རྩོམ་པ་པོ སྐྱ་རེངས།
ལོ་རྒྱུས་ཀྱི་གསང་བ་རྨང་ནས་གཏོར་བའི་མི་རབས་ཤིག
དུས་རབས་འདིར བདག་གིས་རེ་ཞིང་སྒུག
༡༽
བརྩེ་བ་དེ་མེ་བཞིན ངའི་བྲང་གཞུང་ནས་འབར
དུངས་པ་དེ་ཆུ་བཞིན ངའི་ཡ་ཆུང་ནས་གཞུར
སེམས་པ་འདི རླུང་བུ་ཞིག་ཏུ་སྤྲུལ་ནུས་ན
གཏན་དུ་ང ཁྱེད་ཀྱི་ལང་ཚོའི་སྦུབས་སུ་ཉུལ་ཡོང
༢༽
གཙང་བོ་དེ་ཕ་རོལ་ན སུ་ཞིག་གིས་བདག་འབོད་ཀྱིན་པ་འདྲ
རི་བོ་འདིའི་ཕར་རྒྱབ་ཏུ སུ་ཞིག་གིས་བདག་ལ་སྒུག་ཡོད་པ་དང་མཚུངས
གང་ལྟར་མི་ལོ་ཉེར་ལྔའི་གཙང་བོ་ཞིག བདག་གིས་བརྒལ་ཟིན
རི་ཚོགས་ཤིག་ད་དུང བདག་གི་མིག་མདུན་དུ་སྟར
༣༽
གནའ་བོའི་མཐོ་སྒང་གི་སྐར་ཚོགས་ཁོ་ནས
ད་གཟོད་སུ་ཡིས བདག་གི་རྒྱལ་ཁམས་འཇིག་པ་རྟོགས
ལོ་རྒྱུས་ཀྱི་གསང་བ་རྨང་ནས་གཏོར་བའི་མི་རབས་ཤིག
དུས་རབས་འདིར བདག་གིས་རེ་ཞིང་སྒུག
༤༽
ཤིང་ལོ་གོས་སུ་གྱོན་པའི་ཡ་ཐོག་གི་དུས་རབས་ཤིག
བདག་གི་མེས་པོ་ཚོས་བརྒྱུད་མྱོང
ཉི་མ་ལྷ་རུ་བཀུར་བའི་གནའ་བོའི་མཆོད་བསྟོད་ཅིག
བདག་གི་ཡབ་མེས་ཚོས་ཀྱང བརྩམས་མྱོང
༥༽
བྲག་ཕུག་ཁྱིམ་དུ་བྱས་པའི་ཡར་ཀླུངས་ཁོག་ནས
མི་རིགས་ཤིག་གིས རྩྭ་ཐང་དང་གངས་རི་དབང་དུ་བསྒྱུར
རྟ་རྒོད་ཀྱི་རྨིག་སྒྲ་དང འབྲོང་དམར་གྱི་རྭ་རྩེ་བར་ནས
ཡཱ་གླིང་གི་ས་ཆེན་སྟེང དཔའ་མཛངས་ཀྱི་དར་ཆ་དགུང་དུ་ཕྱར
༥༽
ཉི་མ་རླུང་གིས་དེད་པའི་དུས་ཚིགས་དེས
ཟླ་བ་འཁྱག་གིས་བཙེས་པའི་ནམ་ཟླ་དེས
མཐའ་མཇུག་གི་དུས་རབས་ཀྱི་སྐྱོ་སྡུག་ཁུར་ཡོད་པ་ལས
ལོ་རྒྱུས་ཀྱི་སྐྱོ་གར་ནི་སྔ་མོ་ནས་དབུ་བཙུགས་ཟིན
༦༽
མི་སེམས་ཀྱི་ཐལ་རྡུལ་འཇགས་པའི་ཆར་རྒྱུན་དེས་མིན་ན
རལ་གྲི་སྙིང་ལ་བརྡབས་པའི་སྐྱོ་གར་དེས་མིན་ན
དུས་རབས་འདིར་བདག་ལའང་རྟ་ཕོ་གཤོག་ཐོག་ཅིག་དང
དབང་ཆོག་པའི་མཁའ་དབྱིངས་ཤིག ཡོད་ཆོག་ཨང
༧༽
ལོ་རྒྱུས་ཀྱི་ན་ཟུག་ཁུར་བའི་ཕ་མ་ཚོ་རྒས་དྲགས་སོང
མི་རིགས་ཀྱི་གདུང་བ་ཆེ་བའི་ན་མཉམ་ཚོ་སད་དྲགས་སོང
ལོ་རྒྱུས་ཀྱི་སྐྱོ་གར་རྨང་ནས་གཏོར་བའི་མི་རབས་ཤིག
དུས་རབས་འདིར བདག་གིས་རེ་ཞིང་སྒུག
༢༠༡༤།༥།༡༦།མཚན་མོར།
གངས་རིན་པོ་ཆེ་ཏི་སེ་ནི། དབང་ཕྱུག་གི་བཞུགས་གནས་དང་། བདེ་མཆོག་གི་གནས་རིར་འདོད་མཁན་ཡོད་རེད།
གངས་རྒྱལ་ཏི་ཙེ་དབང་ཕྱུག་འདོད་མཁན་ཧི་དྷིའི་ཆོས། ཞང་ཞུང་མེ་རིའི་གནས་རི་འདོད་མཁན་བོན་པོའི་ཆོས། བདེ་མཆོག་ཡིན་ཞེས་འབོད་མཁན་བོད་ཀྱི་བན་དེ་རྣམས།
གངས་རྒྱལ་ཏི་ཙེ་ཞང་ཞུང་མེ་རི་འདོད་མཁན་བོན་པོ་ཡིན། ཧིན་དྷི་བ་ཚོའི་དབང་ཕྱུག་ཡིན་ཞེས་འབོད།
བོད་ཀྱི་བན་དེ་བ་ཚོའི་བདེ་མཆོག་གནས་ཡིན་ཟེར།