ཁ་བའི་འབྲོག་མོ།
བཟང་ངན་གཙང་བཙོག་མེད་པའི་ཞི་གནས་པ།།
རྨི་ལམ་རིང་དུ་འཐེན་པའི་སེམས་ལྡན་སྟེ།།
གཞན་གྱིས་དགོས་མེད་གཡུགས་པའི་དངོས་པོ་རྣམས།།
ཁྱེད་ཀྱིས་དགའ་བ་ཆེན་བོས་སྐྱེས་སུ་སྒོམ།།
བཙོག་པའི་དངོས་པོ་ཚུན་ཆད་ཟོས་གྱུར་ཏེ།།
ངལ་བས་རྩོལ་བ་བྱས་པའི་ལུས་པོ་ནི།།
ཡུན་ཐུང་ཚེ་ཡི་བློས་གཏོང་ཆེན་པོ་འདིས།།
མི་ལ་ཞིམ་པའི་གཏང་རག་ཕངས་མེད་སྦྱིན།།
གོས་དང་ཁང་བ་མཐོ་གང་ཙམ་ཡང་མེད།།
ཁྱོད་ལ་བཟའ་ཟླའི་མིང་ཙམ་དེ་བས་མེད།།
འོན་ཏེ་འདོད་ཆགས་གཏི་མུག་རྟུལ་བོ་དག །
ཁྱོད་ཀྱི་མགོ་ལ་མི་ཡིས་བཙན་གྱིས་བཏགས།།
འདོམ་གང་གྲུ་བཞི་ཅན་གྱི་འཁོར་བ་དེར།།
རྒྱལ་འབངས་དམག་དང་བཅས་པ་ཁྱེད་ཉིད་དེ།།
རྒྱལ་སྲིད་དར་རྒུད་ཆེད་དུ་གཡུལ་འཐབ་སོགས།།
ཁྱེད་ཀྱིས་ཐེ་ཇུས་མི་དགོས་སྐྱིད་པ་ལ།།
སྒྲུབ་པ་ཉམས་ལེན་གང་ཡང་མེད་ནའང།།
གཉིད་ཀྱི་ཏིང་འཛིན་བསྟེན་པའི་བཙུན་པ་ཞིག།
ཚེ་རིང་རིལ་བུ་རག་པར་ཆ་བཞག་ཀྱང་།།
ཁྱེད་ཀྱི་ཚེ་ཚད་ལོ་ངོ་རེ་གཉིས་ཙམ།།
ཐོབ་དང་དབང་ཐང་རྒྱུ་འབྱོར་གོ་ས་སོགས།།
འཚོལ་བའི་ལས་ལ་མི་བརྩོན་དབུ་མ་བ།།
བདེ་བ་ཆེན་པོའི་འཇིག་རྟེན་ཕ་རོལ་ནས།།
ཁྱེད་ཀྱིས་མི་ལ་འཕྱ་བའི་དགོད་སྒྲ་མཐོ།།
ཁྱོད་ལ་རང་སྡེ་ཞེས་པའི་ཕྱོགས་མེད་ཅིང་།།
གཞན་པའི་སྡེ་ལ་གནོད་པའི་དགྲ་མེད་པས།།
སྨྲ་ཤེས་དོན་གོ་ཞེས་པའི་མི་ལུས་འདི།།
ཁྱེད་ལས་ལྡབ་ཀྱིས་རྨོངས་པའི་ཐེ་ཚོམ་སྐྱེ།།
༢༠༡༤། ༥། ༡༠
ཀྱེ་མ་མཐའ་དམག་བོད་ལ་ལྷགས་པ་ཡིས།
གཡའ་གངས་གཙང་མར་གནས་པའི་ཟལ་མོ་འབྲི།
གཡང་དཀར་མ་མོ་ལྷ་གཡག་བོད་ཀྱི་ནོར།
མིང་མེད་བྱས་ཏེ་འབྲོག་མོ་ཕག་རྫིར་བཏང།
རང་གི་སྡེ་ལ་ཕྱོགས་ཞེན་མེད་པ་དང་།
གཞན་གྱི་སྡེ་ལ་དགྲ་འཛིན་མ་ཤེས་པས།
གཤིན་རྗེའི་ཐག་པས་སྐེ་ནས་སྡོམ་དུས་སུ།
གཉིས་ཕན་བྱང་སེམས་་ཡིན་ཀྱང་ཚར་ལེ་རེད།།་་་ཧཧ
སྙན་ཚིག་ཚིག་གི་མཛེས་པ་ཡིད་དུ་འོང་།།
དོན་བཟང་ཕན་བཅུད་དེ་ནི་རབ་ཏུ་གཏམས།།
མུ་མཐུད་བྲིས་པའི་ཕུགས་བསམ་རི་མོ་ཉིད།།
མངོན་པར་གསལ་བར་བྲེལ་གྱིས་རྒྱུགས།།