ནམ་མཁའ།
འགྲོ་བ་མིའི་རིགས་གཙོ་བྱས་བའི་འཛམ་གླིང་འདིའི་སྒང་གི་སྲོག་ཆགས་འོ་འཐུང་མང་པོ་ཞིག་དང་། དེ་མ་ཡིན་པའི་གཞན་རྟེན་སྲོག་ཆགས་མང་པོ་ཞིག་ལ་བྱམས་བརྩེ་ཐོག་མ་སྦྱིན་མཁན་དེ་རང་གི་ཨ་མ་ཡིན་ངེས། ཡིན་ན་ཡང་དེང་སང་འཛམ་གླིང་ཤར་ནུབ་ཀུན་ཏུ་མ་བུའི་བར་གྱི་བརྩེ་བ་དེ་ཡང་མོག་མོག་ཞིག་ཏུ་གྱུར་ནས་སྤྱི་ཚོགས་ནང་དཀའ་ངལ་རིམ་པ་མང་པོ་ཞིག་སླེབས་ཡོད།
ང་ཚོས་འདིར་ཐོག་མར་དུད་འགྲོའི་རིགས་ཀྱི་ཨ་མས་རང་གི་ཕྲུག་གུ་ཚོར་བྱམས་བརྩེ་གནང་སྟངས་ནས་འགོ་འཛུགས་བྱེད་ཆོག རྒྱ་མཚོའི་ནང་གི་རུས་སྦལ་ལྟ་བུ་ཞིག་ལ་མཚོན་ནས་བཤད་ན། རུས་སྦལ་གྱི་ཕྲུག་གུ་ཚོ་འོ་འཐུང་སྲོག་ཆགས་མིན་མོད། འོན་ཀྱང་རུས་སྦལ་རང་གི་ཕྲུག་གུ་སྐྱེས་དུས་མཚོ་འགྲམ་གྱི་བྱེ་ཐང་དུ་འོང་སྟེ། རང་གི་ཡན་ལག་གིས་བྱེ་དུངས་བརྐོས་ཏེ་སྒོང་ང་བྱེ་དུངས་ནང་གཏོང་བ་མ་ཟད། ད་རུང་ཕྲུག་གུ་ཚོར་འགེབས་སྲུང་ཆེད་བྱེ་དུངས་དེའི་ཁ་བཀབས་ཏེ་ཕྱིར་མཚོ་ནང་དུ་འགྲོ་གི་ཡོད། ངའི་བསམ་པ་ལ་རུས་སྦལ་ཚོས་དེ་ལྟར་བྱེ་དུངས་བརྐོ་བ་དང་ཁ་འགེབས་ཀྱི་ཡོད་པ་དེ་རང་གི་ཕྲུག་གུར་དེ་ཚོར་བརྩེ་བ་ཞིག་ཡོད་པའི་རྟགས་རེད་སྙམ། ཡིན་ན་ཡང་ཚན་རིག་པ་ཚོས་བརྗོད་ན། དེ་ནི་རུས་སྦལ་གྱི་ཕྲུག་གུ་སྐྱེས་སྟངས་ཀྱི་ཆོས་ཉིད་ཞིག་རེད་ཟེར། འདི་ནི་མཐའ་གཅིག་ཏུ་བདེན་པར་ཡིད་ཆེས་དཀའ་བ་ཞིག་རེད། རྒྱུ་མཚན་ནི། ཚན་རིག་པ་ཚོས་རུས་སྦལ་དེའི་སེམས་ཀྱི་མྱོང་ཚོར་མཐོང་ཐུབ་མེད། ཡིན་ཡང་རུས་སྦལ་གྱི་ཕྲུག་གུ་དེ་ཚོ་སྲོག་ཆགས་འོ་འཐུང་གཞན་ལྟར་རང་གི་ཨ་མ་ལ་བརྩེ་བ་ཡོད་ཀྱི་མ་རེད་སྙམ།
ཕྱོགས་གཞན་ཞིག་ནས་བརྗོད་ན། བྱེའུ་ཞིག་ལ་མཚོན་ནས་བཤད་ན་ཡང་། བྱེའུ་མ་དེས་རང་གི་བྱེའུ་ཕྲུག་ཚོར་གཤོག་རྩལ་རྒྱས་ཏེ་གནམ་འཕངས་གཅོད་རག་བར་དུ་ཟས་སོགས་བཙལ་ཏེ་། གཉོར་སྐྱོང་བྱེད་མཁན་བྱེའུ་མ་དེས་བྱེད་ཀྱི་ཡོད་པ་ང་ཚོས་དངོས་སུ་མཐོང་མྱོང་སྲིད། གལ་སྲིད་ཁྱེད་ཚོས་ཕ་ཡུལ་གྱི་ཁང་བྱེའུ་ཟེར་བ་མཐོང་མྱོང་ཡོད་སྲིད། ཁང་བྱེའུ་དེ་ཚོའི་ཕྲུག་གུ་ཚོ་ཡང་སྟོན་དུས་རང་གི་ཨ་མ་དེའི་མཉམ་དུ་འཕུར་བསྐྱོད་ཐུང་ངུར་རེ་བྱེད་བཞིན་ཡོད་པ་མཐོང་ཡོད། སྐབས་དེར་ཁྱེད་ཚོས་དོན་སྣང་བྱུང་ཚེ།བྱེའུ་མ་དེས་རང་གི་བྱེའུ་ཕྲུག་དེ་ཚོར་ཟས་འཚོལ་སྟངས་དང་། འཕུར་བསྐྱོད་བྱེད་སྟངས་སོགས་བསླབས་ཀྱི་ཡོད།
ད་རུང་སྐད་ཆ་གཞན་ཞིག་གིས་སྒོ་ནས་བརྗོད་འདོད་པ་ཞིག་ལ། ང་ཚོ་བོད་རིགས་ཀྱི་འཚོ་བ་དང་ཤིན་ཏུ་བཀའ་དྲིན་ཆེ་བའི་འབྲོག་པའི་འབྲི་གཡག་ཞིག་ལ་མཚོན་ནས་བཤད་ན། བེའུ་ལི་དེ་བདག་སྐྱོང་བྱེད་མཁན་ཡང་འབྲི་མོ་ཡིན་པ་མ་ཟད། འབྲི་མོ་དེའི་བེའུ་ལི་ཡིས་འབྲི་མོའི་འོ་མ་ནུ་སྐབས་སུ་འབྲི་མོ་དེས་རང་གི་བེའུ་ལིའི་རྒྱབ་ལ་ལྕེ་ལྡག་བྱེད་ཀྱི་ཡོད། དེ་ནི་རང་གི་བེའུ་ལི་དེ་ལ་བརྩེ་བ་སྦྱིན་གྱི་ཡོད་པའི་རྟགས་གསལ་བོ་ཡིན། སྐབས་རེ་འོ་མ་བཞོ་མཁན་གྱི་མནའ་མ་ཚོས། བེའུ་ལི་དེ་དང་པོ་འོ་མ་ནུ་རུ་མ་བཅུགས་ན་འབྲི་མོ་དེས་འོ་མ་མི་སྟེར་བ་མ་ཟད། སྐབས་རེ་སྤྱོད་ངན་བསྟན་དེ་འོ་མ་བཞོ་མཁན་ལ་དཀའ་ངལ་སྤྲད་ཀྱི་ཡོད།
ཐབས་སྐྱོ་བ་ཞིག་ལ། བོད་ཀྱི་རོང་འབྲོག་གང་ཡིན་ཡང་བེའུ་ལི་དེ་འོ་མ་འདོད་པ་ཚིམ་རག་བར་དུ་འོ་མ་འཐུང་གི་འཇུག་གི་མེད། དེས་རྐྱེན་བེའུ་ལི་མང་པོ་ཤི་འགྲོ་སྐབས་སུ་བེའུ་ལི་དེའི་པགས་པའི་ནང་རྩྭ་བརྫངས་ནས་འབྲི་མོའི་མདུན་བཞག་སྟེ། འོ་མ་བཞོ་ཐབས་བྱེད་ཀྱི་ཡོད་པ་དེ་ནི་ཆེས་ཤིན་ཏུ་ཐབས་སྐྱོ་བ་ཞིག་མ་ཡིན་ནམ། འབྲི་མོ་དེས་ཀྱང་བེའུ་ལིའི་པགས་པ་ལ་དྲི་མ་སྣོམ་ཞོར་ངུར་ཀྱིན་ཡོད། འབྲི་མོ་དེའི་སྐབས་སུ་ངུར་ཀྱིན་ཡོད་པ་དེ་རང་གི་བེའུ་ལི་དྲན་གདུངས་ཞིག་རེད་སྙམ། གང་ལྟར་ཀྱང་། འགྲོ་བ་མི་གཙོ་བྱས་བའི་སྲོག་ལྡན་ཕལ་ཆེར་ལ་བརྩེ་བ་སྦྱིན་མཁན་གྱི་ཐོག་མ་རང་གི་ཨ་མ་དེ་ཡིན་པ་གསལ་བོ་ཡིན་ལ། ཨ་མ་དེ་མི་ཚེ་འདིའི་ནང་གི་བཀའ་དྲིན་ཆེན་ཆེ་ཤོས་སུ་བརྩི་འོས།
དེ་ལྟ་ནའང་། འགྲོ་བ་མི་ཡི་རིག་རྩལ་དང་ཤེས་རབ་འཕེལ་རྒྱས་ཕྱིན་པ་དང་བསྟུན། ཕ་མ་དང་བུ་ཕྲུག་བར་གྱི་བརྩེ་བ་ཡང་འགྱུར་ལྡོག་ཆེན་པོ་བྱུང་བཞིན་ཡོད། ལྷག་པར་དུ་ནུབ་ཕྱོགས་ལུང་པའི་ཨ་རི་དང་ཡོ་རུབ་རྒྱལ་ཁབ་མང་པོའི་ནང་ཕ་མ་དང་བུ་ཕྲུག་བར་གྱི་བརྩེ་བ་དེ་དུས་ཀྱི་བཀས་བཅད་ལྟ་བུ་ཞིག་ཏུ་གྱུར་ཡོད་པ་མ་ཟད། ཕ་མ་ཁ་ཤས་རང་གི་བུ་ཕྲུག་གསོད་མཁན་གྱི་ལག་དམར་དུ་གྱུར་ཡོད་པ་ཡང་མི་ཉུང་བ་ཞིག་ཡིན།
འདི་འདྲའི་གནས་སྟངས་འབྱུང་བའི་རྒྱུ་མཚན་ཞིག་ནི། ནུབ་ཕྱོགས་ལུང་པར་བུ་ཕྲུག་སྐྱེས་པའི་ཉིན་དང་པོ་ནས་བཟུང་། ཨ་མའི་བྲང་གི་ནུ་མ་མི་ལྡུད་པར་ཚོང་ཁང་དུ་བཙོང་གི་ཡོད་པའི་འོ་མ་དེ་ལྡུད་ཀྱི་ཡོད་པ་དང་། གཞན་རང་གི་བུ་ཕྲུག་དེ་ཨ་མའི་ཤ་དྲོད་ལ་སྦྱར་ཏེ་གཉོར་སྐྱོང་བྱེད་མཁན་ཤིན་ཏུ་དཀོན་པའི་རྐྱེན་གྱིས་རེད་སྙམ། ཨ་མ་ཚོའི་རང་གི་བུ་ཕྲུག་དག་བྱིས་པ་དམར་ལྗན་སྐབས་སུ། ཤ་དྲོད་ལ་སྦྱར་བ་དང་གྱོན་ཆས་དང་ལྷན་ཏུ་རང་གི་བྲང་ལ་སྦྱར་བ་གཉིས་ལས། ཨ་མའི་ཤ་དྲོད་ལ་སྦྱར་ཏེ་བྲང་གི་འོ་མ་བླུད་ཚེ། བུ་ཕྲུག་དང་ཕ་མའི་བར་ལ་བྱམས་བརྩེ་གཏིང་ཟབ་མོ་ཞིག་འབྱུང་ངེས་ཡིན་མོད།
འོན་ཀྱང་ཐབས་སྐྱོ་བ་ཞིག་ལ། ནུབ་ཕྱོགས་ལུང་པ་ནས་སྐྱེས་བའི་ཉིན་མོ་ནས་བུ་ཕྲུག་དེ་ལ་ཉལ་ཁང་ཞིག་ལོགས་སུ་བཟོས་ཏེ་འཇོག་གི་ཡོད་ལ། ལོ་ཚོད་བཅོ་བརྒྱད་ནས་བཟུང་བུ་ཕྲུག་ཕལ་ཆེར་ལ་ཕ་མའི་སློབ་གསོ་དང་། ཕ་མ་ཚོས་རང་གི་བུ་ཕྲུག་གི་འགན་དེ་ཡང་ལེན་དབང་མེད་པ་ལྟ་བུ་ཞིག་ཏུ་གྱུར་ཡོད་པ་མ་ཟད། བུ་ཕྲུག་ཚོ་ཀྱང་རང་གི་ཕ་མ་དང་རྒྱང་ཐག་རིང་དུ་འགྲོ་བཞིན་ཡོད། ཕལ་ཆེར་བུ་ཕྲུག་ཚོའི་བསམ་བློའི་ནང་དུ་ཡང་ལོ༡༨ བར་དུ་ཕ་མ་ཚོས་གསོ་སྐྱོང་བྱེད་དགོས་བ་ཁྲིམས་ལུགས་དང་འོས་འགན་ལྟ་བུ་ཞིག་ཏུ་མཐོང་གི་ཡོད་པ་ལས། ལོ་༡༨ བར་གསོ་སྐྱོང་གནང་བ་བཀའ་དྲིན་ཆེན་པོ་རེད་བསམ་མཁན་ཧ་ཅང་ཉུང་།
ཡ་མཚར་བ་ཞིག་ལ། ནུབ་ཕྱོགས་ལུང་པའི་ནང་གི་བུ་ཕྲུག་ཆུང་ཆུང་སྐབས། ཕ་མ་ཚོས་གཉོར་སྐྱོང་བྱེད་སྟངས་ཀྱི་ཕྱིའི་རྣམ་པ་དེ་འདྲ་ང་ཚོ་བོད་ནང་གི་བོད་རིགས་ཚོ་ཐོབ་ཡོད་མཁན་དཀོན་པོ་ཡིན་པར་སྙམ། ཕར་བལྟས་ཚོད་ཀྱིས་ལྷའི་སྲས་རིགས་འདི་འདྲ་ཞིག་ལོས་ཡིན་སྙམ་པའི་ཚོར་སྣང་། ཕྲན་ལྟ་བུའི་བོད་རིགས་ནུབ་ཕྱོགས་སུ་སླེབས་མ་ཐག་པའི་རིགས་ལ་བྱུང་ཡོད་སྲིད་སྙམ། འོན་ཏེ་ང་ཚོ་བོད་ནང་གི་འཚར་ལོང་བྱུང་བའི་བུ་ཕྲུག་ཚོ་ཕ་མས་གཅར་རྡུང་བྱས་ཏེ། ཁྱིམ་ནས་ཕྱིར་ཕུད་ཀྱང་དགོང་མོ་ཕྱི་དྲོ་ཨ་མ་དང་ཨ་ཕ་ཟེར་ནས་ཕྱི་ནང་གཉིས་སུ་ཕ་མ་ལ་བརྩེ་བ་བཅོས་མ་མ་ཡིན་པ་ཞིག་གི་འཛུམ་མདངས་ཀྱིས་བསུས་ཏེ་ཕྱིར་ཁྱིམ་དུ་ཡོང་གི་རེད།
ཡིན་ཡང་ནུབ་ཕྱོགས་ལུང་པའི་འཚར་ལོངས་བྱུང་ཏེ་བུ་ཕྲུག་ཚོ་ཕ་མ་ཚོས་གཅར་རྡུང་དེ་འདྲ་བྱས་ཚེ། བུ་ཕྲུག་ཚོས་ཕ་མ་བཙོན་ཁང་བསྐྱལ་བཞིན་ཡོད་པ་མ་ཟད། མི་ཚེ་གང་བོར་ཕ་མ་སུས་རྡུང་ན་དེ་ལ་འབྲེལ་ཐག་རིང་དུ་འགྲོ ཁ་ཤས་ཀྱིས་རང་ལ་གཅར་རྡུང་བྱེད་ཕ་མ་སུ་ཡིན་དེ་མི་ཚེ་ནང་ཐུག་འཕྲད་བྱེད་ཀྱི་མེད། འདི་འདྲའི་རིགས་ནི་ནུབ་ཕྱོགས་ལུང་པར་སྐྱེས་བའི་བོད་རིགས་ཁ་ཤས་ཀྱིས་ཀྱང་རང་གི་ཕ་མ་བཙོན་ཁང་ནང་བསྐྱལ་བ་ཡོ་རུབ་དང་ཨ་རི་སོགས་སུ་མི་ཉུང་བ་ཞིག་ཡོད།
ཉེ་བའི་ཆར་བོད་ནང་གི་སློབ་ཆུང་དགེ་རྒན་བུད་མེད་ཞིག་ལ། ཁ་པར་བརྒྱུད་ལམ་ནས་ཁ་བརྡ་ཐུང་ངུ་ཞིག་བྱས་པའི་སྐོར་བཤད་དེ་རྩོམ་ཐུང་འདིའི་མཇུག་བསྡུ་རྒྱུ་ཡིན། ཡིན་ཡང་དགེ་རྒན་བུད་མེད་དེས་ཅི་ལྟར་བཤད་པ་བཞིན་འབྲི་རྒྱུ་ཡིན་པས། ཚིག་གི་རྒྱན་ཆ་སོགས་སྤྲས་མེད་པས་ཀློག་མཁན་ཚོར་དགོངས་དག་ཞུ།
དུས་རབས་ཉེར་གཅིག་མགོར་རྒྱ་ནག་ནང་དཔལ་འབྱོར་ཡར་རྒྱས་ཕྱིན་པ་ནས་བཟུང་། བོད་ནང་གི་བོད་མི་ཕོ་མོ་ཁྱད་མེད་པར་གཞོན་སྐྱེས་ཕལ་ཆེར་གྱི་གཤིས་ཀ་ལ་འགྱུར་ལྡོག་གནམ་ས་ལྟ་བུ་བྱུང་ཡོད་པ་ཕལ་ཆེར་ཁྱེད་ཚོས་ཀྱང་ཐོས་ཡོད་སྲིད། མི་དང་མིའི་བར་གྱི་བརྩེ་བ་ཆ་ཚང་དཔལ་འབྱོར་དང་ཆགས་སྤྱོད་ཀྱི་ཕྱོགས་སུ་འཁོར་སྟེ། ཐ་ན་རང་གི་བུ་ཕྲུག་ཡང་བསྐྱུར་ཏེ་གནས་ནས་གནས་འགྲོ་བཞིན་པའི་གཞོན་སྐྱེས་ཨ་མའི་གྲངས་ནི་ལོ་རེ་ནས་ལོ་རེ་ཇེ་མང་ཡིན་པ་མ་ཟད། རང་གི་ཕ་མ་གཉིས་ལ་གཉོར་སྐྱོང་མི་བྱེད་པར་བག་མེད་ཀྱི་གྲོང་ཁྱེར་ཁོ་ན་ཉུལ་བཞིན་པ་ཡོད་ཚུལ་འདུག
གང་ལྟར་ཀྱང་། ང་ཚོས་དགེ་རྒན་བུ་མོ་དེས་སློབ་ཕྲུག་ཚོའི་ཉིན་ཐོ་བལྟ་སྐབས། སློབ་ཕྲུག་འགས་བྲིས་བའི་ཉིན་ཐོ་མཐོང་བ་ང་ཚོས་ཉན་ཆོག་གི་རེད། བུ་མོ་ཆུང་ཆུང་སློབ་རིམ་བཞི་བ་སླེབས་པ་ཞིག་གིས། ཉིན་ཐོ་འདི་ལྟར་བྲིས་འདུག་ཟེར།
གཟའ་ཉིན་མའི་ཉིན་ངའི་ཨ་ཕས་ང་ལ་འདི་ལྟར་བཤད་སོང་། ཁྱེད་ཀྱི་ཨ་མས་ངེད་གཉིས་བསྐྱུར་ཏེ་མག་པ་གསར་བའི་ཁྱིམ་དུ་སོང་ནས་ལོ་གསུམ་འགྲོ་སོང་བ་མ་ཟད། དེང་སང་མོ་ལ་ཕྲུག་གུ་ཞིག་ཀྱང་སྐྱེས་ལ་ཉེ། ཨ་ཕ་ངའི་བསམ་པ་ལ་ཨ་ཕ་ང་ལ་བསམ་བློ་མི་གཏོང་ཡང་ཁྱེད་ལ་བསམ་བློ་བཏང་སྟེ། ཉིན་གཅིག་ཕྱིར་ཡོང་གི་རེད་བསམ་ནས་ལོ་གསུམ་ལ་སྒུགས་པ་རེད། ཁ་སང་ཁྱེད་ཀྱི་ཨ་ཞང་གིས་ང་ལ་གནས་ཚུལ་ཆ་ཚང་བཤད་སོང་བས། ངས་ཁྱེད་ལ་ཨ་མ་གསར་པ་ཞིག་བླངས་ན་ཁྱེད་རང་འཐད་པ་ཡིན་ནམ་ཟེར། སློབ་ཕྲུག་བུ་མོ་དེས། ངས་གོ་ཐོས་ལ་ཨ་མ་གསར་པ་ཚོ་རང་གི་ཕྲུག་གུ་མིན་ཚེ་གཅེས་ཀྱི་མ་རེད་ཟེར་བས་ང་རང་ཨ་མ་གསར་པ་བླངས་ན་སྐྲག་གི་ཟེར་ནས་ཉིན་ཐོ་ཞིག་བྲིས་པ་མཐོང་སོང་ཟེར།
དེ་མ་ཡིན་པའི་ཉིན་ཐོ་གཞན་ཞིག་ཀྱང་མཐོང་སོང་།ངོ་མ་སྙིང་རྗེ་ཡ་རེད་ཟེར། ཕྲན་གྱིས་གཞན་དེ་ང་ལ་བཤད་ཆོག་གམ་ཅེས་དྲིས་པ་ཡིན། དེ་འགྲིག་གི་རེད། ཡིན་ན་ཡང་། དེང་སང་དེ་འདྲའི་རིགས་མང་དྲགས་ནས་རྒྱུན་ལྡན་གྱི་གནས་ཚུལ་དུ་གྱུར་ཡོད་པ་རེད་ཟེར་ཞོར་བཤད་པས། བུ་ཕྲུག་སློབ་རིམ་ལྔ་བ་སླེབས་པའི་བུ་ཆུང་དེས་ཉིན་ཐོ་ང་ཚོས་ཉན་ཆོག
དེ་རིང་དྲུག་གཅིག་བྱིས་པའི་དུས་ཆེན་རེད། ངའི་སློབ་གྲོགས་གཞན་པ་མང་པོའི་ཕ་མ་གཉིས་ཀ་ང་ཚོའི་ལུས་རྩལ་འགྲན་བསྡུར་ལ་བལྟ་རུ་སླེབས་འདུག་མོད། འོན་ཀྱང་བུ་ང་རང་ལ་བལྟ་རུ་ཡོང་མཁན་ངའི་ཨ་ཡེ༼རྨོ་རྨོ་༽ལགས་་ངའི་ཨ་ཕས་ཁྲིད་ནས་སླེབས་འདུག ངའི་ཨ་མ་མཐོང་མ་མྱོང་བར་ལོ་བཞི་ཕྱིན་སོང་། ངའི་ཨ་ཡེ༼རྨོ་རྨོ་༽ལགས་ཀྱིས་བཤད་ན། ངའི་ཨ་ཕ་དང་ངེད་གསུམ་ཨ་མས་བསྐྱུར་ཏེ་སློབ་ཆེན་དགེ་རྒན་ཞིག་གི་མནའ་མ་བྲོས་སོང་བ་རེད་ཟེར། དེ་ནས་བཟུང་ངའི་ཨ་ཕས་ང་ལ་ཁྱེད་རང་སློབ་འབྲིང་ལ་འགྲོ་རོགས་བར་དུ་ཁྱེད་ལ་ཨ་མ་གསར་པ་ཞིག་ལེན་གི་མིན་ཅེས་བཤད་སོང་། ཉིན་ཐོ་འདི་ལྟར་བྲིས་འདུག དེང་སང་འདི་འདྲའི་རིགས་ཇེ་མང་ལ་འགྲོ་བཞིན་རེད། གུས་མོའི་སློབ་ཕྲུག་ཚོའི་ཉིན་ཐོ་བདུན་ཕྲག་རེ་ལ་ཚར་གཅིག་རེ་བལྟ་དགོས་ཀྱི་ཡོད་ཟེར། ངས་མོ་ལ་ཁྱེད་རང་མནའ་མ་ཕྱིན་ནས་བུ་ཕྲུག་སྐྱེས་དུས། ཁྱེད་ཀྱིས་ཀྱང་བུ་ཕྲུག་དེ་ཚོའི་ཨ་མ་བཞིན་གནས་ནས་གནས་མི་འགྲོ་བའི་རེ་བ་ཡོད་ཅེས་དགོད་གཏམ་ཞིག་གིས་ཁ་བརྡའི་མཇུག་བསྡུས་པ་ཡིན། སྤྱིར་ཕྲན་གྱིས་ཁ་བརྡ་འདི་རྨང་གཞི་བྱས་ཏེ་རྟོག་སྒྲུང་ཐུང་ངུ་ཞིག་འབྲི་འདོད་ཡོད།
དེ་རིང་རྒྱལ་སྤྱིའི་ཨ་མའི་དུས་ཆེན་ལ། ཨ་མའི་བཀའ་དྲིན་གྱི་སྒོ་ནས་བསྟོད་གླུའི་སྙན་ངག་འབྲི་དགོས་མོད། འོན་ཀྱང་ཕྲན་གྱིས་སྙན་ངག་མི་ཤེས་པས་བྲིས་མེད་པར། དུས་རབས་ཀྱི་མི་ཡི་འགྱུར་ལྡོག་བྲིས་ཡོད་པས་དགོངས་འགལ་མེད་པར་ཞུ།
འོག་གི་སྐད་ཆ་དེ་བདེན་ན།འཇིག་རྟེན་གོ་ལྡོག་ཟེར་བ་དེ་རེད།
ཕ་མ་བུ་ཕྲུག་བར་གྱི་མཛའ་བརྩེ་དང་། བཀུར་སྟི། ཁ་ལེན་ཚིག་བརྩི་སོགས་ཡ་རབས་བཟང་སྤྱོད་ཀྱི་རིགས་མང་བོ་ཞིག་ལ་འགྱུར་བ་འགྲོ་བཞིན་ཡོད། འདི་ནི་འཛམ་གླིང་སྤྱིའི་ཡ་རབས་བཟང་སྤྱོད་ཉམས་མུས་འགྲོ་བཞིན་པའི་ཆ་གཅིག་རེད། དེང་དུས་ཀྱི་དཔྱོད་ལྡན་པ་མང་བོ་ཞིག་གིས་ཚན་རྩལ་རིག་གནས་ལ་མ་འདང་བའི་སྟོང་ཆ་གཅིག་ལྷག་ཡོད་པ་ངེས་ཟིན་ཐོབ་ཡོད། སྤྱིར་བཏང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ཕ་མ་བུ་ཕྲུག་བར་གྱི་བརྩེ་བ་དེ་ཡང་། ཤར་ཕྱོགས་ཨེ་ཤ་ཡའི་སྤྱི་ཚོགས་དང་བསྡུར་ན་ཧ་ཅང་ཞན་པོ་ཡོད། འདི་ནི་སྤྱི་ཚོགས་རིག་གནས་ཀྱི་འདུ་ཤེས་དང་ཡུལ་དུས་གནས་བབས་ཀྱི་དབང་གིས་མ་འདྲ་བར་བྱུང་བ་ཞིག་ལ་ངོས་བྱས་ན་འགྲིག དེང་སྐབས་བྱིས་པ་སྐྱེ་རུ་མ་བཅུག་པར་སྨན་འཐུང་ནས་གསོད་པ་དང་། སྐྱེས་ཟིན་ན་ཡང་སྲང་ལམ་དུ་གཡུག་པ་སོགས་གནས་ཚུལ་མང་བོ་ཞིག་བྱུང་དང་འབྱུང་མུས་སུ་ཡོད། འདི་དག་ནི་ཧ་ཅང་ཡ་མཚན་དགོས་པའི་སྣང་ཚུལ་ཞིག་ཡིན། ཡིན་ཡང་། ང་ཚོས་ཡིད་སྐྱོ་བའི་གནས་ཚུལ་འདིའི་མདུན་ངོས་གཅིག་པོར་བལྟས་པས་མི་ཕན་པར་མདུན་རྒྱབ་དང་གཡས་གཡོན། ཕྱོགས་ཐམས་ཅད་ལ་བལྟ་ཤེས་དགོས། གཅིག་བྱས་ན། ང་ཚོས་སྣང་མོག་མོག་འདིའི་ལྟག་རྒྱབ་ལ་ཡིབ་པའི་སྐྱི་གཡའ་བའི་གནས་ཚུལ་གཞན་ཞིག་ཀྱང་མཐོང་སྲིད། རང་གི་བསམ་ཚུལ་ཙམ་ཕུལ་བ་ཡིན། གསེར་ས་ལེ་སྦྲམ་ནས།
ནམ་མཁའ་མཆོག་གིས་མ་དང་ཕྲུའི་བྱམས་བརྩེ་གཞིར་བཟུང་གི་རྩོམ་ཡིག་བཀླགས་པས་དགའ་བ་བརྟས། བོད་མི་ཡིན་ཚད་ལ་ཕ་མར་བརྩེ་བ་དང་། ནུབ་ཕྱོགས་པ་ཡིན་ཚད་ལ་ཕ་མར་བརྩེ་བ་མེད་ཅེས་པ་དེ་མི་འཐད་པ་ཞིག་ཏུ་མཐོང་། ངས་རང་གི་ངོ་ཤེས་པ་ལོ་ངོ་དྲུག་ཅུ་ལྷག་ལོན་པ་རྣམས་ལོ་ངོ་དགུ་བཅུ་ལོན་པའི་མ་རྣམས་ལ་བྱམས་བརྩེས་ཐུག་པར་འགྲོ། བོད་པ་ཡིན་ཡང་དེ་ཙམ་གྱི་རང་གི་ཕ་ལ་བརྩི་གུས་མེད་པ་ནི། ནང་ལྟར་ན། ཇི་ལྟར་བརྩི་བ་ཡིན་མིན་མ་ཤེས་ཀྱང་། ངའི་ཕའི་སྲིང་མོའི་ཁྱོ་ག་ཞིག་ཡོད་པས། བོད་པ་བླ་མ་རིན་པོ་ཞིག་ཞུས་ཏེ། རང་གི་ནང་མིག་གང་ཡོད་ལ་བོད་ལུགས་ཕྱག་གནས་གཏོར་བ་ཞུས། དེ་ཉིད་ཀྱི་རང་གི་ཕ་རྒན་འཁོགས་ཡར་ལང་ཐུབ་པ་མེད་པ་ལ་སྟེང་ཐོག་ཏུ་ཉལ་ཡོད་པ་ན། རང་གི་ཕ་ཡིན་ཞེས་ཞུ་དགོས་པ་ལས། དེ་ལྟར་མ་ཡིན་པར་མི་རྒན་ཞིག་ཡོད་སྐྱབས་འཇུག་མཛོད་ཅེས་ཞུས། གཅིག་ན་ཞུ་སྟངས་མ་ཤེས་པ་ངེས། གང་ལྟར་གོང་གི་ཞུ་སྟངས་འདི་ཉིད་ངའི་སེམས་ལ་ད་ལྟ་ཡང་འདུག འདི་ཉིད་ལོ་ངོ་ལྔ་བཅུ་ལྷག་སྔོན་དུ་བྱུང་བའི་གཏམ་ཡིན། ད་ལྟ་དེ་ཀུན་ཚང་མ་འཇིག་རྟེན་ཕ་རོལ་ཏུ་སོང་།
སུ་དང་གང་ཡིན་རུང་རང་ཉིད་ཕ་མ་ལ་བརྟེན་དགོས་པ་ན། ཕ་མ་ལ་བརྩེ་གདུངས་ཆེ། བརྟེན་མི་དགོས་པ་ན། ཕ་མ་ལ་བརྩེ་གདུང་ཆུང་དུ་འགྲོ་བ་ཞིག་ཏུ་སྣང་། ངའི་མ་དང་ཕ་བཀའ་དྲིན་ཅན་དེ་དག་རིམ་པས་སྐུ་གཤེགས་པའི་གཏམ་ཐོས་པ་ན། བུ་ཆུང་ལྟར་ངུ་ཤོར་མེད་པ་དེ་ཡང་བརྩེ་གདུང་ཉུང་དུ་སོང་བའི་རྟགས་མ་ཡིན་ནམ། ཁྱེད་ཀྱི་སྤར་ན་ཡོད་པའི་ཕུག་རོན་མ་བུ་དེ་རྣམས་ཀྱང་ཕུག་རོན་མ་དེ་ལོ་རྒས། བུ་ཕྲུག་དེ་གཉིས་ལུས་པོ་ཆེར་ལོངས་པ་ན། ཕན་ཚུན་བྱམས་བརྩེ་ཇི་ལྟར་ཡོད་བདག་གིས་ཤེས་མི་ཐུབ། ཐམས་ཅད་རང་རང་གི་འཚོ་བ་སྒྲུབ་དགོས་པ་ན། ནུབ་ཕྱོགས་དང་ད་ལྟ་ལ་དྭགས་སོགས་ཀྱི་གནས་སྟངས་ལ་ཁྱད་མེད་པ་ཡིན་འདུག གཞོན་པ་རྣམས་གྲོང་ཁྱེར་ཆེ་ཁག་ཏུ་སོང་། གྲོང་ཡུལ་དག་ལ་རྒན་རྒོན་ཙམ་ལས་གཞོན་པ་མེད་པ་ལྟ་བུ་འདུག་གོ །
ནུབ་ཕྱོགས་རྒྱལ་ཁབ་ཁག་ནས་ཕ་མ་རྒས་འཁོགས་ཚོ་རིམ་གྱིས་གཅིག་རྗེས་གཉིས་མཐུད་ཀྱིས་རྒན་གསོ་ཁང་དུ་བསྐྱལ་བ་ནས་བཟུང་། ཁོ་ཚོ་བྱམས་བརྩེའི་དྲོད་ཁོལ་འཁྱིལ་བའི་འཇིག་རྟེན་གྱི་ཁྱིམ་གཞིས་ཤིག་དང་གཏན་བྲལ་དུ་གྱུར་བ་རེད། འདི་ནི་ཁོ་ཚོས་ཆེས་དྭང་ལེན་བྱ་དཀའ་བའི་མི་ཚེའི་མཐའ་མཇུག་གི་འགན་འཁྲི་ལྕི་མོ་ཞིག་ཀྱང་ཡིན་སྐད། འདི་ལྟར་གསོན་བྲལ་གྱི་སྡུག་བསྔལ་འཁུར་བཞིན་པའི་ཁོ་ཚོར་ད་དུང་རེ་བ་ལྷག་མ་ཞིག་ཡོད་པ་ནི། བུ་དང་བུ་མོ། ཡང་ན། ཤ་གཉེན་ཚན་དུ་གཏོགས་པ་ཞིག་གིས་བསྐོར་བ་ཐེངས་གཅིག་གཉིས་ཤིག་རྒྱག་རྒྱུ་དེ་རེད། འོན་ཀྱང་། བུ་མོ་ཚོར་མཚོན་ན་རྒྱུན་ལྡན་གྱི་བྱ་བའི་བྲེལ་འཚུབ་ཀྱི་དབང་གིས་ཕ་མར་ཐུག་འཕྲད་ཀྱི་ཆུ་ཚོད་ནི་ཧ་ཅང་གི་ཉག་ཕྲ་མོ་ཞིག་ཏུ་གྱུར་ཡོད། དེར་བརྟེན། ཉིན་མཚན་རེ་སྒུག་གིས་བསྐྱལ་ཞིང་མིག་ཟུང་མཆི་མས་གཤེར་བཞིན་ཁོང་ཚོས་ཚེ་སྲོག་ལ་མཇུག་བསྡོམས་རྒྱག་དགོས… གྲོགས་པོ་ཚོ! ལྟོས་དང་། འདི་ནི་ད་ལྟའི་ནུབ་ཕྱོགས་སྤྱི་ཚོགས་སུ་ཕ་མ་བུ་ཕྲུག་བར་གྱི་མཛའ་བརྩེ་གང་འདྲ་ཡོད་མེད་ཀྱི་དཔེ་མཚོན་གཅིག་རེད། མི་རིང་བར་ང་ཚོའི་སྤྱི་ཚོགས་འདི་དང་། ང་ཚོའི་ཁོར་ཡུག་འདི། ང་ཚོའི་མི་རབས་འདི་གོང་དུ་བཤད་པའི་ནུབ་ཕྱོགས་སྤྱི་ཚོགས་བཞིན་འགྱུར་བར་ཐག་རིང་བར་སེམས…
འདིར་དྲ་གྲོགས་ས་ལེ་སྦྲམ་དང་ལྷག་པར་དུ་རྒན་འཇམ་དཔལ་ལགས་གཉིས་ཀྱི་ཐུགས་བསམ་་རེ་གནང་སྟེ།བསམ་ཚུལ་གསུངས་པ་བཀའ་དྲིན་ཆེ། ཡིན་ཡང་ངས་ནུབ་ཕྱོགས་པ་ལུང་པའི་མ་བུ་ཆ་ཚང་དེ་འདྲ་རེད་ལབ་ཀྱི་མེད།འདི་ནི་སྤྱི་བཤད་ཙམ་ཞིག་ཡིན། ངས་ནུབ་ཕྱོགས་ལུང་པའི་བུ་ཕྲུག་འགས་རང་གི་ཕ་མ་ལ་གུས་བརྩི་དང་གཉོར་སྐྱོང་བྱེད་བཞིན་པ་མཐོང་མྱོང་ཡོད། སྤྱིའི་ཆ་ནས་བཤད་ན་མ་བུ་བར་གྱི་བརྩེ་བ་དེ་དུས་ཀྱི་བཀས་བཅད་ལྟ་བུ་འདུག ཕ་མས་ཀྱང་བུ་ཕྲུག་དང་སེམས་ཐག་རིང་དུ་འགྲོ་བ་ཤིན་ཏུ་མང་སྟབས་སེམས་ཁམས་བདེ་བོ་མེད་པར་མི་གསོད་ཁྲག་སྦྱོར་གྱི་བྱ་བ་མང་དུ་འགྲོ་བཞིན་པ་སྔར་ལས་མང་པོ་ཡོད།ཐ་ན་སློབ་ཕྲུག་ནང་ལོགས་སུ་ཡང་དེ་འདྲ་བྱུང་ཡོད། རྐྱེན་འདི་འདྲ་དབང་གིས་དེང་སང་ནུབ་ཕྱོགས་ཀྱི་སློབ་གྲྭའི་སློབ་དེབ་ནང་བོད་ཀྱི་ནང་བསྟན་གྱི་སྡེ་ཚན་རེ་འཇོག་ཨེ་ཐུབ་ལ་འབད་བཞིན་ཡོད། གཉིས་པ་དེ་ང་ཚོ་བོད་ཕྱི་ནང་གཉིས་སུ་ཡང་ཕ་མ་རྒན་རྒོན་དང་བུ་ཕྲུག་མང་པོ་ལ་དཀའ་ངལ་རིམ་པ་བཞིན་འཕྲད་བཞིན་ཡོད། དེའི་རྒྱུ་རྐྱེན་ནི་དཔལ་འབྱོར་ཡར་རྒྱས་སོང་དུས།མི་ཕལ་ཆེ་བའི་བརྩེ་བ་དེ་དངུལ་ཕྱོགས་ལ་འཁོར་འགྲོ་གི་ཡོད། དངུལ་ཡོད་ན་བརྩེ་བ་ཡོད་པ་དང་དངུལ་ཚར་ན་བརྩེ་བ་ཡང་ཡལ་འགྲོ་བ་འགྲོ་གི་ཡོད། དེ་འདྲའི་གནས་ཚུལ་དངོས་སུ་མཐོང་ཡ་འདུག འདི་དག་ལ་རྒྱབ་མདུན་གང་ལ་བལྟ་དགོས་པ་མ་ཤེས་མོད།འོན་ཀྱང་དེ་འདྲ་དངོས་བོའི་གནས་ཚུལ་མཐོང་ཡ་འདུག