བཀྲ་ཤིས་དོན་འགྲུབ།
མུན་པ་ཐང་ལ་བབས་ཏེ་ང་ལ་གསང་བ་འཆད་ཀྱི།།
གློག་སྒྲོན་མིག་ལ་གཟན་བྱུང་མིག་ཆུའི་གཏམ་རྒྱུད་བསྐྲུན་ཐལ།།
རྒྱ་མཚོའི་ཕ་རོལ་མི་ལ་ཕྲིན་ཞིག་བྲིས་ན་བསམས་དུས།།
ཐུང་ཐུང་མི་ཚེའི་བརྒྱུད་རིམ་ཐོད་ཀྱི་གཉེར་མས་བྲིས་བྱུང་།།
ཁུ་སིམ་ཁོར་ཡུག་དེ་ནས་རྣ་བ་ཁྱོད་ལ་བླགས་ཀྱང་།།
གཞས་དེ་ཡང་ཡང་བཏང་པས་ན་བུན་མདུན་དུ་བསུས་ཡོང་།།
རྨི་ལམ་རླུང་ལ་བསྐུར་བ་འགྲུལ་པའི་ལས་སྐལ་ཡིན་ན།།
གཉིད་ཀྱི་ཞིང་ལ་ཐིམ་པའི་རི་གྲོང་སྐྱོ་དགོས་མི་འདུག།
སྐོམ་གདུང་དྲག་པོས་མནར་བ་ཆར་ཆུ་དཀོན་པས་ལན་སོང་།།
བརྩེ་བ་འཆི་ལ་ཐུག་པ་སུ་ལ་ཆགས་པས་ཡིན་སྐད།།
འཇའ་མཚོན་མཛེས་པ་གླེང་ཡང་སྐད་ངག་འདར་འདར་རེད་བཞག།
སྤྲོ་བའི་འཛུམ་ཞིག་ཕྱུང་པར་སྐྱོ་བའི་མདངས་ཤིག་ཐོན་འདུག།
སྒེའུ་ཁུང་རྒྱང་ལ་གཏད་པས་དགུ་ཚིགས་ལག་པས་ཟིན་ཡོད།།
ཟླ་བའི་ལྷ་མོའི་ཞལ་རས་སྤྲིན་པའི་གསེང་དུ་བསྐུངས་པ།།
སྙིང་ལ་ན་ཟུག་གཏོང་བའི་བརྩེ་སྒྲུང་སྐྱ་བོ་ལགས་ན།།
སྨིན་དྲུག་མཚར་པོ་དེ་ཡང་ཁྲུག་ཁྲུག་ཁྲུག་ལ་འདར་ཡོང་།།
དར་ལྕེ་རལ་པོའི་སྐྱོ་རོགས་ལ་ཁའི་རི་དྭགས་འཁྱམ་པོ།།
གཙང་ཆུ་སྔོན་མོའི་དགའ་རོགས་བསིལ་རླུང་སྙིང་ལ་སྡུག་མ།།
འདུ་འབྲལ་སྲིད་པའི་གླུ་ཆུང་སྙན་ངག་ཁམས་སུ་བཞུར་ན།།
ངམ་གནག་སྨག་གི་གདོང་ཡང་རྒྱུ་སྐར་འཛུམ་གྱིས་བཟི་འགྲོ།།
རི་སྤྱང་སྔོན་མོའི་ངུ་སྒྲ་མུན་པའི་གཞི་ལ་ཐིམ་སོང་།།
རུས་རྐང་གླིང་བུའི་སྨྲེ་ངག་མཚན་མོ་འདི་ལ་བཅོལ་ཡོད།།
ད་ནི་ཕེབས་ཡུན་མ་རིང་མི་རྟག་མདུད་པ་ཆད་འགྲོ།།
ད་ནི་ཕེབས་ཡུན་མ་རིང་མཚན་མོ་འདི་ཡང་ཡོལ་འགྲོ།།
མཚན་གུང་ཆུ་ཚོད་གཉིས་པར་བྲིས།