གནས་ཚུལ་གཏོང་མཁན། རྫ་ཚེ་རིང་བཀྲ་ཤིས།
དེ་ཡང་། ལོ་མགོ་འཛིན་ཚུལ་གྱི་རྩི་སྟངས་མི་འདྲ་བ་ཅུང་ཟད་ཡོད་མིན་ལ་མ་ལྟོས་པར། ས་ག་ཟླ་བ་ནི་ཕལ་ཆེར་འཛམ་གླིང་ནང་པ་ཡོངས་ཀྱིས་སྟོན་པ་ཐུགས་རྗེ་ཅན་སྐུ་བལྟམས་པའི་དུས་ཆེན་ནམ་དེང་སང་གི་བཤད་སྟངས་བྱས་ན་འཁྲུངས་སྐར་དུས་ཆེན་དུ་བརྩིས་ཏེ་བརྩི་སྲུང་བྱ་གིན་ཡོད་པ་ལྟར། ཐའེ་ཝན་དུ་ཡང་། འདི་ལོའི་བོད་ལུགས་དཔྱིད་ཟླ་ཐ་ཆུང་ཉིད་རྒྱའི་ཞིང་རྩིས་ལུགས་ཀྱི་ས་ག་ཟླ་བར་ཁེལ་གྱི་ཡོད་པ་དང་། ཟླ་བ་འདིར་ཐའེ་ཝན་གྱི་ནང་པའི་དགོན་པ་ཆེན་པོ་དག་གིས་རྣམ་པ་འདྲ་མིན་གྱིས་སངས་རྒྱས་ཀྱི་འཁྲུངས་སྐར་སྲུང་རྩི་བྱེད་སྲོལ་ཡོད་པ་ལྟར། རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་ངོས་ནས་ཀྱང་ཆོས་ཕྱོགས་ཀྱི་ཆོ་ག་དང་རིག་རྩལ་འཁྲབ་སྟོན་ཟུང་འབྲེལ་གྱིས་སྟོན་པའི་འཁྲུངས་སྐར་ཧ་ཅང་གཟབ་རྒྱས་ཤིག་སྲུང་རྩི་ཞུས་ཡོད།
དེ་ཡང་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེའི་ཏཱ་ཨན་ནགས་ཚལ་སྤྱི་གླིང་ཆེན་མོའི་དབུས་སུ་ཡོད་པའི་གནམ་མཐོང་རོལ་དབྱངས་གར་སྟེགས་ཞེས་པའི་ཁོད་ཡངས་ལ་མཛེས་སྡུག་ལྡན་པའི་ཚོགས་ར་དེར་སྤྱི་ཟླ་ལྔ་པའི་ཚེས་བཞིའི་དགོང་མོ་ཐེངས་འདིའི་སངས་རྒྱས་འཁྲུངས་སྐར་དགོང་ཚོགས་ཀྱི་མཛད་སྒོ་དངོས་སུ་བསྡུས།
ཐོག་མར་ཕྱི་དྲོའི་ཆུ་ཚོད་དྲུག་དང་ཕྱེད་ཀྱི་ཐོག་ནས་དགོང་ཚོགས་མདོ་འཛིན་པས་ཁྲུས་གསོལ་དུས་ཆེན་ནམ་སངས་རྒྱས་འཁྲུངས་སྐར་གྱི་བྱུང་བ་དང་ཞིབ་འཇུག་ཚོགས་པའི་འབྲེལ་ཡོད་ངོ་སྤྲོད་ཚར་བ་དང་། ཚོགས་ཞུགས་པ་ཡོངས་ནས་མཚམས་སྦྱོར་གྱི་བབས་དང་བསྟུན་ནས་སངས་རྒྱས་སྐུ་བལྟམས་པའི་སྣང་བརྙན་རིན་པོ་ཆེར་ཁྲུས་གསོལ་ཞུས། དེ་ནས་མཁན་སྤྲུལ་དགེ་བཤེས་རྣམ་པ་དང་། དགེ་འདུན་པ། དམིགས་བསལ་སྐུ་མགྲོན་བཅས་བཞུགས་སྟེགས་ལ་གདན་དྲངས་རྗེས། མཆོད་པའི་ལྷ་མོའི་ཆས་སུ་ཞུགས་པའི་མཆོད་ཕྲེང་བ་རྣམས་ཀྱིས་མཆོད་པའི་སྤྲིན་གྱི་རོལ་དབྱངས་དང་བསྡེབས་ཏེ་རྟགས་བརྒྱད་དང་རྫས་བརྒྱད་སོགས་རེ་རེ་ནས་མཆོད་སྟེགས་སུ་ཕུལ།
དེ་ནས་ཅུའེ་ཧྲིན་ཀྲི་དབྱིན་ཞེས་པའི་གཞས་སྣ་འཁྲབ་སྟོན་གྱིས་ལས་རིམ་དངོས་གཞིའི་སྒོ་མོ་ཕྱེ་བ་དང་ཆབས་ཅིག དགེ་འདུན་པ་དང་མི་མང་ཡོངས་ནས་སྐར་མ་སུམ་ཅུའི་རིང་། བོད་རྒྱ་ཡིག་རིགས་གཉིས་ཀྱི་ཐོག་ནས་འཇུ་མི་ཕམ་པའི་གསུང་ཐུབ་ཆོག་བྱིན་རླབས་གཏེར་མཛོད་དང་། དཀོན་མཆོག་གསུམ་རྗེས་སུ་དྲན་པའི་མདོ། ༸རྒྱལ་བའི་ཞབས་བརྟན་བཅས་གདེངས་སྙན་པོས་ལེགས་པར་གསུངས་ཟིན་པ་དང་། རིག་རྩལ་འཁྲབ་སྟོན་གྱི་ལས་རིམ་ཁག་དབུ་བཙུགས།
ཐའེ་ཝན་མི་མང་གིས་དགའ་བསུ་ཆེན་པོ་ཐོབ་པའི་བོད་ཀྱི་གཞས་མ་གྲགས་ཅན་སྐལ་བཟང་ཆོས་སྐྱིད་ཀྱིས་ཆོས་གླུ་ཚན་པ་གསུམ་དང་། ཐའེ་ཝན་ནང་བསྟན་ཁྲོད་མཚན་སྙན་ཆེན་པོ་ཡོད་པའི་ཉི་ཧོང་གི་མཆོག་གྱུར་གླུ་མ་ཡི་ཐིན་ཅའ་ཏའེ་ཡིས་ཆོས་ཀྱི་དབྱངས་སྙན་པོའི་མཆོད་སྤྲིན་འབུལ་གནང་མཛད། དེ་ནས་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་ཟློས་གར་དང་རིག་པ་རྨ་བྱ་ཆེན་མོའི་ཟློས་གར་སོགས་ཆོས་དང་འབྲེལ་བའི་ཟློས་གར་གྱི་གཟིགས་འབུལ། བོད་བརྒྱུད་ནང་བསྟན་མཁན་སྤྲུལ་དགེ་བཤེས་ཁག་ནས་ཆོས་འཁོར་ལས་བརྩམས་པའི་ལེགས་བཤད་ཆོས་རྩོད་ཀྱི་མཆོད་སྤྲིན། ད་དུང་རོལ་མོ་ཆེད་མཁས་པའི་རོལ་དབྱངས་ཀྱི་མཆོད་སྤྲིན་སྣ་ཚོགས་བཅས་ཀྱི་ལྟད་མོ་གཟིགས་འབུལ་ལེགས་པར་ཟིན་པ་དང་། སྐབས་འདིའི་སངས་རྒྱས་འཁྲུངས་སྐར་གྱི་དགོང་ཚོགས་ཆེན་མོ་ལེགས་པར་གྲུབ་ཅིང་། ཚོགས་ཞུགས་ཐའེ་ཝན་གྱི་གཟིགས་མོ་བ་སྤྱི་དང་ཁྱད་བོད་བརྒྱུད་ནང་པའི་རྗེས་འཇུག་པ་དག་གི་ངོས་ནས་ཀྱང་སྐབས་འདིར་དེ་ལྟ་བུའི་བོད་བརྒྱུད་ནང་བསྟན་གྱི་ཚོགས་པས་གཙོ་སྒྲུབ་བྱས་པའི་ཐོག་ནས་སྟོན་པའི་འཁྲུངས་སྐར་གྱི་དུས་སྟོན་གཞི་རྒྱ་ཆེ་བ་འདི་འདྲ་ཞིག་ལ་མཉམ་ཞུགས་གནང་ཐུབ་པར་དམིགས་བསལ་ཚོར་སྣང་ཆེན་པོ་ཡོད་པའི་རྣམ་པ་བསྟན། ཐོག་མཐའི་མཛད་རིམ་ཧྲིལ་པོར་ཚང་མས་བློ་ཁ་ཧ་ཅང་ཁེངས་པའི་དགའ་བསུ་ཐོབ་པར་མ་ཟད། སྒེར་གྱི་དྲ་ལམ་སོགས་ལ་ཡང་འདིའི་སྐོར་ཁྱབ་སྤེལ་ཆེན་པོ་བྱུང་འདུག
ཐེངས་འདིར་རིས་མེད་མཁན་སྤྲུལ་དགེ་བཤེས་བཅུ་དགེ་འདུན་པ་དང་དད་ལྡན་ཧ་མི་མང་ཧ་ཅང་མང་པོ་ཞིག་མཉམ་ཞུགས་གནང་བ་ལས་གཞན་གཙོ་ཆེར། སྐད་གྲགས་ཡོད་པའི་གླུ་མ་དང་། ཆེད་ལས་རོལ་མོ་མཁས་ཅན། སྦྱོང་བརྡར་གྱི་ཉམས་མྱོང་ཕུན་སུམ་ཚོགས་པའི་ཟློས་གར་གྱི་རུ་ཁག་མི་འདྲ་བ་བཅས་ཀྱིས་དགོང་ཚོགས་འདིར་འོད་སྣང་གསར་པ་ཞིག་སྣན་ཡོད།
ཐའེ་ཝན་དུ་སྤྱིར་བཏང་ལོ་རྟག་པར་ཐའེ་ཝན་གྱི་དགོན་ཆེན་དག་གིས་རྣམ་པ་མི་འདྲ་བའི་སྒོ་ནས་སྟོན་པའི་འཁྲུངས་སྐར་སྲུང་བརྩི་གཞི་རྒྱ་ཆེན་པོ་བྱེད་པ་ཡིན་ན་ཡང་། བོད་བརྒྱུད་ནང་པ་དག་གི་ངོས་ནས་ཆོས་བརྒྱུད་རིས་མེད་མཉམ་འདུས་ཀྱི་གྲུབ་ཆ་ཡོད་པའི་ཐུན་མོང་གི་རྩ་འཛུགས་ཀྱིས་སྨོན་ལམ་མཆོད་འབུལ་དང་སྒྱུ་རྩལ་འཁྲབ་སྟོན་གྱི་རྣམ་པ་ཟུང་དུ་སྦྲེལ་ཏེ་གཞི་རྒྱ་ཆེ་བའི་འཁྲུངས་སྐར་གོ་སྒྲིག་བྱས་པ་ཐོག་མ་ཆགས་ཡོད་པ་རེད།
ཞིབ་འཇུག་ཚོགས་པའི་ངོས་ནས་དེང་སང་མི་སྒེར་གྱི་བླ་མའི་འཁྲུངས་སྐར་དང་འདས་སྐར་གྱི་ཡོ་ལངས་ཁྲོད་སྟོན་པ་ཐུགས་རྗེ་ཅན་དང་འབྲེལ་བའི་དུས་སྟོན་ཆེན་པོ་དག་བག་ལ་ཞ་བའི་དུས་ཚོད་འདིར་ཐུན་མོང་གི་ཐོག་ནས་སྟོན་པའི་འཁྲུངས་སྐར་གྱི་དུས་སྟོན་སྲུང་རྩིའི་ལས་འགུལ་གོ་སྒྲིག་དང་། ཁྱབ་སྤེལ་བྱ་རྒྱུ་ཧ་ཅང་གལ་ཆེན་ཡིན་པ་དང་། ཁྱད་པར་བོད་བརྒྱུད་ནང་བསྟན་སངས་རྒྱས་ཀྱི་བསྟན་པ་མིན་པར་སྒྲིག་པའི་ལས་འགུལ་དང་ལོག་བཤད་མང་པོ་ཁྱབ་སྤེལ་བྱེད་བཞིན་པའི་ཐའེ་ཝན་གྱི་སྤྱི་ཚོགས་འདིར་ང་ཚོས་ཐབས་བརྒྱ་ཇུས་སྟོང་གིས་སྟོན་པ་ཐུགས་རྗེ་ཅན་གྱི་སྣང་བརྙན་རྩལ་འདོན་བྱེད་རྒྱུ་ནི་དངོས་ཡོད་ཀྱི་དགོས་པ་ཆེན་པོ་ཡོད་ཞིག་ཏུའང་ངོས་འཛིན་བྱེད་ཀྱི་ཡོད་ལ། ཟླ་རྗེས་མར་བོད་ལུགས་ས་ག་ཟླ་བར་བོད་ཕྱི་ནང་གིས་མཚོན་པའི་རྒྱལ་སྤྱིའི་བོད་བརྒྱུད་ཡོངས་ནས་རྣམ་པ་འདྲ་མིན་གྱི་ལམ་ནས་སངས་རྒྱས་ཀྱི་འཁྲུངས་སྐར་ཤུགས་ཆེར་སྲུང་རྩི་གནང་རྒྱུར་འབོད་སྐུལ་ཡང་ཞུས་འདུག །
རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་ནི་ཉིས་སྟོང་དགུའི་ལོར་ཐའེ་ཝན་དུ་ཚུགས་ཤིང་། ཆོས་བརྒྱུད་རིས་མེད་ཀྱི་དབུ་འཛིན་རྣམས་ཀྱིས་རྒྱབ་གཉེར་ངོས་འཛིན་ཆ་ཚང་ཐོབ་པའི་ཐོག ཐའེ་ཝན་དུ་ད་ཡང་ཁྲིམས་མཐུན་དེབ་སྐྱེལ་ཆ་ཚང་ཡོད་པའི་རྒྱལ་ཡོངས་རང་བཞིན་གྱི་ཚོགས་པ་ཞིག་ཡིན་པ་དང་། ད་ཆ་ས་དགེ་བཀའ་རྙིང་ཇོ་ནང་དང་བཅས་པའི་ཚོགས་ཞུགས་མཁན་སྤྲུལ་བཅུའི་ཐུན་མོང་དུ་གཙོ་གཉེར་བྱེད་བཞིན་པའི་ཚོགས་པ་ཞིག་ཡིན།
གཞོན་ནུ་ དོན་གྲུབ་ མཆོག
སྤྱི་ལོའི་ ལོ་ཟླ་ ཚེས་པ་ ག་དུས་ འཁྲུངས་པ་ རེད། ལགས།
སྟོན་པ་དང་རྗེས་འཇུག་གཉིས་ཀྱི་བར་ལ་ལྟ་བ་མཐོ་དམན་གོ་ལོག་ཅིང་། དེའི་དབང་གིས་ན་བཟའ་ཡང་གོ་ལོག་པ་ལ་བློ་ཕམ་ཡོད།
་་་་་ མཆོད་པའི་ལྷ་མོའི་ཆས་སུ་ཞུགས་པའི་མཆོད་ཕྲེང་བ་རྣམས་ཀྱིས་མཆོད་པའི་སྤྲིན་གྱི་རོལ་དབྱངས་དང་བསྡེབས་ཏེ་རྟགས་བརྒྱད་དང་རྫས་བརྒྱད་སོགས་རེ་རེ་ནས་མཆོད་སྟེགས་སུ་ཕུལ། ་་་་་
ཞེས་དང་།
་་་་་་ ཐའེ་ཝན་མི་མང་གིས་དགའ་བསུ་ཆེན་པོ་ཐོབ་པའི་བོད་ཀྱི་གཞས་མ་གྲགས་ཅན་སྐལ་བཟང་ཆོས་སྐྱིད་ཀྱིས་ཆོས་གླུ་ཚན་པ་གསུམ་དང་། ཐའེ་ཝན་ནང་བསྟན་ཁྲོད་མཚན་སྙན་ཆེན་པོ་ཡོད་པའི་ཉི་ཧོང་གི་མཆོག་གྱུར་གླུ་མ་ཡི་ཐིན་ཅའ་ཏའེ་ཡིས་ཆོས་ཀྱི་དབྱངས་སྙན་པོའི་མ་ཆོད་སྤྲིན་འབུལ་གནང་མཛད། ་་་་་་་
ག་འདྲ་ཡིན་ནམ། སྔ་མོ་བོད་ཀྱི་གཏམ་དཔེ་ལ། ཆོས་རར་ཆོས་དང་། གཞས་རར་གཞས། ཞེས་པ་ཞིག་གསུང་སྲོལ་ཡོད་རེད།
ཆོས་རར་གཞས་བཏང་ན། གྲྭ་པའི་རླིག་པ་སློང་རོགས་རེད། གཞས་རར་ཆོས་བཤད་ན། གཞས་གཏོང་མཁན་ལ་འཚེར་སྣང་སྐྱེ་རོགས་རེད། ལགས། མ་རེད་པེ།
གོ་ཡ་འདུག་དཱ། ཀ་རྡོར་ལགས།
ཡ་ཡ།་དགོངས་ཚུལ་གསུངས་པར་བཀའ་དྲིན་ཆེ་ཞུ།
སྨན་མོ་མཚོ་ལགས། ན་བཟའ་གོ་ལོག་ཟེར་ན་ཅི་རེད། གྲྭ་པས་གྲ་ཆས་མནབ་འདུག མི་སྐྱས་སོ་སོའི་གོས་གོན་འདུག
གང་ལྟར་ཚང་མ་ལ་འཚམས་འདྲི་ཡོད་ལགས།
རིག་རྩལ་ལས་འགུལ་གྱི་རྣམ་པས་སྤེལ་བའི་དགོང་ཚོགས་ཞིག་རེད། འོན་ཀྱང་། དགེ་འདུན་པ་སྟེགས་བུར་ཕེབས་ནས་སངས་རྒྱས་ལ་བསྟོད་དབྱངས་གྱེར་བ་རེད། གཞན་དག་གི་ནང་དོན་ཡང་ཆོས་དང་དངོས་བརྒྱུད་ནས་འབྲེལ་བ་ཡོད་པ་གང་ཐོན་བྱས་པའི་ཁུལ་ཡིན།
རྫ་ཚེ་རིང་བཀྲ་ཤིས་ཀྱིས།