སྨིན་སྣང་མཛེས།
དང་པོ།
རང་ཉིད་ལ་མཚོན་ན་གླུ་སྙན་མོ་ཞིག་ལེན་མི་ཤེས་ཀྱང་གླུ་ལེན་རྒྱུར་དགའ་བ་དང་སྙན་ངག་ཡག་པོ་ཞིག་གྱེར་མི་ཤེས་ཀྱང་སྙན་ངག་ལ་དགའ་བ་ནི་ང་ལ་རྩྭ་ཐང་གི་འཚོ་བ་སྐྱིད་པོ་དེས་བཞག་པའི་བག་ཆགས་ཟབ་མོ་ཞིག་ཀྱང་ཅིས་མ་ཡིན། ལྷག་པར་ཏུ་སྦྲ་འདབས་ནས་སྐྱེས་ཤིང་སྦྲ་འདབས་ནས་འཚར་ལོངས་བྱུང་བའི་ཁོ་མོར། སྦྲ་ནག་ཅེས་པའི་མིང་དེས་ཀྱང་ཚོར་བ་དམིགས་བསལ་བ་ཞིག་སྤྲད་པ་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་རེད། དོ་ནུབ་ཀྱང་ཚོར་བ་དམིགས་བསལ་བ་དེས་དེད་དེ་སྦྲ་ནག་ཚང་གི་དགོང་ཚོགས་ལ་ཞུགས་པ་ཡིན།
གཉིས་པ།
དགོང་མོ་འདིར། གར་སྟེགས་སྟེེེང་ནས་ཧི་མ་ལ་ཡ་བརྒལ་ཏེ་ཡོང་བའི་སྦྲ་ནག་ཞིག་གི་སྣང་བརྙན་མཐོང་ཡོང་དུས། སྦྲ་ནག་དང་གྱེས་ཏེ་ལོ་ངོ་བཅུ་ལྷག་འགོར་ཟིན་པའི་འབྲོག་ཕྲུག་མ་ངས་ཀྱང་རང་དབང་ མེད་པར་དགའ་སྐྱོ་འདྲེས་མའི་ཚོར་འདུ་སྣ་ཚོགས་ཤིག་ལུད་འགོ་བརྩམས་བྱུང་། ཆེ་རྒྱུ་མེད་ལ་ཆུང་རྒྱུ་དེ་བས་ཀྱང་མེད་པའི་སྦྲ་ནག་ཅིག བསིལ་རླུང་འཇམ་པོ་ཞིག་གིས་སྒོ་དར་དང་ཕུག་དར་བསྐྱོད་ཐེངས་རེར་ངའི་སེམས་པ་རྒོད་པོ་གཤོག་ཐོགས་བཞིན་ཕ་ཡུལ་སྨིན་ལྗོངས་ཀྱི་རྩྭ་ཐང་དུ་ཤོར་འགྲོ་བ་མ་ཟད། རྩྭ་ཐང་གི་རྟ་ནོར་ལུག་གསུམ་དང་ཤ་མར་ཐུད་གསུམ། སྦྲ་འདབས་ཀྱི་ཕུ་ནུ་མིང་སྲིང་། བྱམས་ལྡན་ཨ་མའི་ལག་ཟས་དང་ཨ་ཕའི་དགོད་སྒྲ། བརྩེ་ལྡན་གྱི་ཕུ་བོའི་བརྩེ་འཛུམ་སོགས་མང་པོ་མང་པོ་ཞིག་དྲན་ནས་ཡོང་ལ། མནན་ཀྱང་མི་ནོན་པའི་ཚོར་བ་རྣོན་པོ་ཞིག་གིས་ལུས་སེམས་ཕུག་ནས་ཡོང་།
གསུམ་པ།
ས་སྲོད་ཀྱི་དུས་དེར་གློག་འོད་སྣ་ཚོགས་ཀྱི་འོག་ན་སྦྲ་ནག་འདི་ཇི་འདྲའིི་ཡིད་དུ་འོང་ལ། ཇི་འདྲའི་ལྟ་ན་སྡུག གླུ་བ་གྲགས་ཅན་གདུ་བྷེའི་འབྲོག་གླུ་སྙན་མོ་ཞིག་དང་འགྲོགས་ཏེ་ལང་ཚོས་རབ་ཏུ་ཕྱུག་པའི་གཞོན་ནུ་ཕོ་མོ་གཉིས་ཀྱིས་སྦྲ་ནག་ལ་བསྟོད་དབྱངས་འཐེན་བཞིན་མདུན་གྱི་གར་སྟེགས་དུ་སླེབས་བྱུང་། ལྟད་མོ་བ་ཚོས་ཀྱང་དགའ་བའི་ཀི་སྒྲ་དང་སྤྲོ་བའི་ཐལ་སྒྲའི་ཀློང་ནས་དོ་དགོང་གི་སྦྲ་ནག་ཚང་གི་དགོང་ཚོགས་ལ་དངོས་སུ་རོལ་མྱོང་བྱེད་འགོ་ཚུགས། དོ་དགོང་གི་གར་སྟེགས་འདི་ནི་ཁོ་མོ་འགྲིམ་མྱོང་བའི་གར་སྟེགས་གཞན་དང་གཏན་ནས་མི་འདྲ་བར། འདིའི་སྟེང་ནས་མར་དྲི་དང་རྩམ་དྲི། འོ་དྲི་སོགས་འཐུལ་ཡོང་བ་ལྟ་བུའི་སྦྲ་ནག་གི་སྣང་བརྙན་དེས་མཛེས་པ་དང་དྲན་པ། དགའ་བ་དང་སྐྱོ་བ་སོགས་ཀྱི་ཚོར་འདུ་སྣ་ཚོགས་ཞིག་འཐབ་པས་རང་དབང་མེད་པར་ཁོ་མོ་ཕ་ཡུལ་གྱི་རྩྭ་ཐང་དུ་ཁྲིད་སོང་།
བཞི་པ།
རྩྭ་ཐང་གི་འཚོ་བ་དངོས་སུ་རོལ་མྱོང་བྱེད་བཞིན་པ་ལྟ་བུའི་གར་སྟེགས་སྟེང་གི་སྣང་བརྙན་དེས་ཀློང་ན། གླུ་དབྱངས་དང་དཀྲོལ་ལེན། འབྲོག་གླུ་སོགས་ཀྱི་ཚོར་བས་ཕྱུག་པའི་ལྟད་མོ་སྣ་ཚོགས་ཤིག་བསྒྲིགས་ནས་ཡོང་། སྐབས་ཤིག་ཁོ་མོ་ཡང་རང་དབང་མེད་པར་གར་སྟེགས་སུ་སླེབས་བྱུང་། སྦྲ་ནག་གི་མདུན་དུ་གོམ་པ་སྤོ་ཐེངས་རེེར་རང་ཉིད་དངོས་སུ་ཕ་ཡུལ་གྱི་རྩྭ་ཐང་དུ་སླེབས་བྱུང་བ་ལྟ་བུའི་ཚོར་བ་ཞིག་བྱུང་ལ། སྐབས་རེར་མིག་མདུན་གྱི་ལྟད་མོ་བ་ཚོ་ཡང་རྟ་ནོར་ལུག་གསུམ་དུ་འཁྲུལ་བྱུང་། ཨ་མ་དགའ་ཞིང་ཨ་ཕ་དགྱེས་པའི་ཟོག་ནག་ཆུང་གི་གདངས་མཐོ་རུ་བཏེགས་ཐེངས་རེར། ལྟད་མོ་བ་ཚོས་ཀི་སྒྲ་དང་ཐལ་སྒྲ་རྣམས་ཡུག་གཅིག་ཏུ་འདྲེས་བྱུང་། དེ་ནི་ནོར་ལུག་གི་ངུར་སྒྲ་དང། གཡང་དཀར་གྱི་འབའ་སྒྲ། འདོ་རིགས་ཀྱི་འཚེར་སྒྲ་རྣམས་ཡུག་གཅིག་ཏུ་འདྲེས་པའི་ཚོར་སྣང་ཞིག་ལས་མ་འདས།
ལྔ་བ།
དུས་ཡུན་སྐད་ཅིག་ཙམ་ཞིག་ལས་མེད་པ་ལྟ་བུའི་དགོང་ཚོགས་འདི་མཇུག་བསྡུ་ལ་ཉེ་སོང་། སྦྲ་ནག་ནས་འཚར་ཞིང་སྦྲ་ནག་ནས་གཉོམ་ལག་རྒྱས་པའི་འབྲོག་ཕྲུག་ཁྱུ་རེ་ཁྱུ་རེ་བྱས་ནས་སྦྲ་ནག་གི་མདུན་དུ་གཅིག་རྗེས་གཉིས་མཐུད་དུ་པར་རྒྱག་པར་སླེབས་བྱུང་བ་མ་ཟད། སྦྲ་ནག་མིག་གི་མ་མཐོང་ཞིང་སྦྲ་ནག་གི་འཚོ་བ་ལ་རོལ་མྱོང་མེད་པའི་བོད་ཕྲུག་དང་ཕྱི་རྒྱལ་བ་ཚོ་ཡང་ཡ་མཚར་བའི་ངང་སྦྲ་ནག་གི་མདུན་དུ་འཚང་ཁ་ཤིག་ཤིག་གིས་པར་རྒྱག་པར་བྲེལ་འདུག སྐབས་འདིར། ཁོ་མོ་སྦྲ་ནག་དང་ཅུང་ཐག་ཉེ་བའི་རྐུབ་སྟེགས་སྟེང་དུ་བསྡད་ནས་བསམ་གཞིགས་ནན་མོ་ཞིག་གཏོང་དུས། རང་དབང་མེད་པར་སྐྱོ་སྣང་ཞིག་ཀྱང་སྐྱེས་བྱུང་།
དྲུག་པ།
དེ་ནི་དེང་སྐབས་འབྲོག་པ་གྲོང་བསྒྱུར་ཞེས་པའི་གནས་ཚུལ་དེ་རེད། གནས་ཚུལ་དེ་དང་འབྲེལ་ནས་རྟོགས་དཀའ་བའི་དྲི་བ་མང་པོ་ཞིག་སེམས་ངོགས་སུ་འཚང་བྱུང་། དུས་ནམ་ཞིག་ལ་ང་རྩྭ་ཐང་དུ་སླེབས་ན་ངེད་ཚང་གི་སྦྲ་ནག་སྔར་བཞིན་ཡོད་དམ། རྟ་ནོར་ལུག་གསུམ་སྔར་བཞིན་གནས་ཡོད་དམ། རྩྭ་ཐང་གི་འཚོ་བ་སྔར་བཞིན་ཡིན་ནམ། རྩྭ་ཐང་གི་འབྲོག་པ་ཚོས་ངོ་ལོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ལྡན་པའི་སྦྲ་ནག་གི་རིན་ཐང་རྟོགས་ཀྱི་ཡོད་དམ། དུས་ནམ་ཞིག་ལ་འདི་བོད་པའི་སྦྲ་ནག་རེད་ཟེར་བའི་སྣང་བརྙན་རེ་འགྲེམས་སྟོན་ཁང་རེ་ན་མ་གཏོགས་མཐོང་རྒྱུ་མེད་ན་དེ་འདྲའི་ཕངས། འདི་ལྟར་ལོ་རྒྱུས་ལྡན་ཞིང་རིན་ཐང་མངའ་བའི་བོད་ཀྱི་རིག་གཞུང་གལ་ཆེན་ཞིག་མིག་མདུན་ནས་བལྟས་བལྟས་རིག་རིག་ལ་ཉམས་སོང་ན་ཇི་འདྲའི་ཕངས་པ་ལ། ངས་འདི་ལྟར་བསམ་བཞིན་བསམ་བཞིན་མདུན་དུ་བལྟས་ཚེ་སྦྲ་འདབས་ན་མི་ཚོགས་སྔར་བཞིན་པར་རྒྱག་པར་བྲེལ་འདུག
བདུན་པ།
ཡང་གཅིག་བཤད་ན། སྦྲ་འདབས་ནས་འཚར་ལོངས་བྱུང་ཤིང་འབྲོག་ཐང་ལ་རྒྱུས་མངའ་ཆེ་བའི་འབྲོག་ཕྲུག་ཚོས་སྦྲ་ནག་མིག་གིས་མ་མཐོང་ཞིང་འབྲོག་ཐང་གི་རིན་ཐང་མི་རྟོགས་པའི་བཙན་བྱོལ་གྱི་བོད་ཕྲུག་ཚོར། སྦྲ་ནག་གི་གལ་ཆེའི་རང་བཞིན་དང་འབྲོག་ཐང་གི་འཚོ་བ་ངོ་སྤྲོད། དེ་དང་འབྲེལ་བའི་ལོ་རྒྱུས་རེ་བཤད་དགོས་པ་ནི་ཆེས་གལ་ཆེན་ནང་གི་འགངས་ཆེན་ཡིན་པར་སེམས། དེ་མིན། མི་རིགས་གཞན་པ་ཚོའི་མདུན་དུ་འབྲི་མོའི་བེའུ་ལ་གཡག་གི་བུ་གུ་དང་། ཁོལ་མོ་ལ་ཆུ་ཟོ་ཟེར་བ་སོགས་ནི་ངོ་ཚ་དང་ཞབས་འདྲེན་ཞིག་ཀྱང་ཡིན་ནོ། རྒྱུ་མཚན་བོད་པ་ཞིག་ཡིན་ན་རང་གི་རུས་རྒྱུད་དང་རིག་གཞུང་། ཡུལ་སྲོལ་གོམས་གཤིས་དང་སྐད་དང་ཡི་གེ་སོགས་རང་ཉིད་ཀྱིས་རྟོགས་དགོས་པ་ནི་བཟློག་ཏུ་མེད་པའི་འོས་འགན་ཏུ་སེམས་སོ།། མཇུག་མཐར་དེ་རིང་གི་དགོང་ཚོགས་གོ་སྒྲིག་པ་གཞས་པ་ཆོས་སྟོབས་དང་སྦྲ་ནག་ཚང་ལ་བཀའ་དྲིན་ཆེ་ལན་བརྒྱར་ཞུས་པ་ཡིན།
སྤྱི་ལོ་༢༠༡༤ ལོའི་ཟླ་༥ ཚེས་༩ དགོང་མོར།
ཡག་པོ་བྲིས་ཤག
མ་གཞི་ནས་སྦྲ་ནག་དྲན་ཀྱང་སྦྲ་ནག་ལ་སྡོད་མཁན་མི་རག་གི་བཤད་ཀི། ཙམ་དྲི་དང་མར་དྲི་དྲན་ཀྱང་ཙམ་དྲི་དྲོ
དུས་སྣ་ཡི་རྫི་བསྡུད་ཀྱི་ཟེར། ཨ་ཕ་དང་ཨ་མ་དྲན་ཀྱང་ཕ་མ་རྒན་གསོ་ལ་བསྐྱེལ་གི་གོ་གི། རྩ་ཐང་དང་བྱང་ཐང་ལ་དགའ་གི་བཤད་ཀི། འབྲི་གཡག་ར་ལུག་འཚོ་མི་མེད་ཀི་ཟིག
སྦྲ་ནག་འགྱེལ་སོང་ནོར་ནག་བོར་སོང་སྙན་ངག་པ་ཚོས་སྦྲ་མཛེས་རབ་དང་ནོར་ཕྱུགས་ལ་དགའ་རབ་བྱེད། ཡིན་ཡང་ཁོང་ཚོས་སྦྲ་ནག་ལས་སྡོད་འདོད་མེད་པ་གསལ་བོ་ཡིན།
སྦྲ་ནག་ལ་སྡོད་དུ་བཅུག་ན་མི་སྡོད་ཁོ་ཐག་ཡིན།
སྦྲ་ནག་ལ་དགའ་མཁན་དེ་ཚོ་ཡང་།
སྦྲ་ནག་མེད་ན་དྲན་པ་དང་ཡོད་ན་སྡོད་སྙིང་མི་འདོད་པ་ནི་མི་ཚོའི་དྲན་གཤིས་རྣལ་མ་ཤིག་རེད།
སྦྲ་ནག་དང་འབྲེལ་བའི་འབྲོག་ཕྲུག་ཚོས། སྦྲ་ནག་ལ་ཞེ་མེར་ལང་། ནང་ལ་བསྡད་ན་བདེ་སྐྱིད་མེད་ལ་ཕྱི་རུ་ཐོན་སྤོབས་པ་མེད། ཐ་ན་ན་ཇག་རྐུན་ཙམ་ལ་བདེ་འཇགས་མེད། སྙན་ངག་པས་སྦྲ་ནག་ལ་དུང་ཞེན་བརྩེ། རྒྱུ་རྩལ་བས་སྦྲ་ནག་གི་གཟུགས་རྙན་སྟོན་ཀྱང་། གང་ལྟར་སྦྲ་ནག་ནང་བདེ་སྐྱིད་ཆེ་རྒྱུ་མེད་པ་དྲན་ལམ་ན་གསལ། གལ་སྲིད་ཁྱེད་རང་སྦྲ་ནག་ནངའཚོ་བ་བསྐྱེལ་མྱོང་ཡོད་ན།