བཀྲ་ཤིས་དོན་འགྲུབ།
ང་ནི་ཁེར་སྐྱེས་ལྗོན་པའི་སྐྱོ་རོགས་ཡིན།།
ནམ་མཁའ་སྟོང་པ་ཁྱོད་ལ་ཁག་ཅི་ཡོད།།
སྨག་གི་ཇག་པ་རྒྱུག་པའི་ནམ་གུང་དུ།།
ང་ཡི་གླུ་སྐད་གཡའ་བོར་ཉན་ལ་ཤོག །
ཚོན་རྩིས་བྱུག་པའི་ས་གཞི་དམར་པོ་ལ།།
ཉི་མའི་ཟེར་ལྷག་ལུས་པར་ཁག་ཅི་ཡོད།།
ཐོ་རེངས་བྱ་སྐད་རྒྱག་པའི་དུས་ཤར་ལ།།
སྐར་མའི་མིག་ཆུ་ལུས་པ་མ་མཐོང་ངམ།།
རི་ཐང་ལིང་ལིང་གཙང་པོས་ཁྱེར་སོང་ཡང་།།
རི་དྭགས་རྨས་མའི་རེ་སྒུག་ད་དུང་འགུལ།།
སྟོང་པའི་སྣེ་ན་འདུར་བའི་ཚེ་སྲོག་དེས།།
སྨིག་རྒྱུའི་རི་མོ་དེར་ཡང་གདུང་བ་བཞག།
རྔ་གོག་སྒྲ་ལ་གཡེང་བའི་རྣམ་ཤེས་ནི།།
མུན་པའི་སྦུ་གུ་ཉུལ་བའི་དུག་སྦྲང་འདྲ།།
གཤིན་ཆོག་གྱེར་འདོན་དྲག་པོའི་འུར་རྡོ་ཡིས།།
སེམས་ཀྱི་བྱ་ཚོགས་དགུང་ལ་སྤུར་སོང་ངོ་།།
ལུང་པའི་ཕུ་ནི་ན་བུས་སྐྱ་བོས་འགམས།།
གྲོང་ཁྱེར་འཁྲུག་པོས་བཅོས་འཛུམ་མཆོར་ལྭ་གོན།།
སྐྱིད་སྡུག་ཟེར་བའི་མེ་ལོང་སྒོར་སྒོར་དེར།།
རོལ་དབྱངས་ཟ་ཟི་ཞིག་གི་གཡའ་ཆགས་འདུག།
མཚམས་སྤྲིན་དམར་པོ་སྙན་ངག་ཡིན་ཟེར་ན།།
ལམ་ཆེན་དེ་ཡང་རྒྱ་མཚོའི་དབུས་ནས་འཐེན།།
ཉི་སྲིབ་སྣོལ་མའི་སྣོད་བཅུད་ཟླུམ་པོ་ཡང་།།
གནམ་གྱི་སྐར་མ་བཞིན་དུ་བྱེར་ལ་ལྟོས།།
སྣོད་རལ་སོང་། མིའང་རལ་སོང་། རྣམ་ཤེས་གང་ལ་འགྲོ