ཀླུ་སྨྱོན།
ལྷིང་འཇགས་ཀྱི་མལ་ཁང་ནང་དུ།
ང་ལ་ཡོད་པ་ནི་གསར་རྙིང་འདྲེས་པའི་དཔེ་དེབ་མཐུག་པོ་དེ་དག་དང་།
རང་ཉིད་ལ་དབང་བའི་ལག་ཁྱེར་གློག་ཀླད་འདི།
ད་དུང་ཕ་ཡུལ་ནས་བསྐུར་བའི་བོད་སྨན་ཤོག་ཐུམ་འགའ།
གང་སར་བལྟས་ཀྱང་དེ་ཙམ་ལས་མ་མཐོང་ལ།
ཇི་ལྟར་བསམས་ཀྱང་དེ་ཙམ་ལས་དགོས་པ་མི་འདུག
ཞོགས་པ་ནས་ཉིན་གུང་བར་དུ།
ངས་རང་ཉིད་ཀྱི་ཕྲག་ཏུ་བབས་པའི་ལས་འགན་ཏེ།
བླ་མ་ཞིག་དང་ཁོང་གི་རིག་མ་གཉིས་ཀྱི་ཀྱག་ཀྱོག་གི་མི་ཚེ་ཡིག་ཐོག་ཏུ་ཕབས་ཤིང་།
ལོ་ཟླ་གང་མང་ཞིག་གི་རྗེས་སུ།
ལོ་རྒྱུས་སྙིང་རྗེ་བོ་དེ་དག་དེབ་རྒན་ཞིག་དང་དེབ་ཆུང་ཞིག་གི་ཚུལ་དུ་པར་བསྐྲུན་བྱས་པ་ཡིན།
དགུང་དྲོ་རེ་རེ་བཞིན།
ང་རང་ཧ་ཅང་ལྷོད་ལྷོད་ངང་རང་གི་ལུག་ལྤགས་ཀྱི་མལ་གདན་དེའི་སྟེང་དུ་ཉལ་ནས།
དྲ་ལམ་བརྒྱུད་དེ་ཕ་ཡུལ་ན་ལུས་པའི་དྲ་གྲོགས་མ་དེའི་སྐྱིད་སྡུག་གི་སྐད་ཆ་ཉན་རྒྱུར་ལོབས་སོང་ལ།
ཡང་དྲ་ལམ་ན་བསྒུགས་བསྡད་ཡོད་པའི་གྲོགས་པོ་ཚོའི་ཆེད་དུ་སྙན་ངག་འགའ་རེ་ཡང་འབྲི་བ་རྒྱུན་ལྡན་ཡིན།
ཕྱི་དྲོའི་དུས་ཚོད་དེར།
ཡུལ་གྱར་བ་ཞིག་རང་གི་མཛེས་པའི་ཕ་ཡུལ་དུ་ལོག་པ་དང་ཧ་ཅང་འདྲ་ཞིང་།
རྣམ་ཤེས་ཤིག་སྐྱེ་བ་འདི་ནས་སྐྱེ་བ་ཕྱི་མར་འགྲོ་བ་དང་ཡང་འདྲ་བའི་དགུང་ཁའི་ཉི་མ་སེར་པོ་དེ།
ལྗོན་ཤིང་དང་ཞིང་གྲོང་བརྒྱུད་ནས་ནུབ་རིའི་རྒྱབ་ཏུ་ལྷུང་བའི་ངང་ཚུལ་མཛེས་སྡུག་ལྡན་པ་དེར་ཅེར་བཞིན།
རང་ཉིད་ཇི་ལྟར་ཕ་ཡུལ་དང་ཁ་བྲལ་བ་དང་།
ཇི་ལྟར་མི་ཡུལ་དུ་འཁྱམ་པའི་སྐོར་ལ་ཡང་བསམ་གཞིག་རེ་བྱས་པ་ཡིན།
ལོ་ཟླའི་རྐྱེན་གྱིས།
གྲོགས་པོ་གང་མང་ཞིག་སྐྱེ་བ་ཕྱི་མར་གཤེགས་སོང་ལ།
ཆོས་ཉིད་ཀྱི་དབང་གིས།
རང་གི་སྐྲ་འདབས་སུ་ཡང་ཅི་ཞིག་གི་སྔོན་བརྡ་ཡིན་པའི་ཁ་བ་ཐེངས་འགར་བབས།
དེ་རིང་།
དགུང་ཁའི་ཉི་འོད་དྲོ་ཞིང་འཇམ་ལ།
བྱ་ཁྱུ་ཞིག་རྒྱང་རིང་གི་ནམ་མཐར་རང་དབང་གིས་འཕུར་བཞིན་པ་དེ་མཐོང་རྗེས།
ཉི་མ་ཞིག་ལ།
རང་ཉིད་ཀྱང་ཕ་ཡུལ་དུ་ལོག་པའི་གོ་སྐབས་ཤིག་འཆར་བའི་རེ་སྒུག་ལྕི་ནས་ལྕི་རུ་ཕྱིན་ཅིང་།
ས་མཐའ་ནས་རྒས་པའི་མི་ཚེ་ལ་དོན་སྙིང་ཅི་ཙམ་ཡོད་མེད་ཀྱང་སེམས་ལ་དྲན་ཡོང་།
དངོས་བྱུང་བཅོས་སྒྲུང་གཉིས།
རྒྱལ་རབས་ཆོས་འབྱུང་ཟུང་འབྲེལ་ཡང་། །
གཅིག་ལ་གཅིག་ཕན་གནོད་གནད་ཀྱང་། །
མ་འདྲེས་ཕྱེ་ཤེས་ཁ་རྒྱུན་ནང་། །
དངོས་བྱུང་བཅོས་སྒྲུང་ཁག་གཉིས་ཡོད། །
ཕ་མེས་ཕྱག་རྗེས་ལག་སོན་ཤོག །
མགར་གྱི་མཆན་བུར་འཇོག་དགོས།