རྩོམ་པ་པོ་འཇམ་དབྱངས་ནོར་བུ། རྫ་སྲས་བདེ་ཆེན་གྱིས་དབྱིན་ཡིག་ལས་བསྒྱུར།
ཁ་སང་ཞོགས་པར་ཡུ་ཀྲོབ་(YouTube)་དྲྭ་ཐོག་གི་བརྙན་ཐུང་ཞིག་མཐོང་བ་ནས་ཉིན་གང་བོར་བློ་ཕམ་དང་ཁོང་ཁྲོ་སྐྱེས། སན་ཧྥི་རན་སིས་སུ་ཁོ(San Francisco)་ཡི་ལོ་བྷས(Lobby) ཀྱི་འགྲོན་ཁང་ནང་ནས་དོལ་རྒྱལ་རྗེས་འབྲང་པ་དབྱིན་ཇི་ཨ་ནེ་ཞིག་གིས་༸གོང་ས་མཆོག་ལ་རྒྱུན་སྲོལ་གྱི་དམའ་འབེབས་རྒོལ་ཚིག་སྟེ། “ཏཱ་ལའི་བླ་མ། སྐྱག་རྫུན་མཚམས་ཞོགས། མི་ཐམས་ཅད་ལ་ཆོས་ལུགས་ཀྱི་རང་དབང་དགོས། སྐྱག་རྫུན་མཚམས་ཞོགས། ཏཱ་ལའི་བླ་མ། ཁྱོད་ཀྱིས་ངེས་པར་དུ་སྐྱག་རྫུན་མཚམས་ཞོགས”ཞེས་སོགས་སྨྲས་ནས་ངོ་རྒོལ་བྱས། ༸གོང་ས་མཆོག་གིས་མོ་ལ་གླེང་མོལ་བྱེད་པའི་འབད་བརྩོན་བྱས་ཀྱང་མཐར་༸གོང་ས་མཆོག་མ་ཕེབས་བར་དུ་མོས་འབོད་ཚིག་རྣམས་མཚམས་མ་བཞག བརྙན་ཐུང་འདི་ལ་སྐར་ཆུང་སུམ་ཅུ་སོ་བརྒྱད་ལས་མེད་ན་ཡང་དེ་ལས་རྦད་དེ་རིང་བའི་ན་ཟུག་དང་ཚོར་སྣང་སྟེར།
ལོ་བཅུ་ཡས་མས་ཀྱི་སྔོན་ལ་ངས་བོད་པའི་རྨོངས་དད་དང་ལྷ་སྲུང་བསྟེན་ཕྱོགས་སྐོར་ལ་བྲིས་པའི་རྩོམ་ཡིག་གཉིས་ཀྱི་ནང་དུ་དོལ་རྒྱལ་གྱི་རྙོག་དྲའི་སྐོར་མདོ་ཙམ་བྲིས་ཡོད། དེའི་ཚན་པ་ཞིག་ཟུར་འདོན་བྱས་ན། “ང་ཚོས་ཁོང་ཅག་ནི་ལྐུག་པ་དང་ནོར་འཁྲུལ་ཅན་དུ་ཅི་ཙམ་བལྟ་སྲིད་ཀྱང་དེར་གནད་དོན་མེད་དེ། མི་རྣམས་རང་གི་ཡིད་ཆེས་ཀྱི་རྗེས་སུ་ཅིས་ཀྱང་འབྲང་ཆོག་དགོས་ལ། ཁོང་ཚོར་དོལ་རྒྱལ་དང་ལྷ་སྲུང་གཞན་གང་ཞིག་དགོས་ཀྱང་དེ་ལ་གསོལ་མཆོད་བྱེད་པའི་ཐོབ་ཐང་ཡོད་པ་དང་༸གོང་ས་མཆོག་ཆོས་ལུགས་ཀྱི་དབུ་ཁྲིད་ཅིག་ཡིན་པའི་ཆ་ནས་ཆོས་ལུགས་ཀྱི་རྒྱུ་མཚན་ལ་བརྟེན་ནས་འདིར་དམ་དྲག་བྱེད་པ་དང་ཉམས་ལེན་འདི་འདྲ་སྤོང་བར་འབོད་བསྐུལ་བྱེད་པའི་ཐོབ་ཐང་ཡང་མཐའ་གཅིག་ཏུ་ཡོད་པར་འདོད། འོན་ཏང་། དཀའ་ངལ་ནི་འདི་མིན་པར་བོད་གཞུང་༸གོང་ས་མཆོག་གི་དོལ་རྒྱལ་དམ་དྲག་གི་ལག་ཆར་གྱུར་བ་དེ་ཡིན། བོད་གཞུང་གིས་མི་དམངས་ལ་དོལ་རྒྱལ་བསྟེན་པོ་རྣམས་སུ་བརྙས་བཅོས་དང་རྒོལ་བ་བྱོས་ཟེར་བའི་བཀའ་དང་འབོད་བསྐུལ་སྣ་གཅིག་བྱས་མེད་ཚུལ་བརྗོད་ཀྱང་། སྡུག་རྩུབ་ཅན་གྱི་དོལ་རྒྱལ་བསྟེན་པོ་རྣམས་ཞེས་རྩོམ་ཡིག་འགྲེམས་སྤེལ་དང་བརྙན་འཕྲིན་བཟོ་སྐྲུན་ནི་ད་དུང་ཡང་བྱེད་མུས་རེད།”
ཡིན་ན་ཡང་། ཐེངས་འདིར་དོལ་རྒྱལ་རྗེས་འབྲང་པ་རྣམས་ཀྱིས་༸གོང་ས་མཆོག་ལ་བྱས་པའི་ངོ་རྒོལ་འདི་ནི་རྩ་བ་ཉིད་ནས་ངོས་ལེན་བྱེད་ཐབས་མེད་པ་ཞིག་རེད། བསམ་བཞིན་དུ་༸གོང་ས་མཆོག་ལ་ངོ་ཚ་བཟོ་ཕྱིར་པར་ཆས་སོགས་གྲ་སྒྲིག་ཆ་ཚང་བྱས་པར་སྣང་ཞིང་། ཨ་ནེ་མ་དེས་རང་གི་འབོད་ཚིག་དག་ངག་སྐྱོར་བྱ་རྒྱུ་དེ་ཙམ་པོ་ལས་ཐ་ན་༸གོང་ས་མཆོག་དང་མཉམ་དུ་གླེང་མོལ་བྱེད་པའི་ཚོད་ལྟ་ཞིག་ཀྱང་བྱས་མི་འདུག་ལ། འགྲོན་ཁང་གི་ཕྱི་ལོག་ན་ནུབ་ཕྱོགས་ཀྱི་དོལ་རྒྱལ་རྗེས་འབྲང་པ་ཚོས་འབོད་ཚིག་དེ་དང་གཅིག་པ་གཅིག་རྐྱང་དབྱངས་སུ་གྱེར་ཞིང་། འཕྲེད་དར་དང་ཤོག་བྱང་བཅས་ཀྱི་ངོས་ལ་བྲིས་འདུག
སྤྱིར་ཁྱོད་ཀྱིས་༸གོང་ས་མཆོག་ཁས་ལེན་མིན་དེ་ང་ལ་ཇུས་གཏོགས་མི་འདུག་ལ། ང་རང་ཉིད་ཀྱང་ལོ་ངོ་བཅུ་གྲངས་ནས་ད་བར་བོད་རང་བཙན་གྱི་གནས་བབ་ཀྱི་སྒང་ནས་ཁོང་ལ་དགག་པ་རྒྱག་མཁན་གྱི་ཁ་གསལ་པོ་དང་སྐད་ཅོར་ཚ་བོ་ཅན་ཞིག་ཡིན།
ཡིན་ན་ཡང་། ངའི་བྲིས་རྩོམ་ནང་དུ་ཁོང་ལ་ཁ་གཏད་གཅོག་པའི་མདེའུ་ལྟ་བུ་དང་དེའི་དམིགས་ཡུལ་དུ་བེད་སྤྱོད་བྱེད་ཆོག་པ་རྐང་གཅིག་ཀྱང་མེད་པ་ངས་ག་དུས་ཡིན་ཡང་གསལ་པོར་བཟོས་ཡོད། ད་དུང་སན་ཧྥི་རན་སས་སུ་ཁོ་ལ་བྱུང་བ་འདི་ལྟ་བུ་སྟེ། བསམ་བཞིན་དུ་དམངས་ཁྲོད་ནས་༸གོང་ས་མཆོག་ལ་ཁ་སྐྱེངས་དང་གུས་མེད་བྱེད་པའི་ཚད་ལས་བརྒལ་བའི་ལས་ཀ་འདི་འདྲ་ངས་དུས་ནམ་ཡང་མི་བྱེད་དོ། །ནུབ་ཕྱོགས་ཀྱི་དོལ་རྒྱལ་རྗེས་འབྲང་པའི་རྣམ་འགྱུར་འདིས་རྒྱ་གཞུང་གི་དབང་འོག་ཏུ་ཚུད་ཅིང་༸གོང་ས་མཆོག་རང་བཙན་ལྡན་པའི་ཕ་ཡུལ་ལ་ཕྱིར་ཕེབས་པའི་ཉིན་མོ་སྙིང་དུ་བརྣག་པའི་བོད་མི་ཚོའི་དཀའ་སྡུག་གི་རེ་སྙེག་དང་རྨི་ལམ་ལ་སེམས་ཚོར་ཞིག་ཀྱང་མེད་པ་དེ་ཆེས་མ་མཐའ་ཡང་གསལ་སྟོན་བྱས་འདུག
རེད་དེ་བསམ་བློ་ཞིབ་མོར་བཏང་ན། ཁོ་བོ་ནུབ་ཕྱོགས་ཀྱི་དོལ་རྒྱལ་རྗེས་འབྲང་བ་ཚོའི་སྒང་ལ་འཚིག་པ་རྒྱུན་ཆགས་སུ་མི་ཟ་སྟེ། ཁོང་ཅག་ནི་བོད་རིགས་མིན་ཞིང་རིན་ཐང་ལྟ་ཚུལ་ཀྱང་ང་ཚོ་དང་མི་འདྲ་ལ། ཁོང་ཚོས་མ་མཐའ་ཡང་ཕྱི་གསལ་ནང་གསལ་དང་ཞི་བའི་ཐོག་ནས་རང་གི་བདེ་སྡུག་གི་སྐད་ཆ་བཤད་པར་ཕྱི་ལ་ཐོན་པ་རེད། ཡིན་ན་ཡང་། ༸གོང་ས་མཆོག་གི་ཆིབས་སྒྱུར་ཐམས་ཅད་དང་མཉམ་པོར་དུས་རྟག་པར་གོ་སྒྲིག་བྱས་ཡོད་པའི་བཀའ་བློན་དེ་ཚོ་དང་། ལས་ཀྱི་སྣེ་མོ་དེ་ཚོ། ཁོང་དང་མཉམ་འགྲོ་མཉམ་འདུག་གི་པར་བ་དང་བརྙན་ལེན་པ་དེ་ཚོ་སའི་གོ་ལའི་སྒང་གང་ཞིག་ན་ཡོད་རེད། ཁོང་ཚོ་གང་དུ་ཡོད་རེད། མ་མཐའ་ཡང་ཁོ་ཚོའི་ནང་གི་མི་གཅིག་གཉིས་ཤིག་ཨ་ནེ་དེའི་སྔུན་ལ་བུད་ནས་མོ་ལ་ཕར་འགྲོ་རོགས་ཞེས་ཅིའི་ཕྱིར་བཤད་མ་ཐུབ་པ་དང་། ད་དུང་ཡག་ཤོས་བྱུང་ན་བཟང་སྤྱོད་ཀྱི་ཐོག་ནས་མོར་ཕུད་རྒྱག་གིས་ཕྱིར་འབུད་ཅིའི་ཕྱིར་བཏང་མ་ཐུབ་པ་རེད། སྔོན་ཆད་བཀའ་བློན་བཀྲ་ཤིས་དབང་འདུས་ཡོད་ས་ཞིག་ནས་འདི་འདྲའི་དོན་རྐྱེན་བྱུང་བའི་བརྙན་འཕྲིན་ཞིག་མཐོང་བ་དྲན་སོས་ལ། ཁོང་དོལ་རྒྱལ་རྗེས་འབྲང་གི་ངོ་རྒོལ་བའི་མི་ཚོགས་ཆེན་པོ་ཞིག་གི་སྔུན་ལ་བུད་དེ་ཁོང་ཚོར་ཞི་འཇམ་ཀྱི་སྐད་ཆ་བཤད་ནས་༸གོང་ས་མཆོག་དང་ཁོ་ཚོའི་དབར་ལ་བཅད་མཚམས་ཤིག་བཟོས་འདུག་ན། འཚུབ་ཆ་དང་དངངས་སྐྲག་ཅི་ཡང་མེད་པ་ལྟ་བུའི་ཨ་ནེ་ཆུང་ཆུང་འདི་དང་༸གོང་ས་མཆོག་གི་དབར་ལ་མ་མཐའ་ཡང་ལས་བྱེད་གཅིག་ཅིའི་ཕྱིར་འབུད་མ་ཐུབ་པ་རེད།
ད་དུང་དེ་ལས་ཀྱང་གལ་གནད་ཆེ་བ་ཞིག་ལ། ༸གོང་ས་མཆོག་གི་སྐུ་ཕྱྭའི་ཉེན་སྲུང་ལ་དགོས་ངེས་ཀྱི་གྲ་སྒྲིག་ཅི་ཞིག་བྱས་འདུག།འདས་པའི་ལོ་ངོ་བཅུ་ཕྲག་རིང་ལ་ནུབ་ཕྱོགས་ཀྱི་དོལ་རྒྱལ་རྒྱབ་སྐྱོར་བ་ཚོས་ནུབ་ཕྱོགས་སུ་༸གོང་ས་མཆོག་གི་གསུང་བཤད་དང་ཆིབས་སྒྱུར་གནང་བར་བར་ཆད་བྱེད་མུས་ཡིན་པ་དེ་ང་ཚོ་ཚང་མས་ཤེས་གསལ་རེད་ལ། ཁ་ལས་ཧྥོ་ནས་ཡ་(California) ཡི་ཆིབས་སྒྱུར་སྐབས་དང་འདྲ་བར་ཐེངས་འདིར་ཁོང་ཚོས་ལས་ཀ་གཅིག་མཚུངས་སུ་བྱ་ངེས་ཡིན་པ་དེ་ལྐོག་གྱུར་ཞིག་གང་ཡང་མིན་པས་ན། འདི་ལ་དོགས་ཟོན་ལྡང་ངེས་ཤིག་ཅིའི་ཕྱིར་མ་བྱས་པ་རེད། ངས་རྡ་རམ་ས་ལ་ནས་༸གོང་ས་མཆོག་ལ་མཇལ་བཅར་བ་རྣམས་ལ་བརྟག་དཔྱད་ཀྱིས་ཧ་ཅང་གཟབ་ནན་བྱེད་དགོས་ཚུལ་ཡང་ནས་ཡང་དུ་བྲིས་ཡོད། དེ་ཡང་ཕྱིའི་སྐུ་ཕྱྭའི་ཉེན་སྲུང་ཙམ་ཞིག་མ་ཡིན་པར་མི་འདོད་ཚུལ་མིན་གྱི་བྱ་བ་དང་། ངོ་ཚ་བཟོ་བའི་དོན་རྐྱེན་མི་འབྱུང་བའི་ཉེན་སྲུང་ཡང་བྱ་དགོས།
ངས་བཙན་བྱོལ་སྤྱི་ཚོགས་ཀྱི་བཤད་ཡམས་ཤིག་ལས་ཚོད་དཔག་གཅིག་བྱས་པ་ནི། ཨ་ནེ་དེ་དབྱིན་ཇི་བ་ཡིན་པས་མོར་༸གོང་ས་མཆོག་ལ་བཅར་བའི་གོ་སྐབས་ཐོབ་པ་དང་། འདིའི་སྟེང་ནས་༸གོང་ས་མཆོག་ལ་བཅར་བའི་གོ་སྐབས་ནི་ཕྱི་རྒྱལ་བ་ཞིག་ལས་བོད་མི་ཚོར་དཀོན་པ་དེ་བསྟན་ཡོད། དེང་སང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནས་རྡ་རམ་ས་ལར་ཡོང་མཁན་འཚང་ཁ་ཤིག་ཤིག་རེད་འདུག་ལ། ཁོང་ཚོར་༸གོང་ས་མཆོག་ལ་མཇལ་རྒྱུར་དཀའ་ངལ་ཁྱོན་ནས་མེད་ཚོད་འདུག རྒྱ་ནག་ནང་དུ་དབང་སྒྱུར་ལམ་ལུགས་ཅི་ཙམ་ཆེ་བ་དེའི་ངོས་ནས་བལྟས་ན་དེ་ཚོ་ནང་ལ་སྤྱང་གྲུང་ལྡན་པའི་རྒྱ་ནག་གི་བདེ་སྲུང་གསང་བའི་ལས་ཁུངས་ལ་འབྲེལ་བ་ཡོད་པའི་འགྲུལ་བ་གང་འཚམ་ཞིག་ཡོང་ངེས་ཞེས་བརྗོད་ཀྱང་སྒྲོ་འདོགས་སུ་མི་འགྱུར་སྙམ།
སན་ཧྥི་རན་སིས་སུ་ཁོ་ཡི་བྱེ་བྲག་གི་དཔེ་མཚོན་འདི་ལ་ཅིའི་ཕྱིར་འཐུས་ཤོར་དང་སྣང་ཆུང་ཤོར་རམ་ཞེས་ན། ཕྱི་རྒྱལ་ཁག་དང་ལྷག་པར་ཨ་རིའི་ཆིབས་སྒྱུར་ཁག་གི་སྟངས་འཛིན་དང་གོ་སྒྲིག་ལ་གནས་པའི་བོད་ཀྱི་ཆབ་སྲིད་ཀྱི་འཇིགས་རྟེན་དེ་རུ་འཐབ་རྩོད་ཀྱི་སྟོབས་ཤུགས་ཆེན་པོ་ཞིག་ཡོད་པ་ང་ལ་ཤེས་སུ་འཇུག་གི་ཡོད་ལ། རྒྱུ་མཚན་དེར་བརྟེན། ང་ཚོའི་ཐུགས་ཁུར་ཅན་གྱི་ལས་བྱེད་རྣམ་པའི་དོ་སྣང་དང་འབད་བརྩོན་ནི། ༸གོང་ས་མཆོག་གི་ཆིབས་སྒྱུར་གྱི་བདེ་འཇགས་གོ་སྒྲིག་ལས་འཐབ་རྩོད་དེའི་སྒང་ལ་མང་དུ་བཏང་བཞག་པར་སྣང་ངོ་།།
བོད་མི་ཕལ་མོ་ཆེར་ཨ་ནེ་དེ་དང་དོལ་རྒྱལ་རྗེས་འབྲང་བ་གཞན་པའི་སྐད་འབོད་ཀྱིས་བསུན་གཙེར་ཅི་ཙམ་བྱེད་ན་ཡང་། ང་ཚོས་དེའི་སྐོར་ཆ་ཚང་སྣང་མེད་དུ་གཞག་གཏང་ན་ཡག་ཤོས་ཡིན། ངའི་བསམ་པར་ད་ལྟའི་ཆར་ཆོས་ལུགས་ཀྱི་ཉོག་གྲ་འདིའི་རྩ་བ་གཙང་སེལ་གྱི་ནུས་པ་ང་ཚོར་མེད་ན་ཡང་། ༸གོང་ས་མཆོག་གི་ནུབ་ཕྱོགས་ཀྱི་ཆིབས་སྒྱུར་ཁག་གི་སྐབས་སུ་དོལ་རྒྱལ་རྗེས་འབྲང་བ་རྣམས་ཀྱི་བྱ་སྤྱོད་ལ་རྡ་རམ་ས་ལ་ནས་བསམ་ཤེས་ཏོག་ཙམ་བྱས་ན་བཟང་བར་སྙམ། གཞན་དུ་ན་རྒྱལ་སྤྱིའི་རང་བཞིན་གྱི་༸གོང་ས་མཆོག་གི་མཚན་སྙན་དང་ང་ཚོའི་རྩ་དོན་ལ་གསབ་ཐབས་བྲལ་བའི་གནོད་གཞི་སྟེ། བཙན་བྱོལ་བོད་མི་རྣམས་ཀྱི་སྡང་ཟུག་དེ་ལོན་གྲོན་ (London)དང་ནེ་ཡོག་(New Yok) གི་སྲང་ལམ་གྱི་དོལ་རྒྱལ་རྗེས་འབྲང་བ་རྣམས་ལ་སྟོན་པའི་འགོག་མེད་དབང་མེད་ཀྱི་དོན་རྐྱེན་འབྱུང་ངེས་པ་ནི་ལས་སླ་བོས་ཤེས་ཐུབ་པ་ཞིག་རེད།
དེ་ལས་ང་ཚོས་རྩ་བ་ཉིད་ནས་བརྗེད་མི་རུང་བའི་འཇིགས་སྐྲག་ནི་༸གོང་ས་མཆོག་གི་སྐུ་ཚེའི་གནས་བབ་ལ་མཐའ་གཅིག་ཏུ་བདོ་བར་གྲ་སྒྲིག་པའི་དགྲ་བོ་དེ་ཡིན། དགྲ་བོ་འདིས་བླ་མ་བརྒྱ་ཕྲག་མང་བོ་རྐྱེན་ལམ་དུ་བཏང་ཞིང་། ནང་བའི་གྲྭ་བ་སྟོང་ཕྲག་མང་པོ་སྡེབ་གསོད་བྱས། པཎ་ཆེན་ཆུང་སྲིད་རིན་པོ་ཆེ་གར་སོང་ཆ་མེད་དུ་བཏང་བ་རེད། ངས་སྔར་བཤད་ཟིན་པ་ལྟར་མ་མཐའ་ཡང་ཟིང་ཆ་སློང་རྒྱུ་དམིགས་ཡུལ་དུ་བཟུང་ཡོད་པའི་གསང་མྱུལ་གྱི་ཆུ་ལོག་ཅིག་ང་ཚོའི་བཙན་བྱོལ་ལ་བཏང་ཡོད། འདི་ལ་ང་ཚོས་གཟབ་ནན་དང་གྲ་སྒྲིག་གི་རྣམ་འགྱུར་ཇི་ལྟར་སྟོན་རྒྱུ་ཡིན་ནམ། འདི་ནི་བསམ་བློར་འཁོར་མི་ཕོད་པ་ཞིག་རེད་འདུག
2014/2/28 བརྩམས། 2014/3/29 ལ་བསྒྱུར།
[གསལ་བཤད།] བོད་མི་ཕལ་མོ་ཆེར་ཀློག་སྟབས་བདེ་བའི་ཕྱིར་མ་རྩོམ་དུ་ཤུགས་ལྡན་ཞེས་པ་དོལ་རྒྱལ་དུ་བསྒྱུར། ། འགྱུར་ལ་དོགས་པ་སྐྱེ་ན་མ་རྩོམ་ལ་འདི་ནས་http://www.jamyangnorbu.com/blog/2014/02/28/is-the-dalai-lama-safe/གཟིགས་པར་འཚལ།
གནད་འགག་གི་སྐབས་སུ་ཆོས་དད་མེད་པའི་མི་བུ་འདི་འདྲས་ཕན་པ་འདུག ནམ་རྒྱུན་ཁ་ནས་༧རྒྱལ་བ་རིན་པོ་ཆེ་མཁྱེན་ཟེར་མཁན་ཚོ་དང་། ལྷག་པར་དུ་ནང་པའི་ཆོས་གཞུང་ལ་རྒྱུས་མངའ་ཆེ་བའི་བླ་སྤྲུལ་དང་། དགེ་བཤེས་སོགས་ཀྱིས་སོ་སོ་དང་འབྲེལ་བ་མེད་མདོག་གིས་སྡིག་པ་མིག་བཙུམ་ལྟ་བུ་བྱས་ཏེ་སྡོད་པ་དེ་ནི་ཡ་མཚན་སྐྱེ་གཞི་ཞིག་རེད།
བྲིས་པ་དང་བསྒྱུར་བ་གཉིས་ཀ་ཡག་པོ་འདུག
ཐུགས་རྗེ་ཆེ།
ཡག་གི
གནད་འགག་གི་སྐབས་སུ་ཐུག་ན་འདྲ་ས་མི་འདུག ལ་ཤོས་ཀྱི་ཚོད་ཚོད་ལ་ཀུ་ཅོ་འདོན་པ་ནི་འདྲ་ཤར་དང་གླུད་ནུབ་ཀྱི་དཔེ་ལྟར་རོ།
རྩོམ་པ་པོ་དང་བསྒྱུར་བ་གཉིས་ལ་ཡི་རང་ཞུ།
གནད་འགག་བཤད་འདུག་སྙམ།
་་་་་་་་་་ ཐེངས་འདིར་དོལ་རྒྱལ་རྗེས་འབྲང་པ་རྣམས་ཀྱིས་༸གོང་ས་མཆོག་ལ་བྱས་པའི་ངོ་རྒོལ་འདི་ནི་རྩ་བ་ཉིད་ནས་ངོས་ལེན་བྱེད་ཐབས་མེད་པ་ཞིག་རེད། ་་་་་་་་་་་
འཇམ་ནོར་གྱིས།
ཐེངས་འདིའི་རྩོམ་ཡིག་འདི་དང་། དེ་སྔོན་འབའ་བ་ཕུན་དབང་དང་འབྲེལ་བའི་རྩོམ་ཡིག་གཉིས་ཀྱི་སྟེང་ནས་བཤད་ན། འཇམ་དབྱངས་ནོར་བུ་སྐད་ཅོར་ཚ་བོ་དེ་ནད་མཁྲིས་པའི་སྨན་ལ་ཞིམ་པོ་མེད་ཟེར་བའི་བོད་ཀྱི་སྨན་སྐྱུར་མོ་ཞིག་ཡིན་པ་ཤེས་སོང་། ཐུགས་རྗེ་ཆེ།
འཇམ་ནོར་གྱིས།
་་་་་་་་་་་ དེ་ཡང་ཕྱིའི་སྐུ་ཕྱྭའི་ཉེན་སྲུང་ཙམ་ཞིག་མ་ཡིན་པར་མི་འདོད་ཚུལ་མིན་གྱི་བྱ་བ་དང་། ངོ་ཚ་བཟོ་བའི་དོན་རྐྱེན་མི་འབྱུང་བའི་ཉེན་སྲུང་ཡང་བྱ་དགོས། ་་་་་་་་་་་་་་
སྐུ་ཕྱྭ་་་ཞེས་འ་ཟུར་ཅན་གྱི་འབྲི་སྟངས་འདི་གཅིག་བྱས་ན་ནོར་བ་ཡིན་པ་འདྲ། དངོས་གནས་བྱས་ན་་་སྐུ་ཕྱ་་་ཞེས་འ་ཟུར་མེད་པར་འབྲི་དགོས་པར་སེམས། འ་ཟུར་ཅན་གྱི་་ཕྱྭ་་འདི་བོད་གངས་ཅན་པའི་གདོད་མའི་ལྷ་རིགས་ཤིག་ལ་གོ་གི་ཡོད་རེད་ཟེར་སྲོལ་འདུག དཔེར་ན། གནམ་ལྷབ་ཀྱི་བླ་ན། ཕྱྭ་ཡབ་ལྷ་དལ་དྲུག་གཞུགས་པའི་སྲས། ཡང་ན་ མ་ཧཱ་ཕྱྭ་རྗེ་རིང་དཀར། བན་དེས་ཕྱྭ་དང་དབང་ཕྱུགས་སོགས་ལ་ཞེས་ཟེར་སྲོལ་ཡོད་པ་འདྲ་པོ་རེད། འ་ཟུར་མེད་པའི་ཕྱ་འདི་བོད་གངས་ཅན་པའི་གདོད་མའི་རིག་གཞུང་་ཚེ་དང་བསོད་ནམས གཡང་དང་དབང་ཐང་སོགས་ལ་གོ་སྲོལ་ཡོད་པ་འདྲ། ། དཔྱད་གཞིར་ཕུལ་བ་ཡིན། །
འཇམ་ནོར་གྱིས་ཡག་པོ་བྲིས་འདུག མི་དྲང་པོས་སྨྲ་བརྗོད་རང་དབང་དང་དམངས་གཙོའི་ཐོབ་ཐང་བེད་སྤྱོད་ན་འདི་འདྲ་ཞིག་བྱེད་དགོས་པ་རེད། སྐྱོན་འདོན་དགོས་རིགས་ལ་སྡིག་པ་མིག་བཙུམས་བྱས་ནས་སྡོད་པ་མིན་པར་སྐྱོན་འདོན་བྱེད་རྐྱང་དང་གནས་ལུགས་རྒྱུ་མཚན་དང་ལྡན་པའི་སྒོ་ནས་རྒྱབ་སྐྱོར་བྱེད་དགོས་སར་རྒྱབ་སྐྱོར་བྱེད་པ་འདི་ནི་རྣམ་དཔྱོད་ཅན་གྱི་ཆབ་སྲིད་པ་དང་ཞིབ་འཇུག་པ་ཟེར་མཁན་དེ་འདི་འདྲ་ཞིག་ལ་གོ་བ་འདྲ།
མ་གཞི་ནས་རྒྱལ་བ་རིན་པོ་ཆེ་ལ་རྒྱལ་ཆེན་ཤུགས་ལྡན་གྱི་སྐོར་དེ་མང་པོ་གསུངས་འདོད་ཡོད་ས་མ་རེད། ཡིན་ན་ཡང་དོལ་རྒྱལ་ཚོགས་པས་ཁོང་བསྡད་འཇུག་གི་མེད་པ་རེད། ནམ་ཡིན་ཡང་། ཏཱ་ལའི་བླ་མས་རྫུན་བཤད་སོང་ཟེར་བ་དང་དོལ་རྒྱལ་སྤངས་དགོས་པའི་རྒྱུ་མཚན་བགྲང་དགོས་ཟེར་བ་སོགས་ཀྱི་གནོན་ཤུགས་རྒྱུན་མ་ཆད་དུ་སྤྲད་ནས་རྒྱལ་བ་རིན་པོ་ཆེས་དེའི་སྐོར་གྱི་དགོས་པ་རྒྱུ་མཚན་མང་པོ་ཞིག་མི་གསུངས་རང་གསུང་དུ་གྱུར་པ་རེད། དང་པོ་ཡང་། རྒྱལ་བ་རིན་པོ་ཆེས་བོད་བརྒྱུད་ནང་བསྟན་གྱི་སྲོལ་འབྱེད་པ་པོ་སློབ་དཔོན་པདྨ་སམ་བྷ་ཝ་ལ་བརྟེན་པའི་འབུམ་ཚོགས་འཚོགས་པར་ཁོང་ཚོས་དོལ་རྒྱལ་ལ་བརྟེན་པའི་འཇིགས་སྐུལ་གྱི་དེབ་བཀྲམ་པ་སོགས་བྱས་པ་ལས་ཤེས་ཐུབ་པ་ཞིག་རེད། དོལ་རྒྱལ་ཚོགས་པས་ད་བར་དུ་དོལ་རྒྱལ་གྱིས་རྙིང་མ་པ་ཚར་གཅོད་རབས་ཙམ་མ་གཏོགས་དོལ་རྒྱལ་བཟང་ཚུལ་གྱི་ཁུངས་སྣ་གཅིག་ཀྱང་འབྲི་ཐུབ་མི་འདུག དོན་དུ་རྒྱལ་བ་རིན་པོ་ཆེ་ལ་སྨད་ར་བཏང་ནས་རྒྱུག་འདུག་པ་ཙམ་རེད།
ཏཱ་ལའི་བླ་མས་དོལ་རྒྱལ་མི་བཟང་ཚུལ་བཤད་པ་དེ་རྫུན་རེད་ཟེར་བ་ཡིན་ན་ཁྱོད་ཚོས་དོལ་རྒྱལ་བཟང་ཚུལ་དང་དེས་བོད་མི་མང་སྐྱོབ་ཚུལ་ཞིག་བྲིས་དང་ང་ཚོས་བསྒུགས་ནས་བསྡད་ཡོད།
མི་ཁ་ཤས་ཀྱིས་དོལ་རྒྱལ་ཚོགས་པ་བོད་མི་རེད། སྙིང་རྗེ་ཟེར་ཁུལ་བྱེད་ཀྱིན་འདུག ཡིན་ན་ཡང་། དོན་དུ་དོལ་རྒྱལ་ཚོགས་པའི་སྲོག་རྩ་དེ་བོད་མི་མ་རེད། གྲྭ་གར་དུ་ཡོད་པའི་དོལ་ཚོགས་ཀྱི་གྲྭ་བ་མང་ཆེ་བ་ནི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ས་མཚམས་པུ་གུ་མགོ་སྐོར་འོག་འོག་ཏུ་ཚུད་ནས་བསྡད་ཡོད་མཁན་རེད། ཕྱི་རྒྱལ་ན་ངོ་རྒོལ་བྱས་ནས་རྒྱུག་འདུག་མཁན་མང་བརྒྱ་ཆ་དགུ་བཅུ་ལྷག་ནི་ཕྱི་རྒྱལ་བ་རེད། ཕྱི་རྒྱལ་བ་གྲྭ་ཆས་གྱོན་མཁན་ཁ་ཤས་རེ་ཡོད་པ་དེ་ཚོ་ཡང་དོན་དུ་འཁྲབ་ཆས་ཙམ་མ་གཏོགས་དོན་དུ་གྲྭ་བ་ཨ་ནེ་འདྲ་ཡིན་མིན་དོག་གཞི་རེད། རྒྱབ་ལོག་ན་ཇུས་འགོད་བྱེད་མཁན་ནི་རྒྱ་དམར་རེད། སྔོན་མ་བོད་རྒྱ་ཞི་མོལ་ལ་བཅར་མཁན་ཚོར་ཡང་རྒྱ་དམར་གྱིས་ཇུས་གཏོགས་ཡོད་ཚུལ་གསལ་པོར་བཤད་ཡོད་འདུག
་་་་་་ འ་ཟུར་མེད་པའི་ཕྱ་འདི་བོད་གངས་ཅན་པའི་གདོད་མའི་རིག་གཞུང་་ཚེ་དང་བསོད་ནམས གཡང་དང་དབང་ཐང་སོགས་ལ་གོ་སྲོལ་ཡོད་པ་འདྲ། ། དཔྱད་གཞིར་ཕུལ་བ་ཡིན། ། ་་་་་་་་
སྐུ་ཕྱྭའི་ཝ་ཟུར་འདི་བྲིས་ནས། ཡུན་རིང་ཕྱིན་འདུག ཁྱེད་ཀྱིས་གསུངས་པ་ལྟར། བོན་ལྷ་དེ་སོགས་ལ། བརྟེན་ནས་སྐུ་བསོད་དང་། སྐུ་ཚེ་ལ་བར་ཆད་མེད་པར་སྨོན་ཕྱིར་ཝ་ཟུར་དགོས་པའི་འགྲེལ་མི་ཆོག་པ་མི་འདུག་པས། ད་དུང་དཔྱད་པར་འཚལ། ད་དུང་འདིས་ཐོན་མིའི་སྔོན་ལ་བོད་ཡིག་ཡོད་པའི་སྒྲུབ་བྱེད་ཆུང་ཆུང་ཅིག་ཏུའང་འགྲོ་སྲིད།
བོད་དོན་འཐབ་རྩོད་ཀྱི་དེད་དཔོན་དང་རྣམ་འདྲེན་དུ་གྱུར་ཡོད་པའི་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གི་གཟི་བརྗིད་ལ་ཆབ་སྲིད་ཀྱི་ལངས་ཕྱོགས་སོ་སོ་བ་ནས་ངེས་པར་དུ་བརྩི་བཀུར་དང་སྲུང་སྐྱོབས་བྱེད་དགོས། དེ་ལས་འདའ་ན་རྡོ་རྗེས་གཞོམ།
ངས་དྲང་པོར་བརྗོད་ན་འདོད། གནོད་དོན་འདིའི་ཐད་བཙན་བྱོལ་གཞུངས་དང་དགའ་ལྡན་ཕོ་བྲང་ཡིག་ཚང་དང་ཚོགས་པ་འདྲ་མིན་སོགས་དང་། ལྷག་པར་མི་བུ་སྒེར་གྱིས་གནད་དོན་དེ་རང་དབང་དང་གུ་ཡངས་ལ་བརྩིས་ནས་སྣང་མེད་དུ་བཞག་ན་དགེ་མཚན་ཤིན་ཏུ་ཆེ་སྟེ། ལོ་རྒྱུས་དང་ཁྲིམས་ནས་ཉིན་ཞིག་ཡོངས་སུ་ནག་ཉེས་བྱུང་ན་དེ་དུས་ཏཱ་ལི་བླ་མ་ཞེས་པའི་མཚན་སྙན་ཡོངས་སུ་ཁེངས་པའི་ལོ་རྒྱུས་དེ་ལ་ནག་ཉེས་བྱུང་ཚར་བ་རེད། འཛམ་གླིང་གི་སྐྱེ་བོ་སྙན་གྲགས་ཅན་མང་པོ་ལོ་རྒྱུས་ཀྱི་གནད་དོན་ཆུང་ངུ་ཞིག་གིས་མི་ཚེ་ཧྲིལ་བོ་ལོ་རྒྱུས་འཇུག་སྡོམ་བྱས་པ་ཉུང་ཉུང་མ་རེད། ང་ཚོ་བཙན་བྱོལ་བ་ཆེས་མཐོ་མི་སྣ་རེ་ཟུང་གིས་བྱས་པ་ལ་རྟེན་ནས་ལོ་རྒྱུས་ཅན་མི་བུ་མང་པོ་མེད་བཟོས་ཟིན་པ་རེད་ལ་ད་དུང་བཟོ་བཞིན་པ་རེད་འདུག ངས་འདི་ལྟར་མཐོང་བཞིན་པའི་ཁྲབ་སྟོན་པ་མང་པོ་ཞིག་གིས་མཚན་སྙན་ཅན་གྱི་ཏཱ་ལི་བླ་མའི་མཚན་བེད་ཀྱིས་རང་དོན་སྒྲུབ་མཁན་ཉུང་ཉུང་ག་ལ་ཡིན། མཐའ་ན་བོད་ཞེས་པའི་ཐ་སྙད་འདི་ཡང་སྐྱར་གསོ་བྱེད་དཀའ་བའི་ལས་ལ་འབད་བཞིན་པ་ཡང་ཁོང་ཚོ་ཡི་ཁྲབ་སྟོན་དེ་ལས་སླ་མོ་ཞིག་མ་རེད་འདོད། སྐབས་དོན་གྱི་ང་ཚོ་མི་ཡུལ་དུ་ཅིའི་ཆེད་བསྡད་ཡིན་མིན་ཡང་ངོས་ཟིན་གྱི་མེད་པ་འདྲ། གལ་སྲིད་འདི་མུད་ཁྲབ་ན་ཁོང་ཚོ་ལ་ཕྱོགས་གང་གི་འདོད་དོན་ཡིན་མིན་སུ་ཡི་རྟོགས། རྟོགས་ཀྱང་ཁ་གསལ་པོ་བཤད་ན་གཟི་བརྗིད་ཅན་གྱི་མཚན་སྙན་བེད་སྐྱོད་ཀྱིས་གནད་དོན་གསལ་བར་ཕར་བཞག་ནས་གང་ཟག་དེ་སྤྱི་ཚོགས་ནག་ཉེས་ཅན་ལ་སྒྱུར་རྒྱུ་ཐེ་ཚོམ་མེད་སོང་བ་རེད། ལོ་རྒྱུས་ལ་ཕྱི་མིག་བྱེད་ན་གསལ་གསལ་ཐིང་ཐིང་ཡོད་པ་རེད། འོ་ན་ང་ཚོ་ཁོང་་གི་མཚན་སྙན་དང་ལོ་རྒྱུས་སྐུ་ཡི་ཉེན་ཁ་ཡོངས་ལ་འགན་ཞིག་འཁུར་འདོད་ན། གནོད་དོན་་འདི་དངོས་ཡོད་ལ་ནང་ཁུལ་དུ་གཙང་གཟོ་དགོས་པ་ལས་འགལ་ཟླ་རྩ་བ་ནས་་བཟོ་མི་ཉེན་པ་རེད། སྔར་མ་ཚོགས་ཁག་བཅུ་གསུམ་དང་ཆུ་སྒང་གི་རྙོགས་གླེང་ཡོངས་རྫོགས་འདས་པོ་འཇུ་ཆེན་ནས་ཟླ་སྒྲིལ་བྱས་པ་རེད་དེས་ལོ་རྒྱུས་དང་མི་རིགས་མཐུན་སྒྲིལ་རླབས་ཆེན་གྱི་བྱས་རྗེས་བཞག་པ་རེད། འདི་ལྟར་འགན་ལན་དང་ཆམ་མཐུན་ལས་ཡོངས་སུ་བརྒལ་ནས་ཐག་ཇེ་རིང་གཏང་མཁན་དཔོན་མིང་ཅན་དེ་དག་ནི་རང་བཞིན་ང་རྒྱལ་གྱིས་སྒོང་ང་ལྟ་བུ་རེད། དཔེ་ན་གཞིས་ཆགས་སྐྱོ་བོ་དང་ཉམ་ཆུང་བོད་མི་དག་གི་མདུན་ལམ་ད་དུངས་གཞི་རིམས་སློབ་མའི་ཤེས་ཚད་གོང་འཕེལ་གཏང་ཡ་དང་མཐོ་རིམས་བོད་ཀྱི་སློབ་གླིང་དང་གཞོན་ནུ་ཤེས་ཅན་གསོ་སྐྱོང་བྱེད་རྒྱུ་བསམ་གློ་འཁོར་མ་མྱོང་རེད་ལ་འཁོར་མཁན་བྱུན་ན་དེ་ལ་ཟླ་ལན་ཡག་པོ་བྱེད་ནས་མེད་པ་བཟོས་པ་ཉུང་ཉུང་མ་རེད། རྒྱ་བོད་བར་གྱི་གནད་དོན་ནི་མི་རེ་རེ་གཉིས་གཉིས་ཀྱི་གནད་དོན་མ་ཡིན་པ་ལོ་རྒྱུས་རང་ཅན་ཞིག་ཡིན་པ་ཡང་ཚོར་གྱི་མེད་པ་འདྲ། ངས་དངོས་སྒྲུང་ཞིག་ཞུས་ན་འདོད། རིགས་གནས་གསར་རྗེ་སྐབས་སུ་བོད་པ་ཞིག་གིས་དཔེ་ཆ་དང་ལྷ་སྐུ་མང་གཏོར་བཅོམ་ཚད་ལས་བརྒལ་བ་བྱས་འདུག དུས་ཕྱིས་རྒྱ་གར་ནས་ཁོ་བོ་ཉེ་འབྲེལ་དགེ་བཤེས་ཤིག་བོད་འགྲོ་དུས་ཁོ་ལ་ཁྱོད་རིགས་གནས་གསར་རྗེ་ལ་དེ་འདྲ་སྡུག་ཆགས་གར་བྱས་ནས་བྱས་པ་ཡིན་ཟེར་ལབ་དུས། ཁོས་བཤད་དོན། ངས་འདི་ལྟར་དུས་ཚོད་བཟང་པོ་ཞིག་སླར་ཤར་ཡོད་པ་བློ་ལ་ནམ་ཡང་འཁོར་མ་མྱོང་ཞེས་བཤད་འདུག དེ་ལྟར་ང་ཚོ་དུས་ཚོད་འགྱུར་ཡ་ཡོད་པ་དང་ང་ཚོའི་ཁྱིམ་གཅིག་གི་མི་བཞིན་བསམ་བློ་འཁོར་ཡོད་ན་ཅི་མ་རུང་སྙོམ་གྱིན། སློབ་སྟོན་པ་གང་ཞིག་གིས་སྤྱི་ཚོགས་དང་མུ་བུ་གང་འདྲ་ཞིག་ལ་ལམ་སྟོན་དང་སློབ་གསོ་བྱས་ནས་མ་ཉོན་ན་ཁྲིམས་ལས་འགལ་མེད་ན་རང་གནས་སུ་འཇོག་པ་ལས་འོས་ཡོད་མ་རེད། དེ་ལས་ལྡོག་ཏེ་ཨུ་ཚུགས་བྱས་ན་འཛམ་གླིང་འདི་ཡི་གང་གི་སྐྱེ་བོ་སུ་འདྲ་ཡིན་ཡང་རང་དབང་བྲལ་བའི་ཉིན་མོ་དེ་མཐོང་འདོད་བྱེད་ཀྱི་མ་རེད། དེས་ན་བསམ་བློ་ཞིབས་དུ་གཏང་བསམ་གྱིན།
མཆན་༡༡ པཪ་སྤོབས་པ་མཐའ་ཡས་ཀྱིས་བརྗོད་དོན་དེ་དངོས་འབྲེལ་རེད། དེང་སྐབས་དོལ་རྒྱལ་ཚོགས་པའི་སྲོག་རྩ་དེ་ཕྱི་མི་རེད། དངོས་གནས་ཕྱི་རྒྱལ་ཁག་ཏུ་༧རྒྱལ་བ་རིན་པོ་ཆེ་ལ་ངོ་རྒོལ་བྱེད་མཁན་གྱི་ཕྱི་གླིང་བ་དེ་ཚོའི་གྲྭ་ཆས་ནི་གནས་སྐབས་ཀྱི་འཁྲབ་ཆས་རང་མ་གཏོགས། དེ་ཚོ་གྲྭ་བ་ཨ་ནེ་མིན་པ་ནི་ཁོ་ཚོའི་གྲྭ་ཆས་གྱོན་སྟངས་དང་བྱ་སྤྱོད་དག་ལས་གསལ་བོར་ཤེས་ཡོང་།
རྣམ་པ་གསར་པ་ཞིག་ལ། ཉེ་སྔོན་ཡོ་རོབ་ཏུ་དེ་ཚོས་སྐད་ལོག་རྒྱག་སྐབས་ཁོ་ཚོའི་མཉམ་དུ་དགྱ་མི་ཡང་ཡོད་སྐད་འདུག་ག་་་་་
རྒྱང་མིག་དང་སྤོབས་མཐའ་ལགས་གཉིས་ཀྱིས་གསུངས་པར་རྒྱབ་སྐྱོར་ཡོད་ དབྱིན་ཇི་མགོ་སེར་དང་རྒྱ་རྒན་གྱི་༧གོང་ས་མཆོག་ལ་ངོ་རྒོལ་སྐད་ངན་རྒྱབས་པར་དེ་ཙམ་ཧ་ལས་རྒྱུ་མིན་འདུག་ འོན་ཀྱང་བསོད་ནམས་ཟད་པའི་ཀླ་ཀློ་དེ་རྣམས་མཐོང་སྐབས་སེམས་རྟིང་ནས་སྙིད་རྗེ་བསྐྱེས་ཀྱི་འདུག་ http://tibet.net/dolgyal-shugden/list-of-dolgyal-protestors/
ཨ་ཕྱི་ལགསུ།
ཨ་ཕྱིར་བོད་ཡིག་འབྲི་རྩལ་ཡག་འདུག་ཀྱང་། །
ཨ་ཕྱིས་བོད་དོན་བསམ་པ་གཡས་བཞག་དང་། །
ཨ་ཕྱིས་དད་མོས་གུས་ཞབས་གཡོན་བཞག་ནས། །
ཨ་ཕྱིས་ཁ་སྡིག་མང་པོ་གསོག་བཞིན་གདའ། །
དོལ་རྒྱལ་གནད་དོན་ནི་དེང་སང་ལྷ་སྲུང་རྟེན་གསོལ་གྱི་གནད་དོན་ཙམ་མིན་པར་ཆབ་སྲིད་ཀྱི་གནད་དོན་ལ་འགྱུར་ཟིན་པ་རེད། དོལ་རྒྱལ་བ་མཐའ་ལ་བཀར་དགོས་པའི་གནད་དོན་འདི་དོལ་རྒྱལ་བ་རང་ཉིད་ཀྱིས་མིག་ན་ལག་པས་བཟོས་པ་ལས། སུས་ཀྱང་ལམ་ཁ་འདི་ལ་བཙན་འདེད་བྱས་བཞག་པ་མེད། གལ་ཏེ་བསམ་ཤེས་ཤིག་བྱེད་དགོས་ན་དོལ་རྒྱལ་བ་ཚོས་ལམ་ནོར་ལྡོག་ཤེས་བྱེད་དགོས་པ་ལས། བོད་གཞུང་དམངས་གཉིས་ཀྱི་ངོས་ནས་བསམ་ཤེས་བྱེད་རྒྱུ་གང་ཡང་ལྷག་མེད།
xxxཨ་ཕྱི་ཆོས་ལགས་ཁྱོད་ཀྱི་བོད་མི་དམང་གྱི་ཆེད་དུ་ལས་ཀ་ག་རེ་བྱས་ཡོད་ཤོད་དང་
འ་ཆུང་དང་ཝ་ཟུར་གཉིས་གོ་འཛོལ་ནས་འབྲི་ནོར་ཤོར་སོང་འདུག ཀརྡོ་གཉེར་ཕྱག་པ་ལགས་ཀྱིས་ཚད་ལྡན་དུ་བྲིས་པར་བཀའ་དྲིན་ཆེ་ཞུ་བ་ཡིན། ། ཕྱྭ་་་ཝ་ཟུར་ཅན་ནི་ལྷ་རིགས་ཤིག་དང་། ཕྱ་་་ཝ་ཟུར་མེད་པ་ནི་ཚེ་དང་གཡང་སོགས་ལ་གོ་བ་ཞེས་བརྗོད་དགོས་པའི་ཁུལ་ཡིན་ནོ། །
རྩོམ་པ་པོ་འཇམ་དབྱངས་ནོར་བུ་ལགས་ཀྱིས་ཧ་ལས་པའི་ཡག་པོ་བྲིས་འདུག རྗེས་སུ་ཡི་རིང་ཞུ། ད་ཐེངས་གོང་ས་མཆོག་ཨ་རི་སོགས་སུ་ཕེབས་སྐབས་དོལ་ཚོགས་ཀྱི་ཟིང་སློང་བྱས་པ་འདི་ནི། སྐུའི་སྲུང་བབ་ཐད་བོད་འགོ་མང་ཡོངས་རྫོགས་གཉིད་སད་པའི་ནམ་བརྡ་ཞིག་རེད། རྟག་པར་མགོ་ནག་མ་གཏོགས་མགོ་སེར་སྤྱི་ཚོགས་ནང་ལྷོད་ཡངས་ཤོར་བའི་ནག་ཉེས་ཅན་གྱི་སྐུ་སྲུང་ཚོར་བོད་མི་ཡོངས་ཀྱིས་རེ་བ་བཅོལ་ནོར་ཤོར་ཡོད་པའང་བསྟན་ཡོད། མགོ་སེར་ཞིག་ཡིན་ཕྱིན་རྡ་སའི་ཁོར་ཡུག་དེ་ནས་ག་རེ་ཡིན་ཡང་་རེག་པ་དང་ཐོབ་ཐུབ་པ་ནི་གསལ་བོ་རེད་ལ། བོད་ནང་དུའང་དེ་ལྟའི་ངན་གཤིས་ཤིག་འཇགས་བཞིན་འདུག ང་ཚོ་བོད་མི་མི་རེ་ངོ་རེ་ནས་ཤེས་དགོས་པ་ནི། བོད་ཀྱི་ཆབ་སྲིད་དང་རིག་གཞུང་། ཆོས་ལུགས་སོགས་ཐུན་མིན་གྱི་ཁྱད་ཆོས་ཡོད་ཚད་ཀྱི་ཁ་གཏད་རྒྱ་གཞུང་ཁོ་ན་ཡིན་པ་དང་དོགས་ཟོན་ཡང་རྒྱ་ཁོ་ན་ལ་བྱས་པས་མི་འཐུས་པར་གསལ་བོ་ཤེས་དགོས་ལ། ཤེས་དགོས་པར་བསྟན་ཡོད། སྐབས་འཚོལ་ལ་བྱང་ཆུབ་པའི་མི་རིགས་གཞན་གྱི་སྤྱི་ཚོགས་ནི་ནམ་ཡིན་ཡང་དོགས་ཟོན་དང་ཟབ་ནན་གྱི་མིག་འོག་ནས་ཤོར་མི་རུང་བཡིན་པར་བསྟན་ཡོད། ཁོང་ཚོས་གོ་སྐབས་འཚོལ་སྟངས་ནི་ཉུང་ས་དང་ཆུང་ས་ནས་ཆེན་པོར་ངན་ཁག་སྤྲས་ཏེ། ཆེན་པོ་དེ་ཕམ་པར་བྱེད་པ་དང་དེའི་ཚབ་ཏུ་འགྲོ་ཕྱོགས་དང་འདུག་ཕྱོགས་གཞན་ཞིག་སྤྱད་དེ་ཁོ་བ་ཚོ་སྡོད་རྒྱུ་དེ་རེད། དེ་ནི་ཡོངས་གྲགས་དང་ཡོངས་ཁྱབ་རང་བཞིན་དུ་གྱུར་ཡོད་པས་མིག་ཡོད་བཞིན་དུ་ལོང་བའི་སྤྱོད་པ་འཛིན་མི་རུང་ངོ་།
ཨ་ཁ་ཨ་ཕྱི་གདོན་གྱིས་གཟུགས་གྱུར་ནས། ཨ་ཙམ་མིན་པའི་ལོག་གཏམ་ཅམ་བུའི་ཚིག ཨ་ཕྱི་ཝ་མོས་ངག་ལས་ཨ་འགྱུར་བརྒྱབ། ཨ་ཁུའི་བདེན་པའི་ཨུ་ཚུག་འཐབ་རྩོད་དེ། ཨ་ལག་རྩ་བའི་བླ་མའི་འགག་རྒོ་རུ། ཨ་ན་མ་ནའི་དབུ་ལམ་དམ་འཇོག་པ། ཨ་རོགས་ཝ་མོས་ལོག་འབྲེལ་དམར་ཧྲེང་ངོམས། ཨ་ཕྱི་ཡང་ཕྱི་ད་ཕྱིས་ཁུག་སོ་ན། ཨ་ཁུ་ཟམ་ཅན་དམར་ཧྲེང་མ་མངོན་ཡང་། ཨ་ཁུ་ཟམ་གདོང་རྒྱུ་བའི་རྐང་ལམ་ཁྲོད། ཨ་ཕྱི་སྙོན་མའི་རང་གཟུགས་དམར་ཧྲེང་ཧྲེང་། ཨ་མཚར་ཡང་མཚར་འཁྲབ་དེ་ཀྱེ་མ་ཧུད། ཨ་ཁུ་ཟམ་གདོང་སྐྱོན་བྲལ་མཡིན་ཡང་། ཨ་དབྱངས་ཆོས་སྒྲ་སྙན་པོའི་བལྟ་བ་དེ། ཨ་ཕའི་སྲིད་སྟེགས་ཐོག་ཏུ་ཕབ་པའི་ནག ཨ་ཁུ་ཁྱེད་ལ་ཉེས་ཀྱིས་གོས་དོན་མེད། ཨ་ཁུའི་བལྟ་བ་བདེན་པར་ཨུ་ཚུགས་རེད། ཨ་ན་མ་ནའི་བདེན་པ་རང་བཙན་རེད། ཨ་ལག་མཆོག་དང་བལྟ་བའི་བར་ཐག་རིང་། ཨ་རོགས་ཨ་ཕྱི་མི་བུ་དམར་ཧྲེང་མ། ཨ་སོགས་གསལ་བྱེད་སུམ་ཅུའི་སྙན་དབྱངས་དེ། ཨ་ཙི་མ་རྟོགས་ལོག་རྟོགས་སྤེལ་བའི་གཏམ། ཨ་ཅེའི་དམར་ཧྲེང་སྒྲོག་པར་འབད་ནའང་། ཨ་ཕྱི་རང་ཉིད་དམར་ཧྲེང་གར་དུ་རྩེ།། །།
་ཡག་པོ་བྲིས་འདུག
མ་རྩོམ་དང་བསྒྱུར་རྩོམ་གཉིས་ཀ་ལ་མངོན་པར་བསྟོད་དོ།
གཤམ་གྱི་དྲ་ཐག་དེ་ན་༧རྒྱལ་བ་རིན་པོ་ཆེ་ལ་ངོ་རྒོལ་བྱེད་མཁན་གྱི་བོད་རིགས་དོལ་རྒྱལ་རྗེས་འབྲངས་པ་ཁག་ཅིག་བོད་མི་མང་གིས་མཁྱེན་རྟོགས་ཡོང་སླད་ངོ་སྤྲོད་བྱས་འདུག
http://bod.asia/2014/05/རྒྱ་ཆེའི་མང་ཚོགས་རྣམས་/
ཕྱི་རྒྱལ་དུ་ཡོད་པའི་དོལ་ཚོགས།
http://bod.asia/2014/05/
དྲིན་ལན་ལོག་འཇལ་གྱི་བོད་རིགས།
ལ་རྒྱ་ཡོད་པའི་བོད་རིགས་ཚོས། ངེས་པར་དུ་ངོ་ཤེས་དགོས་པའི་མི་སྣ་ཁག་གི་པར་དང་། ལོ་རྒྱུས། འདིར་གཟིགས་དང་།
http://bod.asia/2014/05/
་་་་་་༸གོང་ས་མཆོག་ལ་རྒྱུན་སྲོལ་གྱི་དམའ་འབེབས་རྒོལ་ཚིག་སྟེ། “ཏཱ་ལའི་བླ་མ། སྐྱག་རྫུན་མཚམས་ཞོགས། མི་ཐམས་ཅད་ལ་ཆོས་ལུགས་ཀྱི་རང་དབང་དགོས། སྐྱག་རྫུན་མཚམས་ཞོགས། ཏཱ་ལའི་བླ་མ། ཁྱོད་ཀྱིས་ངེས་པར་དུ་སྐྱག་རྫུན་མཚམས་ཞོགས”ཞེས་སོགས་སྨྲས་ནས་ངོ་རྒོལ་བྱས། ་་་་་་་
http://bod.asia/2014/05/
http://bod.asia/2014/05/%E0%BD%A2%E0%BE%92%E0%BE%B1%E0%BC%8B%E0%BD%86%E0%BD%BA%E0%BD%A0%E0%BD%B2%E0%BC%8B%E0%BD%98%E0%BD%84%E0%BC%8B%E0%BD%9A%E0%BD%BC%E0%BD%82%E0%BD%A6%E0%BC%8B%E0%BD%A2%E0%BE%A3%E0%BD%98%E0%BD%A6%E0%BC%8B/
ཧཧཧ་་་འཇམ་ནོར་འདི་རྗེས་ནས་གཉིད་སད་པ་འདྲ་་་སྔ་དྲོ་བདེ་ལེགས།།
དོ་རྒྱལ་བ་ཚོ་ནི་ནམ་རྒྱུན་དུ་ངོ་ཚ་སྤངས་ནས་བཀའ་དྲིན་ལོག་འཇལ་བྱས་པ་ལས་གང་ཡང་མི་ཤེས།
རྩོམ་པ་པོ་འཇམ་དབྱངས་ནོར་བུ་ལགས་ཀྱི་ད་རེས་དགོས་པའི་དུས་སུ་སྟུག་དྲི་ཕན་བྱུང་ང་སྙིང་ཁོང་རུས་པའི་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་།།
དྲང་པོ་གསུང་འདུག་། དོན་དངོས་དང་མཐུན་པོ་འདྲ་བོ་ཞིག་མཐོང་སོས་་།།
གནས་ཚུལ་འདིའི་རིགས་ཡ་མཚན་དུ་བརྩི་དགོས་དོན་ཅི་ཡང་མི་འདུག མང་གཙོ་ཚད་ལྡན་ཡོད་པའི་སྤྱི་ཚོགས་ནང་གནས་ཚུལ་འདིའི་རིགས་རྒྱུན་ལྡན་རེད། ཚང་མས་དོ་སྣང་བྱེད་དགོས་ས་ཞིག་ཡོད་པ་ནི་ངོ་རྒོལ་བ་ཚོས་སྐད་ཆ་ཅི་ཞིག་ལབ་ཡོད་མེད་དང་། ཁོ་ཚོས་བཤད་པ་ལ་གནས་ལུགས་དང་རྒྱུ་མཚན་ཅི་ཙམ་ཡོད་མེད་ཞིབ་འཇུག་བྱེད་རྒྱུ་དེ་རེད། གལ་སྲིད་ཁོང་ཚོས་བཤད་པ་ལ་གནས་ལུགས་དང་རྒྱུ་མཚན་ཅི་ཡང་མེད་ཚེ་ཁོང་ཚོས་སྤེལ་བའི་ངོ་རྒོལ་གྱི་ལས་འགུལ་དེ་ཡང་དོན་མེད་རྙོག་དྲ་བཟོས་པ་ཞིག་ཡིན་པར་བདེན་པ་ཆོས་ཉིད་ཀྱིས་ར་སྤྲོད་ཅིང་འཛམ་གླིང་མི་མང་གིས་ཀྱང་གསལ་རྟོགས་ཐུབ་ངེས། མ་གཞི་ང་ཚོའི་མཐོང་རྒྱ་ཆུང་དང་བསམ་བློ་གུ་དོག་དྲགས་པའི་དབང་གིས་གནས་ཚུལ་འདི་འདྲའི་ཆུང་ཚགས་ཤིག་ལའང་ཧ་ལས་ཧང་མདོག་བྱེད་ཀྱི་ཡོད་པ་རེད། དངོས་གནས་ཡིན་ན་དེ་འདྲ་བྱེད་དགོས་དོན་ཅི་ཡང་མི་འདུག