སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང་འཇམ་བཞད་ངག་དབང་བརྩོན་འགྲུས་གཉིས་བར་གྱི་འགལ་བའི་འབྱུང་རྐྱེན་སྐོར་གླེང་བ།
བདེན་འཚོལ།
དེང་སྐབས་བོད་རིག་པ་སྨྲ་བ་རྣམས་ཀྱིས་སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང་། ལྷ་བཟང་ཧན། ཚངས་དབྱངས་རྒྱ་མཚོ་བཅས་ཀྱི་ལོ་རྒྱུས་སྐོར་ལ་རང་རང་གི་བློ་གྲོས་ཀྱི་རྩལ་ལས་ཐོན་པའི་དཔྱད་རྩོམ་མི་ཉུང་བ་ཞིག་སྤེལ་ཡོད་མོད། ཡིན་ནའང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང་འཇམ་བཞད་ངག་དབང་བརྩོན་འགྲུས་གཉིས་པར་གྱི་འགལ་བའི་རང་བཞིན་དེ་གསལ་བོར་ངེས་ན། ལྷ་བཟང་ཧན་གྱིས་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ཇི་ལྟར་བཀྲོངས་པ་དང་། རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་རྒྱལ་དབང་སྐུ་ཕྲེང་ནང་ལས་ཕུད་དེ་གནས་དབྱུང་བྱས་པ་སོགས་ཀྱི་གནས་ཚུལ་རྣམས་ཕྱི་གསལ་ནང་གསལ་དུ་འགྲོ་བས། འདིར་སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང་འཇམ་བཞད་ངག་དབང་བརྩོན་འགྲུས་གཉིས་བར་གྱི་འགལ་བའི་འབྱུང་རྐྱེན་སྐོར་རྣམས་ཚད་ལྡན་གྱི་ཡིག་ཆ་རྣམས་གཞིར་བཞག་སྟེ་ཅུང་གསལ་བར་བཤད་པ་ལ།
དེ་ཡང་འཇམ་བཞད་ངག་དབང་བརྩོན་འགྲུས་ཀྱི་རྣམ་ཐར་རྒྱས་པ་ཉིད་ཀྱི་ཐུགས་སྲས་ངག་དབང་བཀྲ་ཤིས་ཀྱིས་མཛད་པའི་《རྗེ་བཙུན་དམ་པ་མཚན་བརྗོད་པར་དཀའ་བ་འཇམ་དབྱངས་བཞད་པའི་སྡེའི་རྣམ་པར་ཐར་བ་ཡོངས་སུ་བརྗོད་པའི་གཏམ་དུ་བྱ་བ་དད་པའི་སྒོ་འབྱེད་ཀེ་ཏ་ཀའི་འཕྲེང་བ་ཞེས་བྱ་བ་》ཞེས་པའི་ནང་སྡེ་སྲིད་དང་འཇམ་བཞད་གཉིས་བར་གྱི་འགལ་བའི་འབྱུང་རྐྱེན་རྣམས་ཞིབ་རྒྱས་སུ་ཡོད་པས། ཐེངས་འདིར་རྣམ་ཐར་དེ་དཔྱད་གཞིའི་ཡིག་ཆ་གཙོ་བོར་བྱས་ནས་བརྗོད་པ་ཡིན། རྣམ་ཐར་དེ་ནི་ཉིད་ཀྱི་ཐུགས་སྲས་ངག་དབང་བཀྲ་ཤིས་ཀྱིས་སྐབས་དེའི་གནས་ཚུལ་རྣམས་སྐབས་ཐོག་དེར་དངོས་སུ་བྲིས་པ་ཡིན་པས་འཇམ་བཞད་ཀྱི་ལོ་རྒྱུས་ལ་དཔྱོད་པར་ཆེས་གལ་ཆེན་གྱི་ཡིག་ཆ་ཞིག་ཡིན་མོད། ཡིན་ནའང་རྣམ་ཐར་དེ་ནི་སྔོན་ནས་ད་ལྟའི་བར་དཔེ་རྒྱུན་ཧ་ཅང་དཀོན་པ་ཞིག་ཡིན་པས་བོད་རིག་པ་སྨྲ་བ་ཕལ་ཆེར་གྱིས་སྤྱན་ལམ་དུ་མ་གྱུར་བ་འདྲ། རྒྱུ་མཚན་ནི་དེང་རབས་ཀྱི་བོད་ཀྱི་ལོ་རྒྱུས་དང་དཔྱད་རྩོམ་རྣམས་སུ་སྡེ་སྲིད་དང་འཇམ་བཞད་སོགས་ཀྱི་གནས་ཚུལ་རྣམ་ཐར་འདི་ལས་ལུང་འདྲེན་ཚིག་གཅིག་ཀྱང་མེད་པས་ཤེས། རྣམ་ཐར་དེ་དཔེ་རྒྱུན་ཧ་ཅང་དཀོན་པའི་རྒྱུ་མཚན་ཡང་། རྣམ་ཐར་དེའི་ནང་འཇམ་བཞད་རང་ཉིད་ཆོས་སྲིད་གཉིས་ཀའི་ཐད་མཐའ་གཅིག་ཏུ་ལྷ་བཟང་ཧན་གྱི་ཕྱོགས་སུ་ལངས་ནས་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ལ་མདུང་རྩེ་ཁ་སྤྲོད་གནང་པ་དང་། ཚངས་དབྱངས་རྒྱ་མཚོ་རྒྱལ་དབང་ལྔ་བའི་སྤྲུལ་སྐུ་མ་ཡིན་པར་བསྒྲགས་པ་སོགས་ཀྱི་གནས་ཚུལ་རྣམས་བོད་མི་ཐམས་ཅད་ཀྱིས་ཤེས་ན་འཇམ་བཞད་ཀྱི་མཚན་སྙན་ལ་གནོད་པར་དོགས་ནས། སྤྱི་ཚོགས་རྙིང་པའི་ནང་རྣམ་ཐར་དེ་དགོན་གཞུང་ནས་བཀག་རྒྱ་བསྡམས་ཏེ་གང་སར་ཁྱབ་ཏུ་མ་བཅུག་པ་ཡིན། ཕྱིས་སུ་ཀུན་མཁྱེན་འཇིགས་མེད་དབང་པོས་མཛད་པའི་འཇམ་བཞད་ཀྱི་རྣམ་ཐར་《ངོ་མཚར་སྐལ་བཟང་འཇུག་ངོགས་ཞེས་བྱ་བ》དེ་ནི་གོང་གི་ཐུགས་སྲས་ངག་དབང་བཀྲ་ཤིས་ཀྱིས་མཛད་པའི་རྣམ་ཐར་དེའི་ནང་ནས་འཇམ་བཞད་དང་སྡེ་སྲིད། ལྷ་བཟང་ཧན། ཚངས་དབྱངས་རྒྱ་མཚོ་བཅས་ཕན་ཚུན་བར་གྱི་འཐབ་རྩོད་རྣོ་ངར་ཅན་གྱི་ཚིག་རྣམས་སྦས་ཏེ་གཞན་ཐུན་མོང་དུ་བསྒྲགས་ཆོག་པ་རྣམས་བཀོད་པ་ཙམ་ལས་འཇམ་བཞད་ཀྱི་ལོ་རྒྱུས་ཆ་ཚང་བར་མ་བཀོད་པས་རྣམ་ཐར་ཕྱོགས་རེ་ཙམ་དུ་སོང་འདུག་གོ།
དང་པོ། འཇམ་བཞད་ངག་དབང་བརྩོན་འགྲུས་དང་ལྷ་བཟང་ཧན་གཉིས་བར་གྱི་འབྲེལ་བ་དམ་ཟབ་སྐོར།
སྤྱིར་བོད་ཀྱི་ཡུལ་འདིར་ནང་པ་སངས་རྒྱས་པའི་ཆོས་ལུགས་དར་བ་ནས་བཟུང་། རིམ་གྱིས་བོད་ཀྱི་སྲིད་འཛིན་མི་སྣ་དང་རྒྱ་ཆེའི་མང་ཚོགས་ཕལ་ཆེར་གྱིས་ནང་པའི་ཆོས་ལུགས་ལ་ཁ་ཞེན་གཉིས་མེད་ཀྱི་དད་པ་བྱེད་པར་བརྟེན། བོད་ཀྱི་ཆབ་སྲིད་ནང་དུ་ཆོས་ལུགས་མི་སྣས་ཐེར་གཏོགས་དང་། ཆོས་ལུགས་ནང་དུ་ཆབ་སྲིད་མི་སྣའི་ཐེར་གཏོགས་བྱས་པ་ལ་བརྟེན་ནས་བོད་འདིར་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ཆགས། ཕྱིས་སུ་བོད་ཀྱི་སྲིད་འཛིན་པ་སྐོར་ཞིག་གིས་རང་གི་ཁེ་ཕན་ཁོ་ནར་དམིགས་ཏེ་ཆོས་ལུགས་གྲུབ་མཐའ་ཞིག་ལ་ཁ་གཡར་ནས་བོད་མི་ནང་ཁུལ་དུ་འཐབ་རྩོད་དང་འཁྲུག་སློང་གི་རྒྱུ་རྐྱེན་མང་དུ་བསླང་བས། བོད་ཀྱི་ནང་བསྟན་ཆོས་ལུགས་ནི་བོད་ཀྱི་སྲིད་འཛིན་པ་ཁག་ཅིག་གི་རང་གི་སྲིད་དབང་སྲ་བརྟན་དང་ཡང་ན་སྲིད་དབང་འཕྲོག་ལེན་བྱེད་པའི་ལག་ཆ་ཞིག་ཏུ་གྱུར་ཡོད། དཔེར་ན་ཕག་གྲུ་དང་། ས་སྐྱ། ཚལ་བ། འབྲི་གུང་། གཡའ་བཟང་སོགས་ཡུལ་སྡེ་སོ་སོའི་སྲིད་དབང་ཁག་བར་དམག་འཁྲུག་མང་ཙམ་བྱུང་བ་དང་། ཆོས་སྲིད་ཟུང་སྦྲེལ་དམ་ཟབ་ཆེ་བས་དབང་བསྒྱུར་གྲལ་རིམ་བར་སྲིད་དབང་འཕྲོག་ལེན་བྱེད་པའི་འཐབ་རྩོད་དེ་ཕྱི་ཚུལ་དུ་ཆོས་ལུགས་གྲུབ་མཐའ་ཁག་བར་དང་། ཡང་ན་གྲུབ་མཐའ་ནང་ཁུལ་གྱི་འཐབ་རྩོད་ལྟ་བུར་གྱུར་ཏེ་ཆོས་ལུགས་གྲུབ་མཐའ་ཁག་ནི་ཡུལ་གྲུ་སོ་སོའི་དབང་བསྒྱུར་གྲལ་རིམ་ཁག་གིས་སྲིད་དབང་འཕྲོག་ལེན་བྱེད་སྤྱད་དང་། མངའ་འབངས་ལ་དབང་བསྒྱུར་བྱེད་པའི་ལག་ཆར་གྱུར་བ་ལྟ་བུའོ། །
དེ་ལྟར་ན་ནང་བསྟན་ཆོས་ལུགས་ནི་བོད་མི་དམངས་ཀྱི་འཚོ་བ་དངོས་དང་ནམ་ཡང་ཁ་བྲལ་ཐབས་མེད་པ་ཞིག་ཏུ་གྱུར་ཡོད་སྟབས། ལྷ་བཟང་ཧན་གྱིས་སྡེ་སྲིད་ཀྱི་དབང་ཆ་འཕྲོག་ལེན་བྱེད་པར། ངེས་པར་བོད་ཀྱི་མཐོ་རིམ་ཆོས་ལུགས་མི་སྣ་དག་གི་རྒྱབ་སྐྱོར་བྱེད་པ་ཤིན་ཏུ་གལ་ཆེར་དམིགས་ནས། སྐབས་དེར་འཇམ་བཞད་ངག་དབང་བརྩོན་འགྲུས་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཐད་མདོ་སྔགས་གཉིས་ཀ་ལ་མཁས་པ་ཆེན་པོ་ཡིན་པར་མ་ཟད། ད་དུང་ཆོས་ལུགས་ཐད་ཀྱི་གོ་གནས་ཀྱང་འབྲས་སྤུངས་སྒོ་མང་མཁན་པོ་ཡིན་པ་བཅས་ཀྱི་རྒྱུ་མཚན་ལ་བརྟེན་ནས། ལྷ་བཟང་ཧན་གྱིས་འཇམ་བཞད་རང་གི་རྩ་བའི་བླ་མར་བསྟེན་ཏེ་དབང་བསྐུར་དང་རྗེས་གནང་སོགས་ཆོས་མང་དུ་ཞུས་ཏེ་བླ་སློབ་ཀྱི་འབྲེལ་བ་བཙུགས།
སྡེ་སྲིད་སངས་རྒྱས་རྒྱ་མཚོ་ནི་སྐབས་དེར་བོད་ཀྱི་སྲིད་འཛིན་ཐད་ཆེས་མཐོ་བའི་མི་སྣ་ཉག་གཅིག་ཡིན་པར་མ་ཟད། ད་དུང་ནང་བསྟན་ཆོས་ལུགས་ཐད་མདོ་སྔགས་རིག་གནས་རབ་འབྱམས་ལ་མཁས་པའི་པཎྚི་ཏ་ཆེན་པོ་ཡིན་པས་བོད་ཀྱི་ཆོས་སྲིད་གཉིས་ཀའི་ཆ་ནས་འགྲན་ཟླ་མེད་པའི་དཔའ་བོ་ཞིག་ཡིན་ལ། འཇམ་བཞད་ཀྱིས་རང་ཉིད་ལྷ་བཟང་ཧན་ལ་འབྲེལ་བ་དམ་ཟབ་ཞིག་བྱུང་ན། ཆོས་སྲིད་གཉིས་ཀའི་ཆ་ནས་རང་ལ་དགོས་པ་ཆེན་པོར་དམིགས་ནས་ལྷ་བཟང་ཧན་རང་གི་སློབ་མར་བཀུགས་ནས་ཆོས་མང་དུ་གསུངས་བས་ཆོས་ཕྱོགས་ནས་བླ་སློབ་ཀྱི་འབྲེལ་བ་བྱུང་བ་དང་། དཔལ་འབྱོར་ཐད་ལྷ་བཟང་ཧན་རང་གི་སྦྱིན་བདག་ཏུ་གྱུར་བ་བཅས་ནི་ཐུགས་སྲས་ངག་དབང་བཀྲ་ཤིས་ཀྱིས་མཛད་པའི་འཇམ་བཞད་རྣམ་ཐར་དད་པའི་སྒོ་འབྱེད་ཀེ་ཏ་ཀའི་འཕྲེང་བ་ཞེས་བྱ་བ་ལས།[1] “ལོ་འདིར་རྒྱལ་པོ་ཏཱ་ལའི་ཧན་དང་། བཀྲ་ཤིས་རྒྱལ་མོ་གཉིས་ཀྱིས་གདན་དྲངས། ཆོས་མང་པོ་ཞུས། དབང་གནང་། རྒྱལ་བོ་རྒྱལ་མོ་གཉིས་ཤིན་ཏུ་དད་ནས་ད་ནས་བཟུང་ཁྱེད་བླ་མ་བྱེད། ཡང་ཡང་འདིར་ཕེབས་དགོས་ཞུས། འབུལ་བ་དང་བསྙེན་བཀུར་ཕུན་སུམ་ཚོགས་པ་བྱས། རྗེ་འདིས་ཀྱང་ཆོས་ཀྱི་ཞལ་བཀོད་བཟང་པོ་བྱས། ”ཞེས་དང་།
དེ་ལྟར་འཇམ་བཞད་ཀྱིས་རང་ཉིད་ལྷ་བཟང་ཧན་དང་ཆོས་ཀྱི་འབྲེལ་བ་སོགས་བྱུང་བ་དེ་མུ་མཐུད་ནས་སྲ་བརྟན་ཡོང་ཆེད། བོད་ཀྱི་ཆོས་དད་མང་ཚོགས་རྣམས་ལྷ་བཟང་ཧན་ལ་དད་གུས་དང་ཡིད་ཆེས་འབྱུང་བའི་ཆེད། ཁོང་གིས་ལྷ་བཟང་ཧན་འདི་ནི་ཐུན་མོང་མ་ཡིན་པའི་སྐྱེས་བུ་ཁྱད་པར་ཅན་རྗེ་ཙོང་ཁ་བའི་རྣམ་སྤྲུལ་ཡིན་ཞེས་དངོས་སུ་བསྒྲགས། དེ་ལྟར་བསྒྲགས་པའི་དགོས་པ་ཡང་རྗེ་ཙོང་ཁ་བ་ནི་དགེ་ལུགས་པའི་གྲུབ་མཐའི་བདག་པོ་ཡིན་པས། དགེ་ལྡན་པ་ཐམས་ཅད་ཀྱི་དད་པ་བྱེད་ཡུལ་ཡིན་པར་མ་ཟད། གཞན་པའི་བོད་ཀྱི་གྲུབ་མཐའ་ཐམས་ཅད་ཀྱིས་ཀྱང་རྗེ་ཙོང་ཁ་བ་ལ་ལྷག་བསམ་རྣམ་དག་གིས་དད་པ་བྱེད་པ་དང་། དགེ་ལུགས་པའི་གྲུབ་མཐའ་ནི་བོད་ཀྱི་གྲུབ་མཐའ་ཐམས་ཅད་ཀྱི་ནང་ནས་ཆེས་ཤོས་ཡིན་པ་དང་། དགའ་ལྡན་ཕོ་བྲང་ཞེས་སྐབས་དེའི་བོད་ཀྱི་སྲིད་འཛིན་པའང་དགེ་ལུགས་པ་ཡིན་སྟབས། ལྷ་བཟང་ཧན་རྗེ་ཙོང་ཁ་བའི་རྣམ་སྤྲུལ་ཡིན་པར་བསྒྲགས་ན། བོད་ཀྱི་དྲག་ཞན་མཐའ་དག་དང་རྒྱ་ཆེ་བའི་བོད་ཀྱི་ཆོས་དད་མང་ཚོགས་རྣམས་ལྷ་བཟང་ཧན་ལ་དད་གུས་དང་བརྩི་འཇོག་ཡོང་བའི་ཆེད་ཁོ་ན་ཡིན་ཏེ། དེ་ལྟར་བྱུང་ན་རང་གི་དམིགས་ཡུལ་དེ་འགྲུབ་ཐུབ་པ་བཅས་ཀྱི་དགོས་པ་དང་ལྡན་ལ།
དེའི་ཚུལ་ཡང་རྣམ་ཐར་དད་པའི་སྒོ་འབྱེད་ཀེ་ཏ་ཀའི་འཕྲེང་བ་ལས། “ལོ་འདིར་རྒྱལ་པོ་ལྷ་བཟང་ལ་ཇིང་གི་སི་ཥན་ཞེས་མཚན་གསོལ། སྡེ་བ་སངས་རྒྱས་རྒྱ་མཚོ་ཟུར་བཞུགས་བྱས། སྲས་ཨ་བཱ་ལ་ཁྲིར་བཏོན། དེ་སྐབས་ལོ་སྔ་ཕྱི་འདིར་དགའ་ལྡན་གསེར་ཏོག་ལ་ཡང་ཡང་མེ་འབར་བས། གཞུང་ནས་ལྟས་ངན་ཡིན་ཞེས་ཚོགས་ཆེན་ལ་བསྒྲགས། རྗེ་འདིའི་ཞལ་ནས། དེ་ལྟས་ངན་མིན་འགྲོ། སྔོན་རྒྱ་པོ་ཀཽའུ་ཤི་ཧན་སོག་ཡུལ་ནས་ཡོངས་དུས་ཡང་དགེ་ལྡན་གསེར་ཏོག་ལ་མེ་འབར་བ་ཡིན། རྗེ་རིན་པོ་ཆེ་རང་གི་སྤྲུལ་བ་རེ་དངོས་སུ་བྱོན་དུས་དེ་ལྟར་ཡོངས་པས། འདི་ཡང་རྗེ་རིན་པོ་ཆེ་རང་གི་སྤྲུལ་པ་གཅིག་འབྱོན་ལྟས་ཡིན་པས། དགེ་ལུགས་ལ་འཕེལ་རྒྱས་ཡོངས་པའི་ལྟས་ཡིན། དོན་ལ་རྒྱལ་བོ་འདི་ཀཽའུ་ཤི་ཧན་གྱི་སྐྱེ་བ་ཡིན་པས། ཀཽའུ་ཤི་ཧན་རྗེ་རང་གི་སྤྲུལ་པ་ཡིན་ཞེས་ལྐོག་ནས་འཁོར་འགའ་ཞིག་ལ་གསུངས། ”[2] ཞེས་དང་།
ཡང་རྣམ་ཐར་དེའི་ཤོག་ངོས་གོ་བརྒྱད་པ་ལས། “དགུང་ལོ་ང་བརྒྱད་པ་མེ་བྱའི་ལོ་ཆོ་འཕྲུལ་གྱི་དུས་སུ་སྡེ་བ་དང་། རྒྱལ་པོ་གཉིས་མ་འཆམ་པར་རྒྱལ་པོས་སྡེ་བ་ལ་ཁྱོད་ཀྱིས་ཁོ་ལ་དུག་ཅི་འདོད་བླུད་པ་ཡིན་ཞེས་དང་། སྡེ་བས་ཁྱོད་ན་བ་དེ་དུག་ཡིན་ཟེར་མཁན་སུ་ཡིན་ཞེས་མ་འགྲིག་པ་ལ། ཉིན་གཅིག་པོ་ཏ་ལར་བོད་ཀྱིས་དམག་མང་པོ་བསགས། གོ་མཚོན་ཐོགས་ནས་བསྡད་……རྗེ་འདི་ལ་སོགས་པ་སེར་འབྲས་ཀྱི་བླ་མ་ཐམས་ཅད་ཀྱང་འཚོགས་……རྗེ་འདིས་ཐུགས་ལ་དེ་རིང་རྒྱལ་པོ་ལ་ཡང་ཆགས་ཆེ། ང་ལ་ཡང་སྡེ་བ་འདིས་གནོད་པ་བྱས་ཡོང་ཤས་ཆེ། དེ་རིང་སྡེ་བ་འདིས་ང་འཛིན་ཤོར་ཡོང་དགོས། ཁོས་ང་ཅི་འདྲ་ཡིན་པ་ཧ་མགོ་འདུག་ཀྱང་། དེ་རིང་རྟགས་ཅིག་སྟོན་དགོངས་ནས། དེ་ཉིན་ཞོག་ཁ་པོ་ཏ་ལར་ཕེབས་……དེ་ནས་སྡེ་བས་རྒྱལ་པོ་ལྷ་བཟང་འདི་འཛིན་དགོས་ཟེར། བླ་མ་ཚོ་ལ་དྲིས་པས་བླ་མ་གཞན་ཆོས་ཅང་མི་གསུངས། རྗེ་འདིའི་ཞལ་ནས། རྒྱལ་པོ་འཛིན་ན་ང་དེའི་ནང་ན་མེད། མཚོ་ཁ་ན་རྒྱལ་པོའི་ཤ་ཉེ་ཐམས་ཅད་ཡོད། དེ་ཚོས་གཞུང་དང་ང་རང་ཚོ་ཀུན་ལ་བཟང་པོ་བྱས་མི་ཡོང་གསུངས་བས་གཞན་ཚོས་དེས་ཕྱོགས་འདྲ་ཟེར་བས་འཛིན་མ་ནུས་”ཞེས་དང་།
དེ་ལྟར་ལྷ་བཟང་ཧན་གྱིས་བོད་ཀྱི་ཆབ་སྲིད་ཐད་དཀྲུགས་ཤིང་མང་དུ་བཟོས་བས་སྡེ་སྲིད་ཀྱིས་ལྷ་བཟང་ཧན་འཛིན་བཟུང་བྱ་རྒྱུར་གྲོས་བྱས་པར། འཇམ་བཞད་མཐའ་གཅིག་ཏུ་ལྷ་བཟང་ཧན་གྱི་ཕྱོགས་སུ་ལངས་ནས། སྡེ་སྲིད་ལ་རྒྱལ་པོ་ལྷ་བཟང་འཛིན་ན་ང་རང་དེའི་ནང་ན་མེད། མཚོ་ཁ་ན་རྒྱལ་པོའི་ཤ་ཉེ་དང་དམག་མང་པོ་ཡོད་པས་དེ་རྣམས་ཀྱིས་ཁྱོད་ཚོ་མྱུར་དུ་བརླག་ནས་ཡོང་ཞེས་སྡེ་སྲིད་ལ་འཇིགས་བསྐུལ་བྱས་ཏེ་ལྷ་བཟང་ཧན་འཛིན་བཟུང་བྱ་རྒྱུའི་གྲོས་གཞི་དེ་ལ་ངོ་རྒོལ་བྱས་པ་དང་། ཡང་རྣམ་ཐར་དེའི་ཤོག་ངོས་གོ་དགུ་པ་ལས། “དེ་ནས་ལྷ་སར་ཕེབས་པས་སྡེ་བས་རྒྱལ་པོ་འཁོར་བཅས་བྱང་ལ་མྱུར་དུ་འགྲོ་དགོས་ཟེར་ནས་……རྒྱལ་པོ་བྱང་ལ་ཕེབས་ཉིན་རྗེ་འདི་རང་ཉིད་ཀྱི་ཆིབས་རྟ་འཁམ་པ་བཟང་པོ་ཅིག་ཡོད་པ་དེ་རབ་འབྱམས་པ་ངག་དབང་ལ་བསྐུར་ནས་རྒྱལ་པོ་ལ་ཕུལ། ངའི་རྟ་འདི་དེ་རིང་ཆིབས་ནས་ཕེབས་ཞེས་གནང་། རྒྱལ་པོས་ཐོག་མར་བླ་མ་རང་གི་ཆིབས་རྟ་ཡིན་ཞོན་མི་ནུས་ཟེར། རབ་འབྱམས་པ་ངག་དབང་གིས་བླ་མས་ཆིབས་དགོས་གསུངས་པས་དགོངས་གཞི་ཡོད་ཞུས་པས། རྒྱལ་པོས་ཀྱང་ཁྱོད་བདེན་བླ་མས་རྟེན་འབྲེལ་བརྟགས་ཡོད་ཟེར་ནས་ཆིབས་ནས་ཕེབས། དེ་སྐབས་རྗེ་འདིའི་ཞལ་ནས། ངའི་མནལ་ལམ་ན་དམིགས་བརྩེ་མ་དབྱངས་རིང་པོ་བྱས་འཐེན་པ་རྨིས་པས། རྒྱལ་པོ་འདི་རྗེ་རིན་པོ་ཆེའི་སྤྲུལ་པ་ཡིན་འདུག བྱང་ལ་སོང་བ་བཟང་། ད་འདིས་རྗེའི་བསྟན་པ་ལ་ཕན་བཟང་པོ་ཐོགས་ཡོངས་ཞེས་འཁོར་ནང་མ་འགའ་ཞིག་ལ་གསུངས། ”ཞེས་དང་།
དེ་ནས་སྡེ་སྲིད་དང་ལྷ་བཟང་ཧན་གཉིས་བར་གྱི་འགལ་བ་དེ་ཉིན་རེ་ལས་ཉིན་རེར་རྣོ་ངར་ཅན་དུ་སོན་སྟབས། ལྷ་བཟང་ཧན་གྱི་རང་རིགས་ཀྱི་དམག་དཔུང་འདྲེན་པའི་ཆེད། བྱང་ཕྱོགས་ལ་འགྲོ་བའི་ཉིན་དེར་འཇམ་བཞད་ཀྱིས་རང་གི་ཆིབས་པ་བཟང་པོ་ཞིག་ཡོད་པ་དེ་ལྷ་བཟང་ཧན་ལ་ཕུལ་བར་མ་ཟད། ད་དུང་རང་གི་རྨི་ལམ་ཞིག་ལ་ཁ་གཡར་ནས། རྒྱལ་པོ་ལྷ་བཟང་ཧན་འདི་རྗེ་རིན་པོ་ཆེ་ཙོང་ཁ་བའི་སྤྲུལ་བ་ཡིན་ཞེས་ལན་གཅིག་ལན་གཉིས་ཀྱི་བར་ཡང་ཡང་བསྒྲགས་པས། འཇམ་བཞད་ངག་དབང་བརྩོན་འགྲུས་ཀྱིས་ཆོས་སྲིད་གཉིས་ཀའི་ཐད་མཐའ་གཅིག་ཏུ་རྒྱལ་པོ་ལྷ་བཟང་ཧན་ལ་རྒྱབ་སྐྱོར་བྱས་པས་ཁོང་གཉིས་ཀྱི་བར་འབྲེལ་བ་ཟབ་མོ་ཞིག་ཆགས་ཡོད་པ་དེ་ཤིན་ཏུ་གསལ་ལོ། །
གཉིས་པ། སྡེ་སྲིད་དང་འཇམ་བཞད་གཉིས་པར་གྱི་འགལ་བ་ཕྱོགས་གཅིག་གྲུབ་མཐའི་ཕྱོགས་ཞེན་ལས་བྱུང་བ།
དེ་ཡང་ཆོས་དད་མི་སྣ་ཞིག་ལ་མཚོན་ན་རང་ཉིད་གང་ལ་དད་གུས་བྱེད་པའི་ཆོས་ལུགས་གྲུབ་མཐའ་དེ་ནི་རང་གི་ཚེ་སྲོག་གམ་གཅེས་ནོར་དང་འདྲ་བར་རང་ཉིད་ཀྱི་བྱ་ལས་ཐམས་ཅད་ཀྱི་ནང་ནས་གལ་ཆེ་ཤོས་སུ་བརྩི་བ་དང་། གལ་སྲིད་རང་ཉིད་ཀྱིས་དད་གུས་བྱེད་པའི་ཆོས་ལུགས་གྲུབ་མཐའ་དེ་ལ་གཞན་གྱིས་གནོད་པ་བྱུང་སྐབས། ཐ་ན་རང་སྲོག་ལའང་འཛེམ་པ་མེད་པར་དེ་ལ་རྒོལ་ལན་སྤྲོད་པ་ནི་རྒྱ་ཆེ་བའི་ཆོས་དད་མི་སྣ་སྤྱིའི་ཆོས་ཉིད་ལྟ་བུ་ཡིན་ལ། དེ་ལྟར་སྡེ་སྲིད་ཀྱིས་རང་ཉིད་དད་གུས་བྱེད་པའི་གྲུབ་མཐའ་རྙིང་མའི་ཕྱོགས་བཟུང་པ་དང་། འཇམ་བཞད་ཀྱིས་རང་ཉིད་ཀྱི་དད་གུས་བྱེད་པའི་གྲུབ་མཐའ་དགེ་ལུགས་ཀྱི་ཕྱོགས་བཟུང་པས། ཁོ་གཉིས་བར་གྱི་འགལ་བ་དེ་མུ་མཐུད་ནས་གཏིང་ཇེ་ཟབ་ལ་བྱིན་ཡོད་དེ།
རྣམ་ཐར་དེའི་ཤོག་ངོས་དོན་ལྔ་པ་ལས། “གཞུང་ནས་དྲན་ཞན་ཀུན་རྙིང་མ་ལ་བསྒྱུར་འདོད་ནས་ཕ་བོང་ཁའི་རི་ཁྲོད་པ་སྡེ་བ་གྲུབ་རྒྱ་བ་ཟེར་བ་རྙིང་མའི་རྒན་ཞུགས་གཅིག་ཡོད་པ་ཤི་བའི་རོ་མཚན་མོ་ལྷ་སའི་སྟོད་ཀྱི་རག་ཁ་ཅིག་ནས་རྩང་བོ་ལ་འཕངས་ནས། སྡེ་བ་གྲུབ་རྒྱ་བ་གྲུབ་པ་ཐོབ་ནས་འཇའ་ལུས་ལ་སོང་ཞེས་འཇིག་རྟེན་པ་རྣམས་བསླུ་བའི་རྫུ་བྱས། དེ་འདྲའི་བྱ་བ་ངན་པ་འཇིག་རྟེན་ཐམས་ཅད་ཕུང་བའི་རྒྱུ་དེ་འདྲ་བྱས་པ་ད་དུང་ཁོང་ཚོ་དམ་པ་ཡིན་རྒྱུའི་ཁུལ་བྱེད། དེ་ནས་བོད་ཡུལ་ཐམས་ཅད་དུ་རྙིང་མའི་རྒན་ཞུགས་དེ་ཡང་འཇའ་ལུས་ལ་སོང་ཞེས་དྲིལ་བསྒྲགས་པས་རྟོག་དཔྱོད་མེད་པ་ཀུན་གྱི་བདེན་འདོད་ནས་ཆོས་རྙིང་མ་འདི་ཟབ་ཟེར་ནས་བོད་ཕལ་ཆེར་ཟང་ཟིང་པོ་བྱེད། ”ཞེས་དང་།
ཡང་རྣམ་ཐར་དེའི་ཤོག་ངོས་གོ་གཅིག་པ་ལས། “སྐབས་ཤིག་རྨི་ལམ་གྱི་ཚུལ་དུ་རྩ་དངོས་ནས་གཡག་ཆེན་པོ་གཅིག་དབུས་ལ་ཡོང་པས་སྐྱིད་ཤོད་ལུང་བ་ལ་ཤོང་མི་ཤོང་པའི་ཚོད་འདུག……མནད་སད་ནས་ཐུགས་ལ། ཚངས་དབྱངས་པ་དང་སྡེ་བ་གཉིས་དགེ་ལུགས་ལ་མི་དགའ་བ་འདུག ཆོས་སྐྱོང་ཚོས་ཡུན་མི་རིང་བར་བརླག་པ་འདྲ། ཞེས་གསལ་བས་འཇམ་བཞད་ཀྱིས་སྡེ་སྲིད་དང་ཚངས་དབྱངས་རྒྱ་མཚོ་”གཉིས་ཀྱི་སྐུ་ཚེ་རིང་བོ་མ་བརྟན་པ་དེ་ནི། ཁོང་གཉིས་དགེ་ལུགས་པའི་གྲུབ་མཐའ་ལ་མི་དགའ་བས། ཆོས་སྐྱོང་གིས་ཁོང་གཉིས་བགྲད་པ་ཡིན་པར་བཤད། སྤྱིར་སྡེ་སྲིད་ནི་སྐབས་དེར་དགའ་ལྡན་ཕོ་བྲང་གི་སྲིད་འཛིན་པ་ཆེས་མཐོ་ཤོས་ཡིན་པས། དགའ་ལྡན་ཕོ་བྲང་གི་སྲིད་དབང་དེ་ནི་ཉིད་ཀྱི་རྩ་བའི་བླ་མ་རྒྱལ་དབང་ལྔ་བས་གུ་ཤྲི་ཧན་གྱི་རྒྱབ་སྐྱོར་ལ་བརྟེན་ནས། གཙང་བ་སྡེ་སྲིད་ཀྱི་སྲིད་དབང་མགོ་རྟིང་བསློགས་ནས་དགའ་ལྡན་ཕོ་བྲང་གི་སྲིད་དབང་དངོས་སུ་བཙུགས་པ་ཡིན་པས། སྲིད་དབང་གི་མཚན་ལའང་དགའ་ལྡན་ཕོ་བྲང་ཞེས་དགེ་ལུགས་པའི་གྲུབ་མཐའི་མིང་གི་ཆ་ནས་བཏགས་ཡོད་པས། དོན་ལའང་དགེ་ལུགས་པ་གཙོ་བོ་ཡིན་པའི་སྲིད་དབང་ཞིག་ཡིན་ལ། དེས་ན་སྡེ་སྲིད་ཀྱིས་དགའ་ལྡན་ཕོ་བྲང་གི་སྲིད་དབང་འཛིན་བཞིན་དུ་དགའ་ལྡན་པའི་ལུགས་ལ་མི་དགའ་བ་རེད་ཞེས་རང་གི་སྲིད་དབང་ལ་རང་ཉིད་མི་དགའ་བར་སྨྲ་བ་ནི་མངོན་སུམ་ལ་བསྙོན་པ་ཞིག་མ་ཡིན་ནམ།
སྡེ་སྲིད་ཀྱིས་རང་གི་སྐུ་ཚེ་གང་བོར་དགེ་ལུགས་པའི་དགོན་སྡེ་གཅིག་ལའང་གནོད་འཚེ་བཏང་མྱོང་མེད་པར་མ་ཟད། ད་དུང་དགའ་ལྡན་ཆོས་འབྱུང་སོགས་དགེ་ལུགས་པའི་བསྟན་བཅོས་ཀྱང་མང་དུ་བརྩམས་ཡོད་པས་དགེ་ལུགས་པའི་གྲུབ་མཐའ་ལ་དགའ་ཞེན་ཡོད་པ་མཚོན་ཐུབ་པོ། ལྷག་པར་དུ་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་ནི་སྐབས་དེར་སྐུ་ན་ཧ་ཅང་གཞོན་སྟབས་དགེ་ལུགས་དང་རྙིང་མ་གཉིས་གང་རུང་ལ་དགའ་དང་མི་དགའ་བའི་རྣམ་འགྱུར་གང་ཡང་མེད་པ་དང་། གལ་སྲིད་རྙིང་མ་ལ་དགའ་ཞེན་ཡོད་ན་དགེ་ལུགས་ལ་མི་དགའ་བའི་མ་ཁྱབ་པ་བཅས་རིགས་པས་དཔྱད་ན་ཤེས། དགེ་ལུགས་པ་ལ་མི་དགའ་བ་དེ་རྣམས་ཆོས་སྐྱོང་གི་བགྲོད་དགོས་ན། རེ་ཞིག་ནང་པ་སངས་རྒྱས་པ་ལ་མི་དགའ་བར་དགྲར་བལྟ་བའི་ས་སྟེང་ཁྱབ་པ་དེ་ཚོ་རྣམས་ཆོས་སྐྱོང་གིས་བགྲོད་དགོས་པ་ལ། དེ་ལས་ལྡོག་ཏེ་ནང་བའི་བསྟན་འཛིན་གྱི་སྐྱེས་བུ་ཆེན་པོ་དག་བགྲོད་པ་ནི་ཧ་ཅང་ངོ་མཚར་ཆེའོ། །མདོར་ན་བཤད་ཚུལ་དེ་དག་རྣམས་ཆབ་སྲིད་ཀྱི་དམིགས་ཡུལ་ཁོ་ན་ལས་མ་འདས་སོ། །
གསུམ་པ། སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང་འཇམ་བཞད་ངག་དབང་བརྩོན་འགྲུས་གཉིས་བར་གྱི་འཐབ་རྩོད་སྐོར།
དེ་ནས་ལྷ་བཟང་ཧན་གྱིས་སྡེ་སྲིད་ཀྱི་དབང་ཆ་ཡོངས་སུ་རྫོགས་པར་འཕྲོག་ལེན་བྱེད་པའི་ཆེད། རང་ཡུལ་ནས་སོག་དམག་མང་པོ་ཞིག་ཁྲིད་ནས་གླང་ཐང་ལ་སླེབས་པར། སེར་འབྲས་དགེ་གསུམ་དང་རྒྱུད་སྟོད་སྨད་ཀྱི་བླ་མ་རྣམས་དང་། པཎ་ཆེན་རིན་པོ་ཆེ་སྐུ་ཚབ་སོགས་ཐམས་ཅད་དམག་བཤོལ་ལ་ཕེབས་ནས་བཤོལ་བཏབ་ཀྱང་ལྷ་བཟང་ཧན་གྱི་དམག་དཔུང་སྟོབས་དང་ལྡན་པ་དེ་བཤོལ་མ་ནུས། དེ་ནས་སྡེ་སྲིད་ཀྱིས་འཇམ་བཞད་དམག་བཤོལ་ལ་བསྐུལ་བར། འཇམ་བཞད་ཀྱིས་རང་ཉིད་ལ་ཆིབས་རྟ་མེད་པར་ཁ་གཡར་ནས་དམག་བཤོལ་ལ་མ་བྱིན། ད་དུང་འཇམ་བཞད་ཀྱིས་ད་ནི་མི་རིང་བར་མྱུར་དུ་སྡེ་སྲིད་ཀྱི་མགོ་བོ་ལེན་པར་འགྱུར་རོ་ཞེས་སྡེ་སྲིད་མ་བཀྲོངས་པའི་སྔོན་ནས་མགོ་བོ་ལེན་པར་ཤེས་ཡོད་པ་ལ་བལྟས་ན། ལྷ་བཟང་ཧན་དང་འཇམ་བཞད་གཉིས་ཀྱིས་སྔོན་མ་ནས་སྡེ་སྲིད་ཀྱི་དབུ་ལེན་རྒྱུ་གསང་གྲོས་ཟབ་མོ་ཞིག་ཡོད་པ་དེ་མཚོན་ཐུབ་བོ། རྒྱུ་མཚན་དེ་དག་གིས་སྡེ་སྲིད་བགྲོངས་པའི་ཕུགས་སུ་འཇམ་བཞད་ཡོད་པ་ཤིན་ཏུ་གསལ་ལོ། །དེ་ནས་སྡེ་སྲིད་ཀྱིས་སེར་འབྲས་སོགས་གཞན་པའི་བླ་སྤྲུལ་སུས་ཀྱང་དམག་བཤོལ་མི་ནུས་པར་ཤེས་ནས་བྱ་ཐབས་གཞན་ཟད་དེ་སླར་ཡང་འཇམ་བཞད་ལ་ཚིག་འཇམ་པོས་ང་རང་ཁྱོད་ལ་ཡིད་ཆེས་དང་བློ་གཏད་ཡོད། ཁྱོད་ཀྱིས་དམག་བཟློག་མ་ནུས་ན་གཞན་སུས་ཀྱང་མི་ནུས། ཅིས་ཀྱང་དམག་བཤོལ་ལ་ཕེབས་པར་ཞུ་ཞེས་རང་སྲོག་སྐྱོབ་པའི་ཆེད་འཇམ་བཞད་ལ་གསོལ་བ་ཕུར་ཚུགས་སུ་ཡང་ཡང་བཏབ་ཀྱང་། འཇམ་བཞད་ཀྱིས་ཞུ་བ་དེ་གཏན་ནས་ཁས་མ་བླངས་པར་བསམ་བཞིན་དཔའ་བོ་ཆེན་པོ་སྡེ་སྲིད་དགྲ་བོའི་ལག་ཏུ་བཞག་པ་ནི་ཆེས་ཤིན་ཏུ་ཡ་ང་བའི་གནས་ཞིག་གོ དེ་དག་གི་ཚིག་རིས་ཇི་བཞིན་རྣམ་ཐར་དེའི་ཤོག་ངོས་བརྒྱ་ཐམ་པ་ལས། “སྡེ་བས་རྗེ་འདི་ལ་མི་བཏང་ནས་རྒྱལ་པོ་གླང་ཐང་ལ་སླེབས་འདུག ཁྱོད་བླ་མ་ཚོ་སོང་ལ་ཕྱིར་འགྲོ་ཆུག་ཟེར། རྗེ་འདིས་རྒྱལ་པོས་བླ་མ་ཚོ་མི་བརྩི་བ་འདུག ང་ལ་ཁ་རྟ་ཡང་མེད་ཞུས་པས། སྡེ་བ་ཁྲོས་ནས་ད་རེས་ཕེབས་དང་རྟ་ངས་བྱིན་ཆོག་ཟེར་བསྡིག་བྱུང་། རྗེ་འདིའི་ཐུགས་ལ་ཧ་གོ་བྱུང་། ཆུ་ལ་ང་བྱུག་ཟེར་རྒྱུ་རེད་དེ། ངེད་རང་གཉིས་སུའི་སྐེ་ལ་འབབ་མྱུར་དུ་རིག་ཡོང་དགོངས། དེ་ནས་བླ་མ་ཐམས་ཅད་ཕེབས་པས་ཕྱིར་བཟློག་མ་ཐུབ། དེ་ནས་སྡེ་བས་ཚིག་འཇམ་པོས། རྗེ་འདི་ལ་བླ་མ་གཞན་ཚོ་ལ་ཡིད་ཡང་མི་ཆེས། དེ་ཚོས་ཅང་མི་ཡོང་། ངས་ཁྱོད་ལ་བློ་གཏད་ཡོད་པས་ཁྱོད་ཀྱིས་བཟློག་མ་ཐུབ་ན་བྱེད་ཐབས་མེད་ཟེར་བྱུང་། ” ཞེས་སོགས་དང་།
དེ་ནས་ལྷ་བཟང་ཧན་གྱིས་སོག་དམག་སྟོབས་དང་ལྡན་པ་ཞིག་ཁྲིད་[3]ནས་ནག་ཆུར་[4]སླེབས་རྗེས། སོག་དམན་རྣམས་ཁག་གཉིས་སུ་བགོས་ཏེ་རྒྱལ་པོ་རང་དང་དམག་དཔུང་ཁག་གཅིག་འཕན་པོ་བརྒྱུད་ཡོང་བ་དང་། ཁོང་གི་ཆུང་མ་རྒྱལ་མོ་ཚེ་རིང་བཀྲ་ཤིས་(འདི་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་གཉིས་སྔོན་མ་ནས་འབྲེལ་བ་ཡོད་སྐད།)ཀྱིས་དམག་དཔུང་ཁག་གཅིག་ཁྲིད་དེ་སྟོད་ལུང་བརྒྱུད་ནས་ཡོངས། དེ་ནས་སྡེ་སྲིད་བྲེད་སྟབས་ཀྱིས་གོང་དཀར་དུ་ཕེབས། དེ་ནས་ལྷ་བཟང་ཧན་གྱིས“ནུབ་མཚན་བརྒྱབ་ནས་གོང་དཀར་ལ་སོང་སྟེ་སྡེ་སྲིད་བཟུང་ནས་ཚུར་སྟོད་ལུང་དུ་རྒྱལ་མོ་ཚེ་རིང་བཀྲ་ཤིས་དང་སྲས་པོ་གཉིས་ཡོད་པའི་སར་བསྐུར”་[5]⑤། སྡེ་སྲིད་ཀྱིས་ཐུགས་ལ་རྒྱལ་མོ་ཚེ་རིང་བཀྲ་ཤིས་འདི་བོད་མི་ཞིག་ཡིན་ཁར་ངས་བོད་ཀྱི་ཆབ་འབངས་ཀྱི་དོན་དུ་བྱ་བ་ཇི་སྙེད་པ་བསྒྲུབས་པས་མོས་ང་མི་གསོད་ལ། འདི་བརྒྱུད་ནས་ལྷ་བཟང་ཧན་ལ་སྐད་ཆ་འདྲ་ཡང་བཤད་དགོས་དགོངས། བསམ་ཡུལ་ལས་འདས་པ་ཞིག་ལ་རྒྱལ་མོ་ཚེ་རིང་བཀྲ་ཤིས་ཀྱིས་འཕྲལ་དུ་བསྡམས་བཀྱིག་བྱས་ཏེ་བཀྲོངས་ཞེས་བཀའ་ཕབ་སྟེ། བོད་རབ་བྱུང་བཅུ་གཉིས་པའི་ཤིང་བྱ་སྤྱི་ལོ་༡༧༠༥ལོའི་ཟླ་༧ཚེས་༢༩ཉིན་སྡེ་སྲིད་ཀྱི་མགུལ་བཅད་དེ་བཀྲོངས་སོ། །
བཞི་པ། འཇམ་བཞད་ངག་དབང་བརྩོན་འགྲུས་ཀྱིས་རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་ལ་ལྟ་ཚུལ་ཇི་འདྲ་ཞིག་འཛིན་པའི་སྐོར།
རྒྱལ་བ་ཚངས་དབྱངས་རྒྱ་མཚོ་ནི་མཚོ་སྣ་རྫོང་མོན་ལ་འོག་ཡུལ་གསུམ་དུ་སྤྱི་ལོ་1683བོད་རབ་བྱུང་བཅུ་གཅིག་པའི་ཆུ་ཕག་ལོའི་ཟླ་བ་གསུམ་པའི་ཚེས་གཅིག་ལ་འཁྲུངས། དེ་ནས་སྤྱི་ལོ་1697བོད་རབ་བྱུང་བཅུ་གཉིས་པ་མེ་གླང་ལོར་པོ་ཏ་ལའི་གསེར་ཁྲི་ལ་མངའ་གསོལ་སྐབས། སྡེ་སྲིད་མཆོག་གིས་གཙོས་བོད་སོག་སེར་སྐྱ་ཁྲི་ཕྲག་ལས་བརྒལ་བ་རྣམས་ཆིབས་བསུ་ལ་ཕེབས་པར། འཇམ་བཞད་ངག་དབང་བརྩོན་འགྲུས་ཀྱིས་ཚངས་དབྱངས་རྒྱ་མཚོའི་སྤྲུལ་སྐུ་འདི་གཏན་ནས་མི་འདོད་སྟབས། ཐ་ན་ཁོ་བོ་ཆིབས་བསུ་ལའང་འགྲོ་འདོད་མེད་པ་དང་། འོན་ཀྱང་མི་འདོད་བཞིན་དུ་ནན་གྱིས་བྱིན་པ་ནི། གཅིག་ནས་སྡེ་གཞུང་སོགས་ཀྱི་མི་ཁ་འོང་བར་དོགས་པ་དང་། གཉིས་ནས་ཚངས་དབྱངས་རྒྱ་མཚོའི་སྤྲུལ་སྐུ་འདི་ལ་ཉམས་ཚོད་བརྟག་པའི་ཕྱིར་དུ་ཕེབས་པ་ཡིན་པར་རྣམ་ཐར་དེའི་ཤོག་ངོས་དྲུག་ཅུ་རེ་དགུ་པ་ལས། “མེ་གླང་གི་ལོ་ལ་ཚངས་དབྱངས་རྒྱ་མཚོ་མོན་ནས་གདན་དྲངས་ཏེ་སྣེའུ་ཐང་ལ་ཕེབས། དེ་དུས་རྗེ་འདི་དགེ་འཕེལ་ན་བཞུགས་ཡོད་པས། ཐུགས་དགོངས་ལ་རི་ཁྲོད་པ་ཆིབས་བསུ་ལ་འགྲོ་དགོས་ཆུང་ཡང་། གཞུང་གི་མཁྱེན་གིན་ཡོད་པས། ཆ་གཅིག་ལ་སྐུ་སྐྱེས་འདི་མ་འདོད་ཟེར་མི་འོང་བའི་ངེས་པའང་མེད་པ། ཐམས་ཅད་མཁྱེན་པའི་སྐུ་སྐྱེས་དངོས་གཞི་ཡིན་མིན་བརྟག་དཔྱད་ཅིག་བྱེད་དགོངས་ནས་འབྲས་སྤུངས་ལ་ཕེབས་” [6]ཞེས་དང་།
དེ་ནས་དབུས་ཀྱི་སྡེ་སྲིད་ཀྱི་གཙོས་མི་ཆེན་བླ་ཆེན་ལས་སྣེ་ཁྲི་ཕྲག་དུ་མ་དང་ལྷན་དུ་ཆིབས་བསུ་ལ་ཕེབས་ཏེ། ཚངས་དབྱངས་རྒྱ་མཚོ་ཕེབས་པར་རང་རང་སོ་སོའི་འབུལ་བ་ཕུལ་ཏེ་ཕྱི་ཉིན་འཇམ་བཞད་འབྲས་སྤུངས་ལ་ཕེབས་དུས་གློ་བུར་དུ་ཐུགས་འཚུབ་ནས་ཕྱག་གཡོག་རྣམས་ལ་བཀའ་བཀྱོན་བཏང་། དེ་ནས་ཁོང་གི་ཕྱག་གཡོགས་པས་སྐབས་དེར་སྐུ་ཆོས་བོར་བས། དགུང་མོ་ཚབ་ཞིག་ཕུལ་བར། དེ་ལ་ཁ་གཡར་ནས་ཚངས་དབྱངས་རྒྱ་མཚོའི་བསླབ་མགོ་མི་ཐོན་པ་རེད། ཆིབས་བསུ་སྐབས་བལྟ་དུས་ཁོ་ལ་དབུ་མེད་པའི་སྣང་བ་འཆར་བ་བཅས་བྱུང་བས་ཚངས་དབྱངས་རྒྱ་མཚོ་ནི་སྤྲུལ་སྐུ་མ་རེད་ཞེས་བསྒྲགས་པ་ཡང་རྣམ་ཐར་དེའི་ཤོག་ངོས་བདུན་ཅུ་པ་ལས། “རྟེན་འབྲེལ་མ་ལེགས་སྐུ་སྐྱེས་འདིས་བསླབ་པ་མགོ་མི་ཐོན་པའི་ལྟས་ཡིན་འདུགཆིབས་བསུའི་སྐབས་སུ་གཟིགས་སྣང་མི་ལེགས་པ་གཅིག་བྱུང་། སྐུ་སྐྱེས་དེ་ལ་དབུ་མི་འདུག་སྙམ་པ་ཡུན་རིང་གཟིགས་པས་མ་མཐོང་ཞིབ་ཏུ་ཡང་ཡང་གཟིགས་པས་རེ་ཞིག་ལམ་ཤར། དོན་ལ་རྫུན་མ་གཅིག་ཡིན་པའི་བརྡ་རེད། ”ཞེས་དང་། ꪥདེ་ནས་ཅུང་གར་ནས་ཧུང་ཐེའི་ཇིའི་བང་ཆེན་པ་འབྱོར་བར། དེ་ཕྱིར་ལོག་འགྲོ་སྐབས་འཇམ་བཞད་ཀྱིས་ཧུང་ཐེའི་ཇི་ལ་ཞུ་རྒྱུ་བསྐུར་བ་ནི། ལུང་བསྟན་མང་པོར་བསྙད་བཏགས་ནས་རྒྱལ་བའི་སྐུ་སྐྱེ་ངོ་མ་ཁམས་ནས་འཁྲུངས་པ་དེ་(ལྷ་བཟང་ཧན་གྱི་བུ་ཕྱག་པད་དཀར་བྱ་བ)ཡིན། ཚངས་དབྱངས་རྒྱ་མཚོ་ལ་ལུང་བསྟན་མེད་ཚུལ་བཤད་པ་སོགས་རྣམ་ཐར་དེའི་ཤོག་ངོས་བརྒྱ་དང་གསུམ་པར། “ལོ་འདིར་ཅུང་གར་ནས་ཧུང་ཐེའི་ཇིའི་བང་ཆེན་པ་ཡོང་པ་ལ་ཧུང་ཐེའི་ཇིའི་རྗེ་འདི་ལ་ཞུ་ཡིག་དང་འབུལ་བ་བཟང་པོ་གནང་འདུག བན་ཆེན་པ་ཕྱིར་འགྲོ་སྐབས་སྐུ་མདུན་ལ་ཡོངས་པ་ལ། དཔོན་སློབ་བློ་བཟང་ཕུན་ཚོགས་ཀྱི་ལོ་ཙཱ་བྱས་གཞན་གཅིག་ཀྱང་མ་ཆུད་པར་བསྟན་པའི་ལ་རྒྱའི་གསུངས་མང་པོ་ཧུང་ཐེའི་ཇི་ལ་ཞུ་རྒྱུ་བསྐུར། དེ་དུས་ཧུང་ཐེའི་ཇིས་ཀྱང་རྒྱལ་པ་རིན་པོ་ཆེའི་སྤྲུལ་སྐུ་ཚངས་དབྱངས་པ་མིན་ལུགས་མང་པོ་བཤད་འདུག རྗེ་འདིའི་ཞལ་ནས་རྒྱལ་བའི་སྐུ་སྐྱེས་པ་འདི་ལུང་བསྟན་མང་པོའི་བབ་ལ་ཁམས་ནས་འཁྲུངས་པ་འདི་ཡིན། ཚངས་དབྱངས་པ་ལ་ལུང་བསྟན་མེད་གསུངས་པས། དཔོན་པོ་བློ་བཟང་ཕུན་ཚོགས་ཀྱིས་དེ་ཞུ་མི་ཉན་……བྱ་བ་འདི་ཡང་དོན་ཆེན་པོ་ཅན་ཡིན་པས། རྗེས་སོར་གསུངས་འདིའི་ཐོག་ལ་མ་སོང་ན་ཁྱོད་ལ་ཡག་པོ་བྱས་མི་ཡོང་། ང་ཡང་ཧུང་ཐེའི་ཇིས་བསད་ཡོང་ཞུས། རྗེ་འདིས་ཁྱོད་ལ་ལབ་རྒྱུ་མ་མང་ངའི་ཚིག་ཤོད། ཁྱོད་ཀྱིས་ངའི་ཚོད་ཟིན་མི་ཡོང་ཞེས་བཀའ་བཀྱོན་གནང་ནས་དབང་མེད་དུ་བཤད་དགོས་བྱུང་། ”ཞེས་དང་། ꪥལྷ་བཟང་ཧན་གྱིས་བོད་ཀྱི་སྲིད་དབང་ཡོངས་རྫོགས་འཛིན་པའི་ཆེད་སྡེ་སྲིད་དམར་གསོད་བཏང་བས་མི་ཆོག སྡེ་སྲིད་ཀྱིས་ཁོ་པའི་ཕ་ལ་ཟས་དུག་གཏོང་རྩིས་བྱེད་ཚུལ་དང་། ལྷག་པར་དུ་པེ་ཅིན་དུ་མི་སྣ་བཏང་ནས་གོང་མ་ཁང་ཞིར་སངས་རྒྱས་རྒྱ་མཚོས་ཇུན་གར་དང་ངན་འགྲེལ་གྱིས་ངོ་ལོག་ཇུས་འགོད་བྱས་ཚུལ་དབྱེན་སྦྱོར་ཞུས་པར་མ་ཟད། ད་དུང་གོང་མར་བརྩི་བཀུར་མེད་ལུགས། སྡེ་སྲིད་ཀྱིས་པོ་ཏ་ལའི་ཁྲིར་བཀོད་པའི་ཚངས་དབྱངས་རྒྱ་མཚོ་ཡང་ཏཱ་ལའི་བླ་མ་ལྔ་བའི་ཡང་སྲིད་ངོ་མ་མ་ཡིན། དེ་ནག་ཆང་དང་དགའ་རྩེད་ལ་མགོ་འཁོར་ནས་སྡོད་པ་ལས། སྡོམ་ཁྲིམས་མི་སྲུང་བས་ཁྲི་ལས་འབེབས་དགོས་ལུགས་ཀྱི་གསང་སྙན་ཡང་སྒྲོན། དེ་ནས་གོང་མས་བོད་དུ་ཕོ་ཉ་བ་བཏང་ནས་ཚངས་དབྱངས་རྒྱ་མཚོ་པོ་ཏ་ལའི་ཁྲི་ནས་ཕབ་སྟེ་པེ་ཅིན་དུ་སྐྱེལ་གཏོང་གནང་དགོས་པའི་བཀའ་ཕེབས་པར།
དེ་དུས་བོད་ཀྱི་བླ་སྤྲུལ་རྣམས་ཀྱིས་གྲོས་བྱས་པར། ཚངས་དབྱངས་རྒྱ་མཚོ་རྒྱ་ནང་དུ་བྱིན་ན་ཚེ་སྲོག་ལ་བར་ཆད་འོང་བར་དོགས་ནས་རྒྱ་ནང་དུ་གཏོང་རྒྱུ་གཏན་ནས་ཡིད་འཐད་མ་བྱུང་པ་ལ། འཇམ་བཞད་ཀྱིས་གོང་མས་བཀའ་ཡིན་པས་སོང་ན་བཟང་ཞེས་བཤད་པས། ཐམས་ཅད་ཀྱིས་སྒོ་མང་བླ་མས་སྐུ་ཕྱོགས་རྒྱ་ནག་ལ་བརྫངས། ཁྲི་ཁོ་རང་གི་འདོད་པ་རེད་ཞེས་བཤད་པར། འཇམ་བཞད་ཀྱིས་ངའི་འདོད་ན་དེའི་ཆེ་ཞིག་འདོད། ཁྱོད་ཚོས་ཁྲི་འདི་ཅི་ཡིན་ཞེས་བཤད་པས། འཇམ་བཞད་ཀྱིས་དམིགས་ཡུལ་མཐར་ཐུག་སྡེ་སྲིད་ཀྱི་གོ་གནས་དེ་འཛིན་འདོད་ཀྱིས་བསམ་བློ་ཡོད་པ་རྣམ་ཐར་དེའི་ཤོག་ངོས་བརྒྱ་དང་དྲུག་པ་ལས། “དེ་སྐབས་རྒྱལ་པོ་བྱང་ཁ་ནས་ཚུར་དམག་དང་བཅས་ཕེབས་པ་དང་མཉམ་དུ་རྒྱ་ནག་གི་མི་སྣ་ཡོང་བ་དེ་ཡང་ལྷ་སར་ཡོང་། རྒྱལ་པོས་སེར་འབྲས་དགེ་གསུམ་རྒྱུད་སྟོད་སྨད་སོགས་ཀྱི་བླ་མ་རྣམས་དང་གཞུང་གི་མི་དྲག་ཐམས་ཅད་འདུས་ཞེས་སྐད་བྱས། འདུས་ཐོག་ནས་གོང་མ་རྒྱལ་པོས་ཚངས་དབྱངས་པ་རྒྱ་ནག་ལ་ཁྱེར་ཡོང་དགོས་ཞེས་གསུངས་པས་ཇི་ལྟར་བྱེད་ཞེས་གྲོས་བྱས། ཐམས་ཅད་ཀྱིས་དེ་རྒྱ་ནག་ལ་གདན་འདྲེན་བྱེད་ན་བོད་འདི་སུ་ལ་བརྟེན་འདུག ཐམས་ཅད་ཀྱིས་རྟེན་ས་སྐུ་ཕྱོགས་གཅིག་པུ་ཡིན་མོད་ཟེར།
རྗེ་འདིས་གོང་མ་རྒྱལ་པོས་གདན་འདྲེན་དགོས་གསུངས་ན་ཕེབས་ན་བཟང་། གོང་མ་རྒྱལ་པོའི་ངོ་ཡ་བོད་ཀྱིས་མི་ཐུབ། དེ་ལས་ཁོང་གི་གསུངས་ལྟར་བྱས་ན་ཐམས་ཅད་ལ་དེ་བཟང་། སྐུ་ཕྱོགས་ལ་ཡང་བཟང་པོ་གནང་ཡོང་ཤེས་ཆེ་གསུངས་པས། ཐམས་ཅད་ཀྱིས་སྒོ་མང་བླ་མས་མ་བྱུང་སྐུ་ཕྱོགས་རྒྱ་ནག་ལ་བྱིན་ཟེར། ཁོང་གི་སྐུ་ཕྱོགས་མི་འདོད་པ་འདུག་ཟེར་ཞེས་སྒྲོགས། གཞན་ཚོས་ཡང་སྒོ་མང་བླ་མས་སྐུ་ཕྱོགས་རྒྱ་ནག་ལ་བྱིན། ཁྲི་ཁོ་རང་གི་འདོད་ནི་ཡིན་པ་ཟེར་བ། རྗེ་འདིའི་གསན་པས་ཁྱོད་ཚོས་ཧ་མ་གོ་བ། ངའི་འདོད་ན་དེའི་ཆེ་ཅིག་ཡོང་། ཁྱོད་ཆོས་ཁྲི་འདི་ཅི་ཡིན་བྱས་ནས་ངས་འདོད་གསུངས། ”ཞེས་སོགས་དང་། མདོར་ན་རྣམ་ཐར་དེའི་མགོ་མཇུག་བར་གསུམ་ཀུན་ཏུ་འཇམ་བཞད་ཀྱིས་ཚངས་དབྱངས་རྒྱ་མཚོ་ཞེས་མཚན་ཡོངས་ནས་མི་འཛིན་པར། “ཚངས་དབྱངས་པ། ཕྲུག་གུ་ཚངས་དབྱངས་པ། ”ཞེས་སྨད་ཚིག་ཁོ་ནའི་འཛིན་པས་ཀྱང་ཁོང་ནི་ཚངས་དབྱངས་རྒྱ་མཚོ་ལ་ལྟ་ཚུལ་ག་འདྲ་ཞིག་ཡོད་པ་མཚོན་ཐུབ། དེ་ལྟར་ལྷ་བཟང་“ཧན་དང་འཇམ་བཞད་ངག་དབང་བརྩོན་འགྲུས་གཉིས་ཀྱིས་གཡོ་སྒྱུའི་སྦྱོར་བ་དང་། དྲག་པོའི་སྟོབས་ཤུགས་བཅས་ལ་བརྟེན་ནས་སངས་རྒྱས་རྒྱ་མཚོ་དམར་གསོད་བཏང་སྟེ་བོད་ཀྱི་སྲིད་དབང་ཡོངས་རྫོགས་བཟུང་བར་མ་ཟད། ད་དུང་ཚངས་དབྱངས་རྒྱ་མཚོ་པོ་ཏཱ་ལའི་གསེར་ཁྲི་ནས་ཕབ་སྟེ་མཐར་སྤྲོད་བཏང་། དེ་ནས་འཇམ་བཞད་ངག་དབང་བརྩོན་འགྲུས་གྱི་རྒྱབ་སྐྱོར་ལ་བརྟེན་ནས། ལྷ་བཟང་ཧན་ཀྱིས་རང་གི་ཕྲུ་གུ་[7]དེ་ལ་པད་དཀར་འཛིན་པ་ངག་དབང་ཡེ་ཤེས་རྒྱ་མཚོ་[8]ཞེས་མཚན་བཏགས་ནས་པོ་ཏ་ལའི་གསེར་ཁྲིར་མངའ་གསོལ་ཞིང་། ལོ་བཅུ་གཅིག་ཙམ་ཁྲི་ལ་བཞུགས་ན་ཡང་བོད་འབངས་སྐྱེ་བོ་ཀུན་གྱིས་ལྷ་བཟང་ཧན་གྱི་གཡོ་རྒྱུ་གསལ་བར་རྟོགས་ནས་སྐུ་ཞབས་ཡེ་ཤེས་རྒྱ་མཚོ་ལགས་ཞེས་འབོད་པ་ལས་སུས་ཀྱང་ཏཱ་ལའི་བླ་མའི་ཡང་སྲིད་ཡིན་པར་ཁས་ལེན་བྱེད་ཀྱིན་ཡོད་པ་མ་རེད།
[1] བསེ་ངག་དབང་བཀྲ་ཤིས་ཀྱིས་མཛད་པའི་འཇམ་བཞད་རྣམ་ཐར་《རྗེ་བཙུན་དམ་པ་མཚན་བརྗོད་པར་དཀར་བ་འཇམ་དབྱངས་བཞད་པའི་སྡེའི་རྣམ་ཐར་ཐར་བ་ཡོངས་སུ་བརྗོད་པའི་གཏམ་དུ་བྱ་བ་དད་པའི་སྒོ་འབྱེད་ཀེ་ཏ་ཀའི་འཕྲེང་བ་ཞེས་བྱ་བ》ཞེས་པའི་ཤོག་ངོས་དོན་གཅིག་པར་གསལ། རྣམ་ཐར་དེ་ནི་ཤིང་པར་མདའ་ཚད་མ་ཤོག་གྲངས་ཉིས་བརྒྱ་བཅུ་ལྷག་ཡོད།
[2]རྣམ་ཐར་དེའི་ཤོག་ངོས་གོ་གཅིག་པར་གསལ།
[3]《དེབ་ཐེར་ཀུན་གསལ་མེ་ལོང་》གི་ལེའུ་དྲུག་པའི་ནང་གསལ། 1987ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་བཏོན།
[4]ཡ་ཧན་ཀྲང་གིས་བརྩམས་པའི་《ཏཱ་ལའི་བླ་མའི་རྣམ་ཐར》དུ་གསལ། 1986ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བཏོན།
[5]《རྣམ་ཐར་དད་པའི་སྒོ་འབྱེད་ཀེ་ཏ་ཀའི་འཕྲེང་བའི་》ཤོག་ངོས་བརྒྱ་དང་གཅིག་པར་གསལ།
[6] 《རྣམ་ཐར་དད་པའི་སྒོ་འབྱེད་ཀེ་ཏ་ཀའི་འཕྲེང་བའི་》ཤོག་ངོས་རེ་དགུ་པར་གསལ།
[7]《བོད་ཀྱི་ལོ་རྒྱུས་དོན་ཆེན་རེའུ་མིག》དུ་གསལ། 1987ལོར་མི་རིགས་དཔེ་སྐྲུན་ཁང་གིས་བཏོན་པ།
[8]《དེབ་ཐེར་ཀུན་གསལ་མེ་ལོང་》གི་ལེའུ་དྲུག་པའི་ནང་གསལ།
འདི་ནི་དངོས་བོའི་གནས་ཚུལ་འདྲ་ཞིག་རེད། ངས་གོ་ཐོས་ལ་འཇམ་བཞད་ཁོ་རང་ལྷ་བཟང་ཧན་གིས་རྗེ་ཙོང་ཁ་བའི་སྤྲུལ་སྐུ་ཡིན་ཚུལ་བསྒྲགས་པ་དང་།དེ་ནས་འཇམ་བཞད་ཀྱི་གཏམ་གང་བཤད་ལ་ནུས་པ་ཐོན་པ་ཞིག་ཐོས་སོང་། ཡིན་ཡང་ལོ་རྒྱུས་འདི་ནས་ཟེར་བ་ཁུང་ལུང་བཤད་ཡ་མེད། གོ་ཐོས་ཙམ་ཡིན། འཇམ་བཞད་མཁས་པ་ཆེན་པོ་ཡིན་པ་སྨྲ་མེད་རེད།ཡིན་ཡང་ཆབ་སྲིད་མི་ཤེས་བའི་ཁར་རང་གཤིས་མ་བརྟན་པ་འདིས་འབྲས་བུ་ཐབས་སྐྱོ་བོ་བྱུང་འདུག་སྙམ།
ཡག་པོ་ཞིག་བཀླགས་པ་ཡིན། བློ་གཟུ་བོར་གནས་ནས་བྲིས་ཡོད་པ་འདྲ་བོ་འདུག རྗེས་སུ་ཡི་རང་ཡོད། མུ་མཐུད་ནས་འདི་འདྲ་འབྲི་རོགས་ཞུ། རྒྱལ་དབང་ལྔ་བ་དང་སྡེ་སྲིད་གཉིས་ཀྱིས་ནོར་འཁྲུལ་ཚབས་ཆེས་ཤོས་ནི། དེ་དུས་སྟོབས་ཤུགས་ཡོད་ཚད་བཀོལ་ནས་ཕོ་ཏ་ལ་རྒྱ་སྐྱེད་བཏངས་པ་དེ་རེད། དེ་མིན་གལ་ཏེ་བོད་ཆོལ་ཁ་གསུམ་གཅིག་ཏུ་སྒྲིལ་རྒྱུ་དང་དམག་ཤུགས་རྒྱ་སྐྱེད་བཏངས་བ་གཉིས་ལ་བརྩོན་ཡོད་ན་ང་རང་ཚོའི་རང་བཙན་ཀྱང་ཤོར་མེད་ཚོད་རེད། རྒྱལ་དབང་ལྔ་བའི་ཡང་སྲིད་ལ་ཡང་འཕོ་འགྱུར་མེད་པར་མ་ཟད་སྡེ་སྲིད་ཀྱི་སྐུ་ཚེའང་མཐར་ཕྱིན་སྲིད་པ་རེད། །
འདི་ཡང་སེར་མོ་བས་ཆབ་སྲིད་སྡིང་ཆའི་སྟེང་སྐྱོ་གར་འཁྲབ་སྟངས་ཀྱི་ཆ་ཤས་ཤིག་རེད།
རྩོམ་ཡིག་འདི་ནི་ཕྱོགས་གཅིག་གི་ལྟ་ཚུལ་དང་མི་གཅིག་ནག་པོ་བཟོ་ཐབས་ཙམ་རེད།བློ་གཟུར་གནས་དེ་འདྲ་ཅི་གང་མ་རེད།སྡེ་སྲིད་ཀྱིས་ཀྱང་བོད་སྤྱི་དོན་ལ་གནོད་ཚབ་ཀྱི་ལས་ཀ་མང་པོ་བྱས་ཡོད་རེད།དེ་བས་༧རྒྱལ་དབང་ཚངས་དབྱངས་པ་དང་ཁོང་གཉིས་ཀྱི་བར་མེ་ཆུ་ལྟ་བུའི་འགལ་ཟླ་ཚབ་ཆེན་ཤོར་ཡོད་པ་དང་བསྟུན།ལྷ་བཟང་གིས་གོ་སྐབས་བཙལ་ཏེ་དབང་ཆ་འཕྲོག་པ་རེད།འཇམ་བཞད་ལྷ་བཟང་གི་ཕྱོགས་འཛིན་རེད་ལ་ལྷ་བཟང་དང་འཇམ་བཞད་གཉིས་ཀར་སྡེ་སྲིད་ཀྱིས་དུག་དྲངས་ཏེ་གྱོད་འགོ་ཐོག་མར་བསླངས་པའང་དངོས་གནས་རེད།
ཨ་ཕོ་ལྔ་འཛོམས་དང་སྡེ་སྲིད་སོགས་གྲོས་བསྡུར་གྱིས་༧རྒྱལ་དབང་གི་ནང་འཁོར་མཐར་རྒྱས་པ་གསོད་རྩིས་བྱས་པ་ལམ་འགྲོ་མ་སོང་བས།སྡེ་སྲིད་ཀྱིས་རང་གི་གྲོས་རོགས་ཨ་ཕོ་ལྔ་འཛོམས་ཟངས་རྟ་མེ་འབར་ལ་སྐྱོན་པ་དང་།གཞན་ཚང་མ་ཁྲག་སྦྱོར་བྱས་པ་རེད།དེ་འདྲ་མི་བློ་མེད་སྡུག་རྩུབ་ཅན་ཅིག་ཡོད་པ་རེད།ད་དུང་མང་པོ་ཡོད་རེད་མོད་ཡིག་ཚོགས་ལ་འཇིགས་ནས་འབྲི་འདུན་མ་མཆིས།གང་ལྟར་འཇམ་བཞད་དང་སྡེ་སྲིད།ལྷ་བཟང་སུ་ཡིན་ན་དཀར་པོ་དཀར་རྐྱང་དང་ནག་པོ་ནག་རྐྱང་སུ་གང་མེད་པ་རེད།
དཔྱད་རྩོམ་ཡག་པོ་ཞིག་འདུག ཡིན་ནའང་། སྡེ་སྲིད་ཀྱི་ཕྱོགས་ནས་འཇམ་དབྱངས་བཞད་པར་ལྟ་སྟངས་འཚོལ་དགོས་ཀྱི་འདུག དེ་ནས་ཅུང་འཐུས་ཚང་དུ་འགྲོ་ཐུབ་ངེས་རེད། དོན་རྐྱེན་འདིས་གནད་དོན་མང་བོ་ཞིག་གི་སྒོ་འབྱེད་ཡོད། དཔེར་ན། ཆོལ་ཁའི་བར་གྱི་འགྲན་རྩོད། དོན་ལ་ལྷ་བཟང་ཁང་དང་འཇམ་དབྱངས་བཞད་པ་གཉིས་ཀ་ཨ་མདོ་ནས་ཡིན། དགའ་ལྡན་ཕོ་བྲང་ཚུགས་པ་ནས་སོག་འབངས་མཚོ་སྔོན་གཙོར་གྱུར་བའི་མདོ་ཁམས་སུ་གཞིས་ཆགས་ཡོད་ལ། མི་རབས་ཀྱང་བཞི་ལྷག་འགོར་ཡོད། དེ་བཞིན་འཇམ་དབྱངས་བཞད་པའི་གདན་ས་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་ཡིན་ལ། དུས་རབས་རིམ་བྱུང་ནང་སྦྱིན་བདག་གཙོ་ཤུགས་བོད་འབངས་སོག་རིགས་ཡིན། མདོར་དེད་ནས་ལྟ་སྐབས། སྐབས་དེར་མདོ་སྨད་ཀྱི་མི་དྲག་དང་བླ་དྲག་ཚོས་དབུས་གཙང་གི་མི་དྲག་བླ་དྲག་ཚོའི་དབང་ཆ་འཕྲོག་རྩོད་ཀྱི་དོན་རྐྱེན་ཞིག་ཡིན། དེའི་རྗེས་ནས་ཧ་ལམ་སྡེ་བ་གཞུང་གི་གདན་གྲལ་དུ་ཨ་མདོའི་དགེ་བཤེས་སུའང་ཡོང་བཅུག་མེད་པ་འདྲ། ད་དུང་དུས་རབས་ཉི་ཤུའི་ནང་རྡོ་སྦིས་ཤེས་རབ་རྒྱ་མཚོ་དང་དགེ་ཆོས་དོན་རྐྱེན་ཡང་འདིར་འབྲེལ་བ་ཡོད་པར་སྣང་། གང་ལྟར་ཆོལ་ཁའི་བར་གྱི་རྩོད་རྙོག་གི་འབྱུང་ཁུངས་ཀྱང་འདི་ལ་ཐུག་ཡོད་པ་གསལ་བོ་རེད།
ལྷ་སྡེ་གནམ་ལོ་གཡག་གི་སྐད་ཆ་ཐལ་དྲག་ཐལ། དེང་གི་བྱ་སྤྱོད་ཀྱི་རིགས་མཚུངས་སྔ་མར་བཀལ་ན་རིགས་འདྲེས་ཕུངས་ཟེར་བ་དེ་རེད།
སྡེ་འཇམ་དབར་གྱི་འགལ་ཟླ་སྐོར་ཡག་པོ་བྲིས་འདུག ད་དུང་གསང་བ་ཕྱོགས་མང་ཡོད་པ་འདྲ།
ལྷ་སྡེའི་གནམ་ཡག་གི་སྐད་ཆ་བདེན་པ་ཨེ་ཡིན། ཆོལ་ཁའི་སྐད་ཆ་འདི་འདྲ་ཡོང་མི་སྲིད་ལ་ལྷ་སྡེས་ཡང་འདིར་ཆོལ་ཁའི་ནང་དཀྲུག་འཐེན་པར་བྱེད།
གཅིག འཇམ་བཞད་ཀྱིས་ཚངས་རྒྱམ་ཁས་ལེན་མ་བྱས་པ་འདི་སྡེ་སྲིད་ཁོང་གཉིས་མ་འགྲིགས་པའི་རྐྱེན་གཙོ་བོ་རེད།
གཉིས། རྒྱལ་བ་སྐུ་འཕྲེང་༡༣སྐབསལ་ལ་བོད་ཀྱི་རྒྱལ་པོ་ཨ་མདོ་བ་ཡིན་པ་མ་བརྗེད་པ་གྱིས་ཤིག
གསུམ། དགེ་ཆོས་དང་ཤེས་རབ་རྒྱ་མཚོ་གཉིས་ཀ་ཨ་མདོ་ཡིན་པ་ལ་ཁོང་གཉིས་ཕན་ཚུན་དགྲ་རུ་འཛིན་པ་དང་། ཨ་མདོ་དགེ་ཆོས་བདག་པོ་རྒྱག་མཁན་ལྷ་ས་བ་རེད་དཱ།
གསུམ་པ། ལྷ་སྡེ་ཁྱེད་ག་དུས་ཡིན་རུང་དབུས་གཙང་གི་མི་ཞིག་ལ་སྐྱོན་འཛུགས་བྱེད་པ་འདི་ཡང་ཆོལ་ཁའི་དུག་སྐྱོན་མིན་པའི་རེ་བ་ཡོད།
ཨ་མདོའི་མི་སྣ་སྡེ་པ་གཞུང་གི་དཔོན་རིགས་གྲས་སུ་སླེབས་མེད་པའི་སྐོར་དེ་ཚོ་རྒྱུས་མེད་པའི་སྐད་ཆ་རེད། ལོ་རྒྱུས་ཀྱི་དེབ་ཐེར་དག་གཟིགས་ན་མཁྱེན་ངེས།
གནམ་ཡག་འདིའི་སྐབས་འཇམ་བཞད་སྲིན་དབངལ་ཧམ་པ་ལངས་ནས་སྡོད་སྐབས་ལས། ཤོག་ཁ་ཆོལ་ཁར་འབྲེལ་བ་གང་ཡང་ཡོད་པ་མ་རེད།དེ་དུས་བླ་བྲང་དགོན་འདེབས་འདུན་ག་བ་ཡོད། དང་པོར་སོག་པོའི་གདན་ཞུའི་སྐབས་འཇམ་བཞད་ཀྱིས་ཁས་བླངས་ཡོད་པ་ མ་རེད།རྗེས་ལ་རེ་བ་མ་འགྲུབ་པས། བྲོས་བྱོལ་ལྟ་བུར་ཨ་མདོར་ལོག་པ་རེད། ངོ་ནས་བྱས་ན་བླ་བྲང་འདེབས་དོན་ཨ་མདོའི་མི་མང་གི་སྐྱིད་ེེེུུད། དསྡུག་ལ་འབྲེལ་བ་གང་ཡང་ཡོད་པ་མ་རེེདེད། མི་ཤེས་ན་།
་་་་་་་་་ དེ་ལྟར་འཇམ་བཞད་ཀྱིས་རང་ཉིད་ལྷ་བཟང་ཧན་དང་ཆོས་ཀྱི་འབྲེལ་བ་སོགས་བྱུང་བ་དེ་མུ་མཐུད་ནས་སྲ་བརྟན་ཡོང་ཆེད། བོད་ཀྱི་ཆོས་དད་མང་ཚོགས་རྣམས་ལྷ་བཟང་ཧན་ལ་དད་གུས་དང་ཡིད་ཆེས་འབྱུང་བའི་ཆེད། ཁོང་གིས་ལྷ་བཟང་ཧན་འདི་ནི་ཐུན་མོང་མ་ཡིན་པའི་སྐྱེས་བུ་ཁྱད་པར་ཅན་རྗེ་ཙོང་ཁ་བའི་རྣམ་སྤྲུལ་ཡིན་ཞེས་དངོས་སུ་བསྒྲགས། ་་་་་་་་་་་་
འཇམ་བཞད་བདུད་རྒན་ཡིན་པ་འདིས་ཤེས།
་་་་་་ དེ་ལྟར་སྡེ་སྲིད་ཀྱིས་རང་ཉིད་དད་གུས་བྱེད་པའི་གྲུབ་མཐའ་རྙིང་མའི་ཕྱོགས་བཟུང་པ་དང་། འཇམ་བཞད་ཀྱིས་རང་ཉིད་ཀྱི་དད་གུས་བྱེད་པའི་གྲུབ་མཐའ་དགེ་ལུགས་ཀྱི་ཕྱོགས་བཟུང་པས། ཁོ་གཉིས་བར་གྱི་འགལ་བ་དེ་མུ་མཐུད་ནས་གཏིང་ཇེ་ཟབ་ལ་བྱིན་ཡོད་དེ། ་་་་་་་
་་་་་་ ཕ་བོང་ཁའི་རི་ཁྲོད་པ་སྡེ་བ་གྲུབ་རྒྱ་བ་ཟེར་བ་རྙིང་མའི་རྒན་ཞུགས་གཅིག་ཡོད་པ་ཤི་བའི་རོ་མཚན་མོ་ལྷ་སའི་སྟོད་ཀྱི་རག་ཁ་ཅིག་ནས་རྩང་བོ་ལ་འཕངས་ནས། སྡེ་བ་གྲུབ་རྒྱ་བ་གྲུབ་པ་ཐོབ་ནས་འཇའ་ལུས་ལ་སོང་ཞེས་འཇིག་རྟེན་པ་རྣམས་བསླུ་བའི་རྫུ་བྱས། ་་་་་་་ ཧཧཧ།
་་་་་་ ད་དུང་འཇམ་བཞད་ཀྱིས་ད་ནི་མི་རིང་བར་མྱུར་དུ་སྡེ་སྲིད་ཀྱི་མགོ་བོ་ལེན་པར་འགྱུར་རོ་ཞེས་སྡེ་སྲིད་མ་བཀྲོངས་པའི་སྔོན་ནས་མགོ་བོ་ལེན་པར་ཤེས་ཡོད་པ་ལ་བལྟས་ན། ལྷ་བཟང་ཧན་དང་འཇམ་བཞད་གཉིས་ཀྱིས་སྔོན་མ་ནས་སྡེ་སྲིད་ཀྱི་དབུ་ལེན་རྒྱུ་གསང་གྲོས་ཟབ་མོ་ཞིག་ཡོད་པ་དེ་མཚོན་ཐུབ་བོ། ་་་་་་་་
་་་་་་་ བསམ་ཡུལ་ལས་འདས་པ་ཞིག་ལ་རྒྱལ་མོ་ཚེ་རིང་བཀྲ་ཤིས་ཀྱིས་འཕྲལ་དུ་བསྡམས་བཀྱིག་བྱས་ཏེ་བཀྲོངས་ཞེས་བཀའ་ཕབ་སྟེ། བོད་རབ་བྱུང་བཅུ་གཉིས་པའི་ཤིང་བྱ་སྤྱི་ལོ་༡༧༠༥ལོའི་ཟླ་༧ཚེས་༢༩ཉིན་སྡེ་སྲིད་ཀྱི་མགུལ་བཅད་དེ་བཀྲོངས་སོ། །་་་་་་་ ཧཧཧཧཧཧཧཧབོད་མོ་འདི་གཞང་ཚོང་མ་འདི་ལ་གཟིགས་དང་། ཧཧཧཧཧཧཧཧཧཧཧ། བོད་མོ།། །།
་་་་་་་་ ད་དུང་གོང་མར་བརྩི་བཀུར་མེད་ལུགས། སྡེ་སྲིད་ཀྱིས་པོ་ཏ་ལའི་ཁྲིར་བཀོད་པའི་ཚངས་དབྱངས་རྒྱ་མཚོ་ཡང་ཏཱ་ལའི་བླ་མ་ལྔ་བའི་ཡང་སྲིད་ངོ་མ་མ་ཡིན། དེ་ནག་ཆང་དང་དགའ་རྩེད་ལ་མགོ་འཁོར་ནས་སྡོད་པ་ལས། སྡོམ་ཁྲིམས་མི་སྲུང་བས་ཁྲི་ལས་འབེབས་དགོས་ལུགས་ཀྱི་གསང་སྙན་ཡང་སྒྲོན། དེ་ནས་གོང་མས་བོད་དུ་ཕོ་ཉ་བ་བཏང་ནས་ཚངས་དབྱངས་རྒྱ་མཚོ་པོ་ཏ་ལའི་ཁྲི་ནས་ཕབ་སྟེ་པེ་ཅིན་དུ་སྐྱེལ་གཏོང་གནང་དགོས་པའི་བཀའ་ཕེབས་པར།
དེ་དུས་བོད་ཀྱི་བླ་སྤྲུལ་རྣམས་ཀྱིས་གྲོས་བྱས་པར། ཚངས་དབྱངས་རྒྱ་མཚོ་རྒྱ་ནང་དུ་བྱིན་ན་ཚེ་སྲོག་ལ་བར་ཆད་འོང་བར་དོགས་ནས་རྒྱ་ནང་དུ་གཏོང་རྒྱུ་གཏན་ནས་ཡིད་འཐད་མ་བྱུང་པ་ལ། འཇམ་བཞད་ཀྱིས་གོང་མས་བཀའ་ཡིན་པས་སོང་ན་བཟང་ཞེས་བཤད་པས། ཐམས་ཅད་ཀྱིས་སྒོ་མང་བླ་མས་སྐུ་ཕྱོགས་རྒྱ་ནག་ལ་བརྫངས། ་་་་་་་་་་་་་་་་
ངས་འདིར་བཤད་འདོད་པ་ནི་ཆོལ་ཁའི་བར་གྱི་འགལ་བའི་འབྱུང་ཁུངས་ནི་མི་དྲག་དང་བླ་དྲག་ཚོར་ཐུག་ཡོད་པ་ལས་ཆོལ་ཁ་བར་ལ་དཀྲུགས་ཤིང་འཕེན་གྱི་མེད། འོན་ཀྱང་། འགལ་བ་འདི་དག་ཀྱང་བོད་ཕོངས་བྱེད་ཀྱི་རྒྱུ་གཅིག་ཡིན་པས། འབྱུང་སྟངས་མ་ཤེས་པར་བཅོས་ཐབས་ཇི་ལྟར་བརྙེད་དམ། དེ་གཅིག་ཡིན།
གཞན་ལོ་རྒྱུས་ཤེས་མཁན་ཚོས་ལམ་སྟོན་ཡོད་ན་དགའ་བསུ་ཡོད།
་་་་་་་་་ དེ་ལྟར་ལྷ་བཟང་“ཧན་དང་འཇམ་བཞད་ངག་དབང་བརྩོན་འགྲུས་གཉིས་ཀྱིས་གཡོ་སྒྱུའི་སྦྱོར་བ་དང་། དྲག་པོའི་སྟོབས་ཤུགས་བཅས་ལ་བརྟེན་ནས་སངས་རྒྱས་རྒྱ་མཚོ་དམར་གསོད་བཏང་སྟེ་བོད་ཀྱི་སྲིད་དབང་ཡོངས་རྫོགས་བཟུང་བར་མ་ཟད། ད་དུང་ཚངས་དབྱངས་རྒྱ་མཚོ་པོ་ཏཱ་ལའི་གསེར་ཁྲི་ནས་ཕབ་སྟེ་མཐར་སྤྲོད་བཏང་། དེ་ནས་འཇམ་བཞད་ངག་དབང་བརྩོན་འགྲུས་གྱི་རྒྱབ་སྐྱོར་ལ་བརྟེན་ནས། ལྷ་བཟང་ཧན་ཀྱིས་རང་གི་ཕྲུ་གུ་[7]དེ་ལ་པད་དཀར་འཛིན་པ་ངག་དབང་ཡེ་ཤེས་རྒྱ་མཚོ་[8]ཞེས་མཚན་བཏགས་ནས་པོ་ཏ་ལའི་གསེར་ཁྲིར་མངའ་གསོལ་་་་་་་་་་་ ཧཧཧཧཧཧཧཧཧཧཧ།
ཧཧ། འཇམ་བཞད་དང་། བོད་མོ། སོག་ཧན་གསུམ་གྱི་རོ་སྒྲུང་ཡིན་པ་འདྲ། ཧཧཧཧཧཧཧཧཧ།། །།ལོ་རྒྱུས་འདི་ཁུངས་དག་པོ་གོ་ཐོས་བྱུང་བ་དེ་རིང་། ཐེངས་དང་པོ་ཡིན་ནོ།། །།
བདེ་འཚོལ་ལགས་ལ་བཀས་དྲིན་ཆེ་ཞེས་ཞུའོ།། །།
ངས་བྱས་ན།
འཇམ་བཞད་རང་དང་། རང་གིས་སློབ་མས། འཇམ་བཞད་ཁོ་རང་རྗེ་རིན་པོ་ཆེའི་སྐུ་སྐྱེར་བསྒྲགས་པ་ལས། གཞན་ལྷ་བཟང་འདྲ་བོ་ཅིག བསྒྲགས་པ་ཨ་ཡོད་ན་སྙམ་ལགས།
ཡང་། འཇམ་བཞད་དང་། ལྷ་བཟང་གཉིས་ཨ་མདོ་ནས་ཡིན་པ་དང་། མཐའ་དང་དབུ་ཡིས་འགལ་འདུ་ཅིག་ཡོང་མི་སྲིད་པ་མ་རེད། ད་དུང་། དགེ་ཆོས་དང་ཤེས་རབ་རྒྱ་མཚོ་གཉིས་ཀ་ཨ་མདོ་ཡིན་པ་ལ། དོགས་གནས་སུ་གྱུར་པ་ཡང་། ཆོས་ཉིད་ཅིག་རེད་སྙམ་ལགས།
དོན་ངོ་མའི་རྗོད་དགོས་ཀྱས་སུ་གང་གིས་བརྗོད་མི་སྤོབས་པ་ཞིག་གླེང་འདུག འདི་འདྲའི་འདས་རབས་སྤྱི་ཚོགས་ཀྱི་ནག་ཉེས་གསལ་འདོན་བྱས་པར་ཡི་རངས་ཡོད།
མུ་མཐུད་དུ།
ལོ་རྒྱུས་ཡག་པོ་ཞེ་དྲག་བྲིས་འདུག སྡེ་སྲིད་ནི་ཆོས་ལུགས་དགེ་ལུགས་པ་ཡིན་ཀྱང་ཆོས་ལུགས་གཞན་ལ་དག་སྣང་ཧ་ལས་པ་ཡོད་མཁན་ཞིག་ཡིན། དེར་བརྟེན་གཅིག་ནས་ཆོས་ལུགས་ལ་ཕྱོགས་ཞེན་དང་གཉིས་ནས་སྲིད་དབང་ལ་རྔམས་ནས་འཇམ་བཞད་དང་ལྷ་བཟང་ཧན་གཉིས་ཁྱི་སྤྱང་ལག་འབྲེལ་གྱིས་དཀྲོངས་པ་རེད།
གོང་ས་མཆོག་གི་མ་ཡུམ་གྱི་རྣམ་ཐར་ཀློག་མྱོང་ངམ། གལ་སྲིད་ལོ་རབས་ལྔ་བཅུའི་འགོར་དུས་འགྱུར་བྱུང་མེད་ན། གོང་ས་མཆོག་ཀྱང་ཚངས་དབྱངས་རྒྱ་མཚོའི་ལམ་ཁར་ཞུགས་ཟིན་ངེས་རེད། བོད་པར་མཚོན་ན། འཐབ་རྩོད་འདི་དག་རྒྱུན་ལྡན་ལྟ་བུ་མ་རེད་པས། བསམ་བློ་ཐོངས་དང་།
བསོད་ནམས་ལགས། ལོ་རྒྱུས་ནི་བདེན་པའི་དཔང་རྟགས་ཤིག་ཡིན་པས་དེར་ལེགས་ཉེས་ཀྱི་ཆ་གང་ཡོད་སུ་དང་གང་གིས་ནག་གསུབ་ཏུ་གཏོང་ཐུབ་རྒྱུ་མ་རེད།
དྲ་གྲོགས་བདེན་འཚོལ་ལགས་ཀྱིས་སྔ་ན་མེད་པའི་ཕུལ་བྱུང་གི་དཔྱད་རྩོམ་བྲིས་པར་བསྔགས་བརྗོད་དང་སྦྲགས་《རྗེ་བཙུན་དམ་པ་མཚན་བརྗོད་པར་དཀའ་བ་འཇམ་དབྱངས་བཞད་པའི་སྡེའི་རྣམ་པར་ཐར་བ་ཡོངས་སུ་བརྗོད་པའི་གཏམ་དུ་བྱ་བ་དད་པའི་སྒོ་འབྱེད་ཀེ་ཏ་ཀའི་འཕྲེང་བ་ཞེས་བྱ་བ་》ཕྱག་དཔེ་འདི་ཉིད་མངགས་ཉོ་གནང་ཐབས་ཇི་དགེའ་ིལམ་སྟོན་མཛད་གནང་ཡོད་པར་ཞུ། ཕྲན་གྱི་འབྲེལ་ལམ་ཁ་བྱང་འདི་ཡིན། kalsang112233@gmail.com
འདིའི་སྐོར་སྐོར་ཤེས་འདོད་ཡོད་ན་༼མི་དབང་ཕོ་ལྷའི་རྟོགས་བརྗོད༽དང་༼རྣམ་ཐར་བཙན་པོ་མ༽་ཞིབ་ཀློགས་བྱོས་དང་ཤེས་ཡོང་། མང་པོ་བཤད་ན་མང་པོར་ཕོག་ཡོང་། དེང་ལོ་རྒྱུས་སྨྲར་བ་དང་སྙུག་ཐོག་པར་རློམ་མཁན་ཚོས་ཀྱང་གནས་ལུགས་ལ་མི་ལྟོས་པར་ཕྱོགས་བཤད་ཁོ་ན་བྱེད་ཀྱིན་པ་འདིས་མ་འོངས་སུ་ང་ཚོ་ག་འདྲ་ཞིག་ཏུ་འགྱུར་རྒྱུ་བློས་དཔགས་ཐུབ།
༄། །བདེན་འཚོལ་ལགས་ཀྱིས་བྱུང་རབས་གལ་ཆེན་ཞིག་གསལ་བོར་བྲིས་འདུག་པ་ཕན་སླེབས་ཆེ། ལུང་ཁུངས་སུ་བསེ་ངག་དབང་བཀྲ་ཤིས་ཀྱིས་མཛད་པའི་འཇམ་བཞད་རྣམ་ཐར་《རྗེ་བཙུན་དམ་པ་མཚན་བརྗོད་པར་དཀར་བ་འཇམ་དབྱངས་བཞད་པའི་སྡེའི་རྣམ་ཐར་ཐར་བ་ཡོངས་སུ་བརྗོད་པའི་གཏམ་དུ་བྱ་བ་དད་པའི་སྒོ་འབྱེད་ཀེ་ཏ་ཀའི་འཕྲེང་བ་ཞེས་བྱ་བ》ཞེས་ཤིང་པར་མདའ་ཚད་མ་ཤོག་གྲངས་ཉིས་བརྒྱ་བཅུ་ལྷག་ཡོད། ཅེས་དྲངས་འདུག་པ་དེ་སྐབས་དེའི་བྱུང་རབས་གསལ་བའི་ཡིག་ཆ་རྩ་ཆེན་ཞིག་ཡིན་འདུག་ཀྱང་། ད་ཕན་དཔེ་རྒྱུན་ཤིན་ཏུ་དཀོན་ནས་ཀུན་གྱི་མིག་ལམ་དུ་མ་གྱུར་བ་ཕངས་ཆེ་ན། དཔེ་སྐྲུན་ནམ་དྲ་འགོད་གང་རིགས་བཀྲིན་སྐྱོང་གལ་ཆེ་ཞུ།