རམས་པ་ཡང་སྟེང་སྤྲུལ་སྐུས།
༡ ༄༅། །ངོ་མཚར་བདེ་ཅན་ཞིང་གི་ལྷ་ལམ་ངོས། །
ཐབས་ཤེས་ཉི་ཟླའི་དཀྱིལ་འཁོར་བགྲོད་པ་ཅན། །
རྒྱལ་བའི་དབང་པོ་འོད་སྣང་དཔགས་མེད་པར། །
དད་བརྒྱའི་མེ་ཏོག་སྤྱི་བོའི་རྒྱན་དུ་བརྩེགས། །
༢ འདབ་བརྒྱད་སྙིང་གི་ཐིག་ལེ་གྲོལ་བའི་དབུས། །
རྙོག་བྲལ་རང་བྱུང་ཡིད་ཀྱི་རྫིང་བུ་རུ། །
རིང་ནས་ཀུན་རྟོག་པེར་གྱི་འདུ་བྱེད་ལས། །
ཁྱོད་ཞལ་བྲིས་པའི་གདུང་བས་ཕྱི་ཕྱིར་མནར། །
༣ ལྷ་ཡི་ལམ་ནས་ཉི་ཟླ་མི་ལྟུང་ཞིང་། །
རྒྱ་མཚོ་གོས་ཅན་སྐ་རགས་མ་ལྷོད་བར། །
ཁྱོད་ཞབས་པད་མོ་མི་འགྱུར་རྟག་པའི་རྗེས། །
དེ་སྲིད་གངས་ཅན་རི་ཡི་རྣ་བར་འཕྱངས། །
༤ རིག་གསར་དམར་པོ་ཁྲག་གི་འཇིག་རྟེན་ན། །
བོད་འབངས་མི་བཟོད་སྡུག་གིས་མནར་བ་ན། །
སྟོང་ཕྲག་བདུན་ཅུའི་ཡིག་འབྲུ་གསེར་གྱི་ཐིགས། །
དམར་པོའི་སྙིང་ལ་ཚེར་མ་བཞིན་དུ་བསྟབས། །
༥ གཤིན་རྗེའི་དུས་ཀྱི་ཆད་པ་མི་ཡུལ་དུ། །
འཕོས་པའི་ཀླ་ཀློའི་ཁྲིམས་ཀྱི་ར་བ་ན། །
ཞི་ཞིང་རབ་ཞི་བདུད་རྩི་ལྟ་བུའི་གསུང། །
སེང་ཆེན་མཁའ་ལ་འགྱིངས་ལྟར་དལ་བར་བསྒྲགས། །
༦ བློ་ཡི་འཇུག་པ་ཁབ་ཀྱི་བུ་ག་ལས། །
ཆེས་ཆེར་ཕྲ་ཡང་སྙིང་གི་ཁམ་བརྟས་པས། །
ཁྱེད་ལ་ཚིག་གི་དུག་མདའ་འཕེན་སྐད་ཀྱང་། །
ཉི་མའི་དྲུང་ན་མེ་ཁྱེར་ས་ལ་བཀོད། །
༧ བོད་འབངས་བོད་པའི་དུས་ཀྱི་དུང་གི་སྒྲ། །
སྙིང་གཏམ་སྙིང་གི་དབང་པོར་མཆེད་པ་ཉིད། །
རང་རིགས་རང་གི་དོན་དུ་ལན་བརྒྱ་རུ། །
ཡང་ནས་ཡང་དུ་གསུངས་པ་སུ་ཡིས་བརྗེད། །
༨ གནམ་དང་ས་ཡི་ཁྱད་པར་མི་ཤེས་ཤིང་། །
མི་དང་དུད་འགྲོའི་སུག་རྗེས་མ་ཕྱེད་པའི། །
མི་ཡི་ལུས་ལ་ཕྱུགས་ཀྱི་བསམ་པ་འགས། །
ཁྱེད་ལ་སྐྱབས་སུ་འཆའ་བར་ཁོང་རྒོད་ཤོར། །
༩ ཁ་བ་རི་པའི་བསོད་ནམས་བདུན་གྱི་རྟས། །
མ་ཁྱོག་ཀུན་གཟིགས་ཆོས་ཀྱི་ཉི་མ་ཁྱེད། །
གཟུགས་སྣང་འདི་ནས་ནུབ་ཕྱོགས་འོག་མིན་དུ། །
བསྡུས་ཀྱང་བོད་འབངས་གཏོང་མི་བྲ་བ་ཡིས། །
༡༠ ཐུགས་རྗེ་གངས་ཅན་བོད་ལ་ཕྱོགས་པའི་སྤྲིན། །
དགེ་ལེགས་མཚན་མ་སྟོང་གི་ཁུར་འཛིན་བཞིན། །
མྱུར་བར་བདེ་ཅན་ཞིང་ནས་འཁོར་བ་ལས། །
མཆོག་སྤྲུལ་ས་ཡི་ཟླ་བ་སླར་ཡང་བཞད། །
༡༡ སྡིག་སྤྱོད་གཏུམ་པོའི་ཆོ་ག་ཀུན་རྫོགས་པ། །
དམར་ཕྱོགས་ཙི་ནའི་རཱ་ཧུ་ལ་ཡི་ཁར། །
རྒྱལ་སྲས་ཟླ་གཞོན་རིལ་གྱིས་མིད་པ་ན། །
གངས་ཅན་ལྷ་མི་མྱ་ངམ་ཐང་དུ་འགྱེལ། །
༡༢ དེ་ཚེ་ཆུ་འབུར་མིག་གིས་ཁྱེད་ཉིད་ལ། །
ཕྱོགས་ཏེ་ཉིན་ཞག་སོར་མོས་རྩེས་རྩེས་ནས། །
ད་སྟེ་བགྲང་བྱ་ཉི་ཤུར་ཐལ་བ་ཡིས། །
རེ་སྒུག་སྡུག་གིས་མནར་བས་ཨ་ཐང་ཆད། །
༡༣ རིང་མིན་གངས་ཅན་ཞིང་དུ་བསྟན་སྲིད་ཀྱི། །
རྫོགས་ལྡན་དཔྱིད་ཀྱི་དུས་སྟོན་གཤམས་པ་ན། །
རྒྱལ་པཎ་ཉི་མ་ཟླ་བ་ལྷན་འཛོམས་ཀྱིས། །
གངས་ལྗོངས་སྐྱེ་འགྲོ་ཕྱོགས་ལས་རྒྱལ་གྱུར་ཅིག།།
ཅེས་པ་འདི་ནི་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་སྐུ་འཁྲུངས་ནས་བགྲང་བྱ་ཉེར་ལྔ་འཁོར་བའི་རྗེས་དྲན་དང་བསྟུན་བཀའ་དྲིན་ཟླ་མེད་ཀུན་གཟིགས་པཎ་ཆེན་ཆོས་ཀྱི་རྒྱལ་པོ་སྐུ་ཕྲེང་བཅུ་པ་མཆོག་རྗེས་དྲན་དུ་ཕུལ་བའོ། །དགའ་ལྡན་ཕོ་བྲང་གི་ཞབས་འབྲིང་བ་སེར་སྨད་དགེ་བཤས་ལྷ་རམས་པ་ཡང་སྟེང་སྤྲུལ་སྐུས། ༢༠༡༤ ཟླ་ ༤ ཚེས་ ༢༥ ལ།
༸པཎ་ཆེན་བཅུ་པ་དང་། བཅུ་གཅིག་པ་མཆོག
བཅུ་པའི་ཉི་མ་ར་ཧུལ་གྱིས། །
ང་གཅིག་སྐབས་ནས་འཁྱུར་མིད་བྱས། །
བཅུ་གཅིག་ཟླ་བ་གཟའ་ངན་དེས། །
ལོ་དྲུག་ཉིད་ནས་འཁྱུར་མིད་བྱས། །
བཅུ་པས་ཁྲི་བདུན་འོད་ཟེར་སྤྲོས། །
གཟའ་ཡིས་སྒྲིབ་ཀྱང་དོན་ཡོད་མཛད། །
དུས་རབས་ཉེར་གཅིག་ཚེས་པའི་དུས། །
བཅུ་གཅིག་དཔའ་ཆུང་ངར་རན་འདུག །
རྒྱ་གཞུང་བྱ་བྲལ་མཉམ་འབྲེལ་གྱིས། །
ནག་ཆུར་ཡང་སྲིད་འཁྲུལ་མེད་རྙེད། །
འོནད་ཀྱང་གདུལ་བྱ་མ་སྨིན་པས། །
བསྟན་དགེ་གར་སོང་ཆ་མེད་གྱུར། །
ཡང་སྟེང་ཁྱེད་ཉིད་ཡང་རྩེ་སྟེ།།
ཚིག་དང་དོན་ལ་ག་ལ་རོངས།།
སྐྱེས་བུ་མཆོག་གི་གཟི་བྱིན་འགའ།།
ཚིག་དང་དོན་གྱི་ཟུར་ནས་མཇལ།།
སྐྱབས་སུ་མཆི། ཨ་མདོ་བ་ངོ་ཤེས་ཤིག་ནས་ཕུལ།
ཡང་སྟེང་ཁྱེད་ཉིད་ཡང་རྩེ་སྟེ།།
ཚིག་དང་དོན་ལ་ག་ལ་རྨོངས།།
སྐྱེས་བུ་མཆོག་གི་གཟི་བྱིན་འགའ།།
ཚིག་དང་དོན་གྱི་ཟུར་ནས་མཇལ།།
སྐྱབས་སུ་མཆི། ཨ་མདོ་བ་ངོ་ཤེས་ཤིག་ནས་ཕུལ།