ཚེ་རིང་།
ལམ་བུ རང་ཉིད་ཀྱི་སེམས་ནས་འཕྲོས་ཤིང་
ཐོག་མར་འཕྲོ་དུས་སུ
ཧ་ཅང་ཐུང་ངུ་ཞིག་ལས་མེད་པས
ལ་ཐུར་དང་ཀྱག་ཀྱོག་ཅི་ཡང་མེད་པར
ཁོད་སྙོམས་ལ་འགྲོ་ཡང་བདེ
བྱིས་བློའི་སྣང་བ་ཞིག་ལ
མགྲོན་ཁང་ལྟ་བུའི་འཇིག་རྟེན་འདི་ནས
མི་ཚེའི་ཆུ་རྒྱུན་རིང་མོ་
གང་དུ་བཞུར་སྙམ་པའི་སེམས་ཁྲེལ་ཡང་སྐྱེས་མྱོང
དེའི་དུས དེའི་དུས་སུ
འཇིག་རྟེན་འདི་རང་དང་ཅི་ཡང་འབྲེལ་མེད་ལ
ཁོར་ཡུག་འདི་རང་ལ་ཅི་ཡང་མི་གཏོགས་པ་དང་འདྲ
རིམ་གྱིས་ནར་སོན་པའི་ལོ་ཟླའི་ཁྲོད
ཁོར་ཡུག་གིས་བསླངས་པའི་རྣམ་རྟོག་འདིས
རེ་ཞགས་དང་འདོད་འདུན་གང་མང་སེམས་ལ་སྤུངས་པས
རང་ཉིད་བདེ་བར་འཚོ་འདོད་ཀྱི་ཉམས་སྣང་ཞིག་གིས
ང་ལ་ཡོད་དགོས་པའི་དངོས་པོ་ཇེ་མང་དུ་ཕྱིན་ཅིང
ཁོར་ཡུག་འདི་དང འཇིག་རྟེན་འདི
གཡུལ་ས་ལྟ་བུའི་མི་ཚེའི་ཚུགས་མལ་དེ་ཡིན་པའི་མྱོང་བ་རྙེད
དེ་བས ལམ་བུ་རིང་དུ་ཕྱིན་ཅིང
སུན་སྣང་དང་ཡིད་མུག་སྟེར་བའི་ཁུགས་སོ་སྔར་ལས་མོད
སྣེ་གཅིག་ང་ཡི་སེམས་ལ་ཟུག་ཅིང
སྣེ་གཅིག་མུ་མེད་ཀྱི་མཐའ་དང་འབྲེལ་བས
སོང་གིས་སོང་གིས་ཇེ་རིང་དང་འདྲ་ལ
བསྡད་ཀྱིན་བསྡད་ཀྱིན་ཇེ་ཆེ་རུ་འགྱུར
ལོ་ཟླ་ནི་ཟོ་ཆུན་གྱི་བརྒྱུད་ལྟར་ཡང་ནས་བསྐྱར་དུ་འཁོར་བས
འགྲུལ་བཞུད་ལ་ནམ་ཡང་རྫོགས་མཐའ་མི་འདུག
2014/5/3
ཉིན་ལྟར་འགྲོ་སྡོད་པ་སོང་ཙང་་་་་
འགྲོ་ཡ་ལ་དེ་ཙམ་མི་འཇིགས།
འགྲོ་སྐྱོད་ཀྱི་འགྲུལ་ལམ་དུ་ཞུད་པའི་ཁར་རྩང་གི་རྐང་རྗེས་རྣམས་ཆ་ཚང་བསུབ་ཅིང་མ་འོང་འབྱུང་འགྱུར་གྱི་རྣམ་པ་གསེར་མདོག་གིས་ལམ་འཕྲང་དེ་ཉིད་རེ་ཞག་གིས་མིག་ཆུས་འདེད་ཅིང་གོམ་གང་མདུན་དུ་གཟེར་བཞིན་ཡོད་ཚོད་རེད་མོད།