བོང་སྟག་རི་ལུ།
རྒྱབ་ན་སྐྱོང་བའི་རྒྱབ་རི་ང་ལ་མེད།།
མདུན་ན་བསུ་བའི་ཕུ་ནུ་ང་ལ་མེད།།
གམ་ན་བརྩེ་བའི་གྲོགས་པོ་ང་ལ་མེད།།
ང་ནི་དྲང་བདེན་སྐྱོང་བའི་གླུ་བ་ཡིན།།
འབྲལ་མེད་སྨྱུ་གུ་བྲང་ཁར་གཟེབས་ཏེ་འོངས།།
ལྷད་མེད་སེམས་ཤིག་སྙིང་ལ་བཅངས་ཏེ་འོངས།།
དྲི་མེད་ལྷག་བསམ་དཀར་པོ་བསྟན་ཏེ་འོངས།།
གྲོགས་མེད་སྨེང་གླུ་ཐར་ཐོར་བླངས་ཏེ་འོངས།།
ཕོ་སྒོ་མེད་པས་བུ་མོ་སྒྲོལ་མས་བསྐྱུར།།
ངག་སྒོ་མེད་པས་བུ་མོ་མཚོ་མོས་བསྐྱུར།།
སེམས་སྒོ་མེད་པས་བུ་མོ་མང་པོས་བསྐྱུར།།
ང་ནི་དྲང་བདེན་སྐྱོང་བའི་གླུ་བ་ཡིན།།
གོན་པ་ཚུལ་ཡིས་ཟིན་ཀྱང་བཀྲུ་མཁན་མེད།།
སེམས་པ་སྐྱོ་བས་མནར་ཀྱང་འདྲི་མཁན་མེད།།
ངོ་གདོང་སྨྲ་རའི་ཁེངས་ཀྱང་བལྟ་མཁན་མེད།།
ང་ནི་དྲང་བདེན་སྐྱོང་བའི་གླུ་བ་ཡིན།།
མཁས་པ་མང་པོའི་མདུན་ནས་ཧད་དེ་ལུས།།
གསུམ་འབུམ་མང་པོའི་ཁྲོད་ནས་ཁོམ་སྟེ་ལུས།།
བསམ་གཞིགས་མང་པོའི་ཁྲོད་ནས་འགྲེངས་ཏེ་ལུས།།
ང་ནི་དྲང་བདེན་སྐྱོང་བའི་གླུ་བ་ཡིན།།
དབྱེན་དང་ཕྲ་མ་འགའ་རེ་ཤོར་ཏེ་འཁོན།།
ཕྲག་དོག་མདའ་མོ་འགའ་རེ་ཕོག་སྟེ་རྨས།།
བསམ་སྦྱོར་ངན་པ་འགའ་རེ་འཕྲད་དེ་ཕམ།།
ང་ནི་དྲང་བདེན་སྐྱོང་བའི་གླུ་བ་ཡིན།།
མཚན་དང་སྙན་གྲགས་མི་བསམ་དམ་བཅའ་འཇོག།
རྒྱུ་དང་འབྱོར་བ་མི་སྙེག་དམ་བཅའ་འཇོག།
དབང་དང་གོ་ས་མི་བསམ་དམ་བཅའ་འཇོག།
ང་ནི་དྲང་བདེན་སྐྱོང་བའི་གླུ་བ་ཡིན།།
རིགས་དང་རུས་པ་མི་བརྗེད་དམ་བཅའ་འཇོག།
མེས་པོའི་ཞབས་འདྲེན་མི་བྱེད་དམ་བཅའ་འཇོག།
གཞན་གྱི་ཟེར་སྒྲོས་མི་འབྲངས་དམ་བཅའ་འཇོག།
ང་ནི་དྲང་བདེན་སྐྱོང་བའི་གླུ་བ་ཡིན།།
ཨོ། ད་དེ་ཡིན་ན་གླུ་ཞིག་བླངས་པ་ཙམ་རེད། ཐལ་མོ་ཞིག་བརྡབས་པ་ལས་གཞན་མཆན་བུ་སོགས་འགོད་རིན་ཅང་ཡོད་མ་རེད།