ཁྲི་རལ་པ་ཅན།
ནམ་རྒྱུན་རྒྱ་མཚོའི་རྦ་རླབས་ལྟར་འཕྱོ་བ་མི་ཚོགས་ཀྱི་ཁྲོད་དུ། ཅི་ཞིག་མཐོང་འདོད་ཀྱི་བསམ་པས་ཕར་ཚུར་ལ་མིག་ཟུང་རིག་རིག་ཏུ་བལྟས་ཏེ། མི་མང་པོས་རྡོག་བརྫིས་འོག་ཤོར་གྲབས་ཡང་ཡང་བྱས་མྱོང་ལ། ལམ་འགྲམ་གཡས་གཡོན་ནས་སོ་བ་བཞིན་དུ་ནན་བསྲུང་བྱས་བྱས་པའི་མཐར། ཧ་ཅང་མཐོང་འདོད་ཆེ་བའི་ཁྱེད་མཐོང་ཐེངས་རེར། མེ་ཏོག་མཛེས་པོའི་རྩི་བཅུད་ལ་ཆགས་པའི་སྦྲང་མ་ལྟར། ཁྱེད་ཀྱི་ངོ་གདོང་དང་རྒྱབ་གཟུགས་ལ་ཤོར་བའི་མིག་ཞགས་དེས། ཧད་དེ་ལུས་པའི་བེམ་པོ་ང་ལ།གཞན་གྱིས་འཕྱ་དགོད་ཀྱི་རྔམ་པ་ཐོབ་པའང་ཉུང་ཉུང་མིན།
གང་ཤེས། ཁྱེད་ནི་ངའི་མིག་ལམ་དང་སེམས་ནང་དུ། དེ་ལྟར་ཡིད་དུ་འོང་དོན་གང་ཡིན་ནམ། ད་ཆ་ང་ལ་མཚོན་ན། འཇིག་རྟེན་འདིར་ཆེས་ལྐོག་གྱུར་དང་ཤེས་འདོད་ཆེ་བ་ནི། ཁྱེད་ནས་ངའི་སྐོར་ལ་ཅི་བསམ་བཞིན་ཡོད་དམ།
ཁྱེད་ཀྱིས་ལྐོད་ལྐོད་སུད་སུད་ངང་འཕངས་བའི་མིག་མདའ་དེ། ང་ཡི་སེམས་ཁོངས་ཀྱི་རེ་འབོད་དེའི་བརྡ་ལན་ཡིན་ནམ། ཁྲོམ་གཞུང་གི་ཟ་ཟུར་རེ་ནས་གློ་བུར་གདོང་ཐུག་བྱུང་སྐབས། ཕན་ཚུན་བར་སེམས་གཏམ་གྱི་བདུད་རྩི་བསྟམས་མ་མྱོང་བའི་ངོ་གདོང་དུ། འཛུམ་དཀར་གྱི་མེ་ཏོག་ལྷུག་པོར་དཀྲོལ་འགྲོ་བ་གང་ཡིན་ནམ།
ཡང་ན། ངའི་སེམས་སུ་དཀར་སོབ་སོབ་འཕྱུར་བཞིན་པ་སྟེ། དུང་སེམས་དང་ཞེན་ཆགས་ཀྱི་ཝུ་ཆང་གི་བཟི་ཁ་དེས། ང་ལ་བསླུ་བྲིད་ཀྱི་རེ་སྟོང་ཙམ་སྤྲོད་བཞིན་པ་རེད་དམ།
ཡང་མིན་ན། ལྷུག་པོར་དཀྲོལ་བ་ཡིད་འགུག་གི་འཛུམ་མདངས་དེ་ནི། ཡ་རབས་བུ་མོའི་བག་དྲོ་དང་སེམས་བཟང་གི་གཤིས་སྤྱོད་ཅིག་རེད་དམ། ད་ནི་ང་འཐོམས་སོང་།
གཙང་བོ་ཆེན་པོ་ཅིག་གི་ཕར་ཚུར་དུ་ལྷག་པ་ལྟ་བུ་ངེད་གཉིས་བར། འཕྲད་དཀའ་ལ་འབྲལ་སླ་བའི་འཇིག་རྟེན་དུ། མཛའ་དུང་གི་སེམས་པ་གཉིས་མཇལ་འཕྲད་ཆེད། བཞུར་རྒྱུན་དྲག་ལ་རླབས་ཕྲེང་རྒོད་པའི་ཆུ་བོ་དེ་བརྒལ་བར། ངས་རྒྱུན་གཏན་འབད་བརྩོན་གྱིས་འཐེན་བཞིན་པའི་ཐག་ཟམ་དེར། ཁྱེད་ནས་བརྩིས་མཐོང་དང་རིན་ཐང་གང་ཡང་མི་སྤྲོད་པ་ཅི་ཡིན་ནམ། ཁྱེད་ནས་ཟོལ་བཅོས་ཀྱི་ཞྭ་མོ་རྙིང་པ་དེ་ཕུད་མ་ཐུབ་པ་ཡིན་ནམ།
ཡང་ན། རང་ཉིད་ཀྱི་ཆེ་མཐོང་ཙམ་མི་བརླག་པར། ཨུ་ཚུགས་ཀྱིས་འཛུམ་མདངས་བཅོས་མ་ཞིག་བཙུར་བཞིན་པ་ཡིན།
གང་ལྟར། ཁྱེད་ཀྱིས་འཕངས་པའི་ཟུར་མིག་གི་མདའ་མོ་དེས། ངའི་སྙིང་ཆུང་ཚལ་བར་གཤེགས་ཏེ་བྲང་གཞུང་ཁད་ཀྱིས་གཏོར་སོང་བས། ངའི་གཉོམ་ཆུང་གི་ཚེ་སྲོག་དང་མི་ཚེ། མཛེས་སྡུག་གི་རྨི་ལམ་ཚུན་ཆད། ང་དང་གཏན་དུ་བྲལ་ལ་ཉེ། གལ་ཏེ།ལས་འབྲས་ཀྱི་ཁ་ཏན་བཞིན། ཁྱེད་སེམས་ཀྱི་དབྱར་གཞུང་གི་ཆུ་བོ་དྲོད་ཁོལ་གྱིས་རྒྱས་ཚེ། བདག་སེམས་སུ་མེ་ཏོག་དང་འཇའ་ཚོན་གྱི་སྤྲོ་དགས་ཁེངས་བར་ངེས་སོ།།
ཡག་པོ་འདུག་ཡག་པོ་འདུག་