སྤྱི་འཐུས་གདུགས་དཀར་ཚེ་རིང་།
བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཆོད་གལ་ཆེན་ཞིག
དཔལ་ལྡན་ཚོགས་གཙོ་མཆོག ངས་སྔོན་མ་ཕྱི་ལོ་༡༩༩༣ ལོར། རྒྱ་ནག་སྐད་དུ་བྲིས་པའི་དཔྱད་རྩོམ་ཐུང་ཐུང་ཞིག་དམངས་གཙོ་རྒྱ་ནག་[民主中国]དུས་དེབ་ཏུ་བཀོད་ཐོན་བྱུང་ཡོད་པ་དེ་གཞིར་བཞག་གིས། དེ་རིང་གྲོས་ཚོགས་ར་བ་འདིའི་ནང་ལ་ངག་ཐོག་ནས་འགྲེལ་རྗོད་ཐུང་ཙམ་ཞིག་ཞུ་འདོད་བྱུང་། རྩ་བས་གནས་ཚུལ་འདི་གསར་བ་དེ་འདྲ་མིན་ཡང་། དོན་དངོས་ཐོག་ད་བར་དུ་ཐག་ཆོད་པ་ཞིག་ད་དུང་བྱུང་མེད་སྟབས། གྲོས་ཆོད་གྲོས་འཆར་འདི་གྲོས་ཚོགས་སུ་དངོས་སུ་མ་བཏོན་སྔོན་ལ། གྲོས་འཆར་འདི་འདྲ་ཞིག་འདོན་དགོས་པའི་རྒྱུ་མཚན་ཅི་ཡིན་སྐོར་ཕྱག་རོགས་སྤྱི་འཐུས་རྣམ་པ་ཚོར་གསལ་བཤད་ཡག་པོ་ཞིག་ཞུ་ཐུབ་ན་དགོངས་པ་བཞེས་ཕྱོགས་ལ་ཏན་ཏན་ཁྱད་པར་འགྲོ་ངེས་རེད་བསམས་བྱུང་།
རྣམ་པ་ཚང་མས་མཁྱེན་གསལ་ལྟར། གྲོས་འཆར་འདི་ཐ་སྙད་བྱེ་བྲག་པ་ཞིག་གི་སྐོར་ལ་ཡིན་སྟབས། གྲོས་ཚོགས་ནས་བགྲོ་གླེང་ཐག་གཅོད་གནང་བདེ་མེད་པ་ལྟ་བུ་དགོངས་སྲིད་པ་རེད། འོན་ཀྱང་ཐ་སྙད་དེ་ཐ་སྙད་སྤྱིར་བཏང་བ་ཞིག་གཏན་ནས་མ་རེད། དེ་ང་ཚོ་བོད་རྒྱལ་ཁབ་དང་མི་དམངས་ཀྱི་མཚན་དོན་དང་འབྲེལ་བའི་གནད་དོན་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་སྟབས། འདི་ཐ་སྙད་ཙམ་ཞིག་རེད། གནད་འགག་དེ་ཙམ་ཨེ་ཡོད་དགོངས་ན་དེ་མ་འགྲིག་པ་རེད། རྒྱུ་མཚན་ནི་ཐ་སྙད་འདིའི་རྒྱབ་ན་རྒྱ་དམར་གྱི་སྲིད་དོན་གཡོ་བྱུས་གཏིང་ནག་ཅིག་སྦས་ཡོད་པ་ངས་སྔོན་མ་ནས་གསལ་བོར་མཐོང་བསྡད་ཡོད།
དེར་བརྟེན། ད་རེས་གཞིས་བྱེས་བོད་མི་ས་ཡ་དྲུག་གི་སྐུ་ཚབ་དང་མགྲིན་ཚབ་ བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཐེངས་འདིའི་ནང་། ཁྲིམས་བཟོའི་འགན་དབང་གི་ཐོག་ནས་ཐ་སྙད་འདིའི་སྐོར་ལ་གཏན་འབེབས་གཙང་མ་ཞིག་གནང་ཐུབ་ན་དགེ་མཚན་ཧ་ཅང་ཆེ་བ་མཐོང་། ཡིན་ནའང་། འདིར་བཞུགས་སྤྱི་འཐུས་རྣམ་པ་མང་ཆེ་བ་ད་བར་རྒྱ་ནག་སྐད་ཡིག་ལ་ཆེད་དུ་སྦྱང་བ་སྔོན་དུ་མ་སོང་བ་རྐྱང་ཡིན་སྟབས། ཐ་སྙད་འདིའི་བྱུང་རིམ་ལོ་རྒྱུས་དང་རྒྱབ་ལྗོངས་སྐོར་ངོ་སྤྲོད་མཚམས་སྦྱོར་ངེས་པ་རྙེད་པ་ཞིག་ཞུས་ན་མ་གཏོགས། འོལ་ཚོད་ཀྱིས་ཐག་བཅད་ན་ཡག་པོ་མེད་པ་གསལ་བོ་རེད།
དེས་ན། ང་ཚོས་བོད་ཅེས་བརྗོད་སྐབས། འདིར་བཞུགས་བཀའ་བློན་རྣམ་པ་དང་སྤྱི་འཐུས་རྣམ་པས་དབུས་པའི་བོད་མི་སུས་ཀྱང་བོད་ཆོལ་ཁ་གསུམ་ཡོངས་རྫོགས་ལ་ཁྱབ་ཀྱི་ཡོད་པ་དང་། དེ་བཞིན་དུ་དབྱིན་སྐད་དུ་Tibet ཞེས་བརྗོད་སྐབས་བོད་ས་ཡོངས་ལ་བདེ་བླག་ཏུ་གོ་ཐུབ་ཀྱི་ཡོད་པ་དེ་ལྟར་ཡང་། རྒྱ་ནག་སྐད་དུ་་西藏xi zang་་ཞེས་བརྗོད་སྐབས། བོད་སྐད་དང་དབྱིན་སྐད་ནང་བཞིན་བོད་ས་ཡོངས་ལ་གོ་མི་ཐུབ་པ་བཟོས་བཞག་ཡོད་པ་རེད། རྙོག་དྲ་འདི་ནས་བྱུང་བ་རེད།
ང་སྔོན་ཆད་བོད་དུ་ཡོད་དུས། མཚོ་སྔོན་མི་རིགས་སློབ་ཆེན་ན་སློབ་སྦྱོང་བྱེད་བཞིན་པའི་དུས་སུ། ཉིན་ཞིག་་སྦྲང་ཆར་་ཡིན་ནམ་ཅི་བོད་ཡིག་གི་དུས་དེབ་ཅིག་གི་ཐོག མཁས་དབང་ཚེ་ཏན་ཞབས་དྲུང་ཚང་གིས་བརྩམས་པའི་དཔྱད་རྩོམ་ཞིག་མཐོང་བྱུང་བ་དེའི་ནང་དུ། ་་དེང་སང་རྒྱ་ནག་སྐད་དུ་བོད་ཀྱི་མིང་ལ་་西藏xi zang་་ཞེས་འབོད་པ་ཤིན་ཏུ་མི་འཐད་ཀྱང་་གསུངས་འདུག རྗེས་སུ་མཁས་དབང་དམུ་དགེ་བསམ་གཏན་ཚང་གིས་ཀྱང་དེ་དང་འདྲ་བ་གསུངས་ཡོད་པ་ཤེས་རྟོགས་བྱུང་། གང་ལྟར་ཁོང་རྣམ་པ་གཉིས་ཀྱིས་མཚོན་པའི་བོད་བཞུགས་སྐད་གཉིས་སྨྲ་བའི་དབང་བོ་མང་ཆེ་བ། རྒྱ་དམར་གྱི་འབོད་ཚུལ་དེར་ཐུགས་འདོད་གཏན་མེད་པའི་དགོངས་ཚུལ་ཤུགས་ཆེར་ཡོད་པ་གསལ་བོ་རེད།
མཚམས་འདི་ནས་ངས་གསལ་ཁ་དོད་དེ་ཞུ་འདོད་པ་ནི། གནད་དོན་འདི་ང་གདུགས་དཀར་ཚེ་རིང་གིས་གློ་བུར་དུ་ཤེས་སོང་བ་ལྟ་བུ་ཞིག་དང་། སྔོན་ཆད་སུ་གང་གིས་མ་ཤེས་པའི་གནད་དོན་ཞིག་ངས་གསར་དུ་ཤེས་ཡོད་ཅེས་ཞུ་ཡི་མེད་ལ། འདི་ལ་དོ་སྣང་ཡོད་མཁན་ང་གཅིག་པོ་ལས་མི་འདུག་ཅེས་དེ་བས་ཀྱང་བརྗོད་ཀྱི་མེད།
སྟབས་མ་ལེགས་པ་ཞིག་ལ། བོད་བཞུགས་མཁས་དབང་རྣམ་པ་ཚང་མ་གཞན་དབང་སྟབས་བསྟུན་གྱིས་སྨྲ་རྗོད་རང་དབང་ཙམ་ཡང་མེད་ས་ནས། འདི་འདྲའི་ཚོར་རྫི་སྐྱེན་པའི་གནད་དོན་ཐད་རང་རང་གི་དགོངས་ཚུལ་གསལ་སྟོན་དང་། དགག་བཞག་སྤོང་གསུམ་གྱི་སྒོ་ནས་ཐ་སྙད་འདི་འདྲ་གཏན་ལ་འབེབས་པའི་གོ་སྐབས་ཞིག་ག་ལ་ཡོད།
ཧ་ལས་དགོས་པ་ཞིག་ནི། ང་རང་སྐྱབས་བཅོལ་དུ་འབྱོར་རྗེས་མཐོང་བའི་རང་གཞུང་གི་གཞུང་འབྲེལ་ཡིག་ཆ་གལ་ཆེན་སྤྱི་དང་། ལྷག་པར་དུ་༧གོང་ས་ཆེན་པོའི་གསུམ་བཅུའི་དུས་དྲན་གྱི་ཡོངས་ཁྱབ་གསུང་འཕྲིན་གྱིས་མཚོན་པའི་ཆོས་སྲིད་ལུགས་གཉིས་དང་འབྲེལ་བའི་བླང་དོར་བཀའ་སློབ་ལམ་སྟོན་ཁག་རྒྱ་ནག་སྐད་དུ་འགྱུར་བ་ཐམས་ཅད་ཀྱི་ནང་གང་སར་བོད་་ཀྱི་མིང་ལ་་ 西藏xi zang་་ ཞེས་བྲིས་འདུག་པར་བློ་ཕམ་ཆེན་པོ་བྱུང་། ད་བར་དུ་འདི་འདྲའི་གནད་དོན་གལ་ཆེན་ཐོག་གོ་མེད་ཚོར་མེད་ངང་ཡིན་ཤག་ཤག་གིས་འགྲོ་བསྡད་པ་ནི། སྲིད་དོན་གྱི་གནད་འགག་ཐོག་ནས་བལྟས་ན་ནོར་འཁྲུལ་ཆེན་པོ་ཞིག་རེད་སྙམ།
ང་བཙན་བྱོལ་དུ་འབྱོར་ནས་རིང་བོ་མ་སོང་བར། ༧གོང་ས་མཆོག་དང་རང་གཞུང་གི་བཀའ་འབྲེལ་ལྟར། སུད་སིར་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཙོས། ནུབ་ཕྱོགས་རྒྱལ་ཁབ་ཁག་བརྒྱད་ལ་ངོ་བསྐྱོད་ཀྱིས་གཞིས་ལུས་བོད་རྒྱ་ཆེའི་མི་དམངས་ཀྱི་ལུས་སེམས་གཉིས་ཀས་མྱངས་དང་མྱོང་བཞིན་པའི་དཀའ་སྡུག་རྣམས་འཛམ་གླིང་མི་དམངས་ཡོངས་ཀྱིས་མཁྱེན་རྟོགས་ཡོང་བའི་འབད་བརྩོན་བྱས་པ་ཡིན། རྒྱལ་ཁབ་དེ་དང་དེ་དག་ཏུ་ཐུག་འཕྲད་བྱུང་བའི་རྒྱ་རིགས་མཁས་པ་རྣམས་དང་། ཨ་རིའི་གྲོང་ཁྱེར་ཉིག་ཡོག་ནས་སྐུ་ཞབས་ང་ཕོད་འཇིགས་མེད་ལགས་ཀྱིས་གཙོས་རང་རིགས་མཁྱེན་ལྡན་ཁག་ཅིག་དང་ལྷན་དུ་གནད་དོན་འདིའི་སྐོར་ལ་གོ་སྡུར་བགྲོ་གླེང་ལྷུགས་པོར་ཞུས་པ་ཡིན་ཏེ། བསམ་ཚུལ་མ་འདྲ་བ་ཙམ་དང་བགྲོ་གླེང་བྱས་པ་ཙམ་ལས། གནད་དོན་ཐག་ཆོད་པ་ཞིག་བྱུང་མ་སོང་།
རྗེས་སུ་རྒྱ་གར་དུ་ཚུར་ལོག་ནས། བོད་རང་གི་རྒྱལ་རབས་ལོ་རྒྱུས་དང་། རྒྱ་ནག་སྐད་དུ་ཡོད་པའི་བོད་དང་རྒྱ་ནག་གི་ལོ་རྒྱུས་བྱུང་རབས་སྐོར་གྱི་དེབ་མི་ཉུང་བ་ཞིག་བཀླགས་ཏེ་ནན་ཏན་ཆེན་པོས་དཔྱད་པ་ཞིབ་མོ་བྱས་པ་ཡིན།
བོད་ཀྱི་བཙན་པོའི་རྒྱལ་རབས་དང་། རྒྱ་ནག་གི་ཐང་རྒྱལ་རབས་སྐབས་ནས་བཟུང་། བོད་རྒྱ་གཉིས་བར་ལ་ཞི་དྲག་གཉིས་དང་ཆོས་སྲིད་གཉིས་ཕྱོགས་ནས་མཛའ་དང་མི་མཛའི་འབྲེལ་བ་སྣ་ཚོགས་ཤིག་བྱུང་བའི་མགོ་བརྩམས་འདུག སྐབས་དེ་དང་དེའི་རྒྱ་ནག་གི་ལོ་རྒྱུས་དེབ་ཐེར་ཚང་མའི་ནང་དུ། ང་ཚོ་བོད་ལ་ ་吐蕃་་ཅེས་འབོད་ཀྱི་འདུག་ལ། ་་ཐུ་བྷོད吐蕃་་ཅེས་བརྗོད་སྐབས་བོད་ཆོལ་ཁ་གསུམ་སྤྱི་ཡོངས་ལ་ཁྱབ་ཀྱི་ཡོད་པའང་གསལ་བོ་འདུག འདིའི་སྐོར་དབོན་ཞང་རྡོ་རིང་གིས་མཚོན་རྡོ་རིང་ཁག་དང་ཏུན་ཧོང་གཏེར་ཡིག་སོགས་སུ་ལས་སླ་བོར་རྙེད་ཀྱི་འདུག
ཡིན་ནའང་སྟབས་ཉེས་པ་ཞིག་ལ། ང་ཚོས་་ཐུ་བྷོད吐蕃་་ཅེས་པའི་ཡིག་འབྲུ་འདི་གཉིས་ཀྱི་གོ་དོན་ཡང་སྙིང་ག་རེ་ཡིན་མིན་སྐོར་རྒྱ་ཡི་ཚིག་མཛོད་ཆེན་མོ་་辞海བསྔོགས་སྐབས། སེམས་ལ་ཆུ་འཁྱག་བླུགས་པ་བཞིན་གྲང་ཤུར་ཤུར་ཆགས་སོང་། ་་ཐུ་བྷོད吐蕃་་ཅེས་པ་འདི་ང་ཚོ་བོད་མི་ཡོངས་ལ་མཐོང་ཆུང་ཁྱད་གསོད་ཚད་ལས་འདས་པ་བྱས་པའི་འབོད་ཚུལ་ཞིག་ཡིན་པ་ད་གཟོད་ཤེས་བྱུང་། ་་ཐུ་吐ནི་ཕྱི་ལ་སྐྱུགས་པའི་དོན་དང་། བྷོད་蕃་ནི་ཤེས་རིག་དཔལ་ཡོན་མ་དར་བའི་མི་རིགས་ཀླ་ཀློ་སྤྱོད་པ་རྩིང་བོ་ལ་གོ་ཡི་འདུག དེ་འདྲ་ཡིན་སྟབས། ་་ཐུ་བྷོད་吐蕃་་ཀྱིས་ཆོལ་ཁ་གསུམ་པོར་གོ་ཐུབ་ཀྱང་དེའི་གོ་དོན་ཧ་ཅང་མི་ལེགས་པ་དང་བཀྲ་མི་ཤིས་པ། མཐོང་ཆུང་གི་བསམ་བློ་ཤུགས་ཆེ་བས་བེད་སྤྱོད་མ་བྱས་པར་བཞག་པ་ཡིན། འདི་གཅིག་ཡིན།
ད་དེ་ནས། ་་西藏xi zang་་ཟེར་བའི་ཐ་སྙད་ཁྱད་མཚར་འདིའི་སྐོར་ལ་ཉམས་ཞིབ་ཅིག་བྱས་པ་ཡིན།
འབོད་ཚུལ་འདི་མཉྫུའི་གོང་མ་་ཁཱང་ཞིའི་སྐབས་ནས་གསར་དུ་བྱུང་བ་ཞིག་རེད་འདུག རྩ་བས་ཐ་སྙད་འདིའི་ངོ་གདོང་ནས་གོ་བ་ཞིག་བླངས་པ་ཡིན་ན། ་་ཤཱི་西ནི་་རྒྱ་ནག་སྐད་དེ། ནུབ་ཀྱི་དོན་་དང་། ་་ཙང藏་་ནི་བོད་སྐད་ཀྱི་སྒྲ་ཟུར་ཆག་པ་སྟེ། བོད་སྐད་དུ་དབུས་གཙང་ཞེས་འབོད་པའི་གཙང་གི་སྒྲ་གཅིག་པོ་ཚུར་བླངས་ཏེ་བཟོས་པའི་རྒྱ་བོད་སྐད་གཉིས་འདྲེས་མའི་འབོད་ཚུལ་ཞིག་རེད་འདུག དེས་ན་འབོད་ཚུལ་གསར་བ་འདི་བྱུང་མ་ཐག་པའི་སྐད་ཅིག་དང་བོ་དེ་ནས་བཟུང་། ཐ་སྙད་འདིའི་ངོ་གདོང་རང་ནས་འགྲེལ་བཤད་ཅིག་བརྒྱབ་པ་ཡིན་ན། མདོ་སྟོད་སྨད་གཉིས་ཚུད་པའི་བོད་ཆོལ་ཁ་གསུམ་ཡོངས་ལ་ཁྱབ་རྒྱུ་ལྟ་ཅི། ཐ་ན་དབུས་གཙང་མངའ་རིས་དང་བཅས་པར་འབོད་པའི་ནང་གི་གཙང་གི་ཡུལ་ཁོ་ན་ཙམ་ལས་དབུས་དང་སྟོད་མངའ་རིས་ཕྱོགས་ལའང་གོ་མི་ཐུབ་པ་ཆགས་ཡོད།
ཐ་སྙད་འདིའི་ཐོག་མའི་བྱུང་རྐྱེན་སྐོར་ལ་ཉམས་ཞིབ་བྱས་ཡོང་དུས། རང་བཞིན་གྱིས་༧རྒྱལ་བ་ཡབ་སྲས་གཉིས་ཀྱི་མཛད་པ་འཕྲིན་ལས་དང་འབྲེལ་བ་ཞིག་ཆགས་ཡོང་གི་འདུག་ལ། ལྷག་པར་དུ་གཙང་པན་ཆེན་རིན་པོ་ཆེ་དང་འབྲེལ་བ་དམིགས་བསལ་ཡོད་པ་འདྲ་བོ་ཞིག་འདུག གང་ལྟར་མཉྫུ་གོང་མ་་ཁཱང་ཞི་་ཁྲི་ལོ་གཉིས་པ། ཕྱི་ལོ་ ༡༦༦༣ ཟླ་བརྒྱད་པའི་ནང་། པན་ཆེན་རིན་པོ་ཆེར་མཚན་འཁོད་ཕྱག་བྲིས་ཤིག་གནང་བའི་ནང་། ་་ཤཱི་ཙང་པན་ཆེན་ཧུ་ཐོག་ཐུ 西藏班禅胡土克图 ་་ཞེས་གསལ་འདུག་པ་དང་། དུས་དེ་ནས་བཟུང་རྒྱ་ནག་གི་ཡིག་ཆ་ཚང་མའི་ནང་དུ་་西藏ཤཱི་ཙང་་ཞེས་པའི་ཡིག་འབྲུ་འདི་གཉིས་ས་ཁྱབ་རྡོ་ཁྱབ་ཏུ་དར་མགོ་བརྩམས་འདུག
དེ་ནས་གོ་མིན་ཏང་དང་གུང་ཁྲན་ཏང་། ལྷག་པར་དུ་གུང་ཁྲན་ཏང་གི་སྐབས་ལ་་ཤཱི་ཙང་་ཞེས་པའི་ཐ་སྙད་བཀྲ་མ་ཤིས་པ་འདི་འབྲི་སྤྱོད་ཀྱི་རྒྱུན་མཐུད་པ་ཙམ་དུ་མ་ཟད། སྔར་ལས་ཀྱང་སྡུག་ཐོག་སྡུག་བརྩེགས་ཀྱིས། བོད་ས་དུམ་བུ་མང་བོར་བཅད་དེ་དབུས་གཙང་གི་ཕྱོགས་དེ་་西藏ཤཱི་ཙང་་ཞེས་པའི་མིང་གི་འོག་དང་། བོད་ས་གཞན་རྣམས་རྒྱ་ནག་གི་ཞིང་ཆེན་གཞན་པའི་ནང་ཟླ་བསྒྲིལ་གྱིས། ་་ 青海ཆིན་ཧེ་་ 甘肃ཀན་སུ་་ 四川ཟི་ཁྲོན་་ 云南ཡུན་ནན་སོགས་ཀྱི་ཁོངས་སུ་ཡོད་པའི་བོད་ས་རྣམས་དང་། བོད་ས་དེ་དང་དེར་གནས་པའི་བོད་མི་རྣམས་རིམ་གྱིས་མིང་གི་ལྷག་མ་ཙམ་ཡང་མེད་པ་བཟོ་འདོད་ཡོད་པ་ཟུར་བལྟས་ལེབ་མཐོང་རེད།
གོང་གསལ་ལོ་རྒྱུས་ཀྱི་བྱུང་རབས་རྒྱབ་ལྗོངས་དང་བྱུང་རྐྱེན་སོགས་ལས་ང་ཚོས་གསལ་བོར་རྟོགས་ཐུབ་པ་ནི། ་་ཐུ་བྷོད 吐蕃་་ཅེས་པའི་འབོད་ཚུལ་འདིའི་གོ་དོན་ཧ་ཅང་མི་ལེགས་པ་མ་གཏོགས། བོད་ཆོལ་ཁ་གསུམ་པོར་ཁྱབ་པའི་བོད་ཀྱི་སྤྱི་མིང་ཞིག་དང་། དེས་བོད་འདི་རྒྱལ་ཁབ་ཅིག་ཡིན་པའི་ངོ་བོ་དང་གདན་ཐོབ་ལ་དོ་ཕོག་འགྲོ་ཡི་མེད་པ་རེད།
འོན་ཀྱང་། ་་ཤཱི་ཙང་་ཟེར་བའི་འབོད་ཚུལ་འདི་བྱུང་བ་ནས་བཟུང་། བོད་འདི་རྒྱལ་ཁབ་རང་རྐྱ་འཕེར་བ་ཞིག་ཡིན་པའི་ངོ་བོ་དང་ལོ་རྒྱུས་གོ་གནས་སམ་གདན་ཐོབ་མེད་པར་བཟོས་པ་རེད། རྒྱུ་མཚན་འདི་དག་ལ་བརྟེན་ནས། ངས་་ཤཱི་ཙང་་ཞེས་པའི་ཐ་སྙད་འདིའི་ནུས་པ་ནི། མི་ཤི་རྟ་འགྱེལ་གྱི་གཡུལ་འཁྲུག་ཆེན་པོ་ཞིག་གིས་བསྐྱེད་པའི་གོད་ཆག་ལས་ཀྱང་ལྡབ་འགྱུར་གྱིས་ཆེ་བ་དང་། ངན་སྔགས་འཆང་བ་སྟོང་ཕྲག་དུ་མས་དུས་གཅིག་ཏུ་མཐུ་བརྒྱབ་པ་ལས་ཀྱང་སྡུག་པར་ངོས་འཛིན་གྱི་ཡོད།
་་吐蕃ཐུ་བྷོད་་དང་་西藏ཤཱི་ཙང་་གཉིས་ཀ་མི་འགྲིག་སྟབས། དེ་སྔའི་ཆོས་རྒྱལ་ཚོའི་སྐབས། རྒྱ་ནག་གིས་བོད་ལ་འབོད་པའི་་ཐུ་བྷོད་་ཀྱི་སྒྲ་རང་སོར་བཞག་སྟེ། དོན་གྱི་གོ་བ་གསར་བ་ཤིན་ཏུ་བཀྲ་ཤིས་ཕུན་སུམ་ཚོགས་པའི་ཡི་གེ་གཉིས་གསར་དུ་བཟོས་ནས་ དེ་རིང་འདིར་གྲོས་ཚོགས་ཀྱི་གསོལ་ཅོག་ཐོག་ཁྱེར་ཡོང་ཡོད། ཡི་གེ་འདི་གཉིས་ཀྱི་དང་བོ་་图་ཡི་དོན་ནི།
奋发图强,宏伟蓝图སྟེ། དམིགས་ཡུལ་རླབས་པོ་ཆེ་ཞིག་འགྲུབ་ཆེད་འབད་བརྩོན་བྱེད་པ་དང་། ་་བྷོད་博་ ནི་བོད་རང་གི་སྒྲ་དང་ཉེ་བ་ཙམ་དུ་མ་ཟད། འདིའི་གོ་དོན་ནི་博大精深སྟེ། རྒྱ་ཆེ་ལ་གཏིང་ཟབ་པའི་དོན་ཡིན་པས། ནང་བ་སངས་རྒྱས་པའི་ཆོས་ལ་གོ་ཆོག་པ་མ་ཟད། 博爱众生སྟེ། འགྲོ་བ་སེམས་ཅན་ཡོངས་ལ་ཚད་མེད་པའི་སྙིང་རྗེ་མངའ་བའི་དོན་ཡང་ཡོད་པས། འཕགས་མཆོག་ཕྱག་ན་པདྨོར་རང་བཞིན་གྱི་གོ་འགྲོ་བ་ཞིག་ཡོད་པས་རྟེན་འབྲེལ་གྱི་ཆ་ནས་ཀྱང་ཤིན་ཏུ་ལེགས་པར་མཐོང་གི་ཡོད།
གོང་ཞུས་བྱུང་རབས་དང་རྒྱབ་ལྗོངས་ཀྱི་གནས་ཚུལ། དེ་ལས་ཀྱང་གལ་ཆེ་བ་སྲིད་དོན་གྱི་གནད་འགག་ཐོག་དགག་དགོས་རྒྱུ་མཚན་ཅི་ཆགས་སྐོར་ལ། སྤྱི་འཐུས་རྣམ་པ་ཚང་མས་དགོངས་པ་ཟབ་བཞེས་གནང་ཐོག གྲོས་འཆར་འདིར་སྤྱི་མོས་རྒྱབ་སྐྱོར་ཡོང་བའི་རེ་བ་ཞུ་བཞིན་ཡོད།
གྲོས་ཆོད་གྲོས་འཆར།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་དྲིན་བསྩལ་བའི་ལུགས་གཉིས་བླང་དོར་བཀའ་སློབ་ཀྱིས་མཚོན། བོད་ཀྱི་ཆོས་དང་རིག་གཞུང་། ལོ་རྒྱུས་དེབ་ཐེར་སོགས་སྤྱི་དང་། ལྷག་དོན་རང་གཞུང་གི་གཞུང་འབྲེལ་ཡིག་ཆ་ཁག་རྒྱ་ནག་སྐད་དུ་སྒྱུར་བའམ་ཡང་ན་རང་ཕྱོགས་ནས་ཐད་ཀར་དུ་རྒྱ་ཡིག་གི་དུས་དེབ་དང་གསར་ཤོག་སོགས་འདོན་འགྲེམ་སྐབས། བོད་་ཀྱི་སྐད་དོད་དུ་་ཐུ་བྷོད图博་་དང་་བྷོད博་་ཅེས་འབྲི་རྗོད་དགོས་པ་མ་ཟད། བོད་ས་སྟོད་སྨད་བར་གསུམ་གྱི་ས་མིང་ཆུ་མིང་རིའི་མིང་དང་གྲོང་སྡེའི་མིང་སོགས་ཚང་མ། བོད་རང་གི་ལོ་རྒྱུས་སུ་ཇི་ལྟར་འབོད་པ་དེ་དེ་བཞིན་དུ་ཡུལ་བྱེ་བྲག་པ་དེ་དང་དེའི་ཡུལ་མི་རང་བཞིན་པའི་སྐད་གཞིར་བཞག་གིས་སྒྲ་ཇི་བཞིན་པར་བསྒྱུར་དགོས་པ་ལས། ་་ཤི་ཙང西藏་་གིས་མཚོན། རྒྱ་དམར་གྱིས་གསར་དུ་བཏགས་པའི་ཐ་སྙད་རིགས་བེད་སྤྱོད་ནམ་ཡང་མི་ཆོག་པའི་གྲོས་ཆོད་དུ།
བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ནས། ཞེས་བཏོན་པར།
སྤྱི་འཐུས་རྨེའུ་མགོན་པོ་མཚོས་རྒྱབ་སྐྱོར་གནང་།
དགག་བྱ་གནང་སྤྱི་འཐུས་གཅིག་ཀྱང་མ་བྱུང་བས།
ཕྱི་ལོ་༡༩༩༨ ཟླ་ ༩ ཚེས་༢༢ ཉིན། སྤྱི་མོས་བྱུང་།
ཕྱི་ལོ་༡༩༩༨ ཟླ་༩ ཚེས་ ༡༥ ནས་ཚེས་ ༢༥ བར་ཚོགས་པའི་སྐབས་བཅུ་གཉིས་པའི་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་དྲུག་པའི་ཐོག་གཏན་ལ་ཕབ་པའི་གྲོས་ཆོད།
ཟུར་མཆན། གོང་གསལ་གྲོས་ཆོད་དང་དེའི་སྔོན་གླེང་གསལ་བཤད་རྣམས། སྐབས་དེའི་གྲོས་ཚོགས་ལས་རིམ་གསར་ཤོག་ཏུ་ཡོད་པ་ལ་སྣོན་འཕྲི་ལེགས་བཅོས་ཅུང་ཟད་བྱས་ཏེ། བྱང་ཨ་རིའི་རྒྱལ་ས་ཝ་ཞིན་ཌོན་ནས། ཕྱི་ལོ་༢༠༡༤ ཟླ་ལྔ་བའི་ཚེས་༢༡ རེས་གཟའ་ཕུར་བུ་དགེ་བའི་ཉིན་གྲུབ་པར་བགྱིས་ཏེ་དྲ་ལམ་དུ་བསྟར་བ་འདིས་ཀྱང་། མཁྱེན་དཔྱོད་ཡངས་པ་གང་ན་སུ་བཞུགས་ཀྱི་ཐུགས་སྣང་འདྲེན་པ་དང་། རྒྱབ་སྐྱོར་གནང་འོས་གནང་ལམ་ཡོང་བའི་རེ་སྐུལ་བཅས། སྤྱི་ཟུར་མིང་ཅན་གདུགས་དཀར་ཚེ་རིང་གིས།
ལོ་རྒྱུས་ཀྱི་ཟུར་ཞིག་ཐོན་འདུག མུ་མཐུད་དུ་གྲོས་ཆོད་དེར་ལམ་འགྲོ་མ་བྱུང་བའི་རྒྱབ་ལྗོངས་ངོ་མ་ཇི་ཡིན་བརྗོད་ཐུབ་ན་ཕན་ཐོགས་ཡོང་ངེས་རེད་བསམ།
་་་་་ འོན་ཀྱང་། ་་ཤཱི་ཙང་་ཟེར་བའི་འབོད་ཚུལ་འདི་བྱུང་བ་ནས་བཟུང་། བོད་འདི་རྒྱལ་ཁབ་རང་རྐྱ་འཕེར་བ་ཞིག་ཡིན་པའི་ངོ་བོ་དང་ལོ་རྒྱུས་གོ་གནས་སམ་གདན་ཐོབ་མེད་པར་བཟོས་པ་རེད། ་་་་་་
་་་་་ ་ཚོ་བོད་ལ་ ་吐蕃་་ཅེས་འབོད་ཀྱི་འདུག་ལ། ་་ཐུ་བྷོད吐蕃་་ཅེས་བརྗོད་སྐབས་བོད་ཆོལ་ཁ་གསུམ་སྤྱི་ཡོངས་ལ་ཁྱབ་ཀྱི་ཡོད་པའང་གསལ་བོ་འདུག འདིའི་སྐོར་དབོན་ཞང་རྡོ་རིང་གིས་མཚོན་རྡོ་རིང་ཁག་དང་ཏུན་ཧོང་གཏེར་ཡིག་སོགས་སུ་ལས་སླ་བོར་རྙེད་ཀྱི་འདུག ་་་་་་
Tibet = བོད།
Tibetan = བོད་མི།
དངོས་གནས་བོད་ཁམས་ཡོངས་ལ་ཁྱབ་པ་ཞིག་བསམ་གཞིགས་གནང་འདུག
བོད་མི་དམངས་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བརྒྱད་པའི་སྐབས། སྤྱི་འཐུས་གདུགས་དཀར་ཚེ་རིངལགས་ནས་གནང་བའི་དྲི་བར་ལན་འདེབས་འགོད་འབུལ་ཞུ་རྒྱུར།
སྐབས་བཅུ་གཉིས་པའི་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་དྲུག་པའི་ཐོག བོད་ཅེས་པ་རྒྱ་ནག་སྐད་དུ་འགྱུར་སྐབས། “西藏”ཤཱི་ཙང་་ཞེས་བེད་སྤྱོད་མི་དགོས་པར། (图博)ཐུ་བའོ་ཞེས་བེད་སྤྱོད་དགོས་པ་དང་། ཡང་ན་(博)བོད་ཅེས་ཐད་ཀར་སྒྲ་བསྒྱུར་དགོས་པའི་སྤྱི་མོས་གྲོས་ཆོད་བཞག་ཡོད་ནའང་། དོན་དངོས་སུ་ལག་བསྟར་བྱེད་ཕྱོགས་ཐད་འབྲེལ་ཡོད་རྣམས་དང་མཉམ་དུ་གོ་བསྡུར་སྦྱང་བཤད་ཐེངས་མང་ཞུ་རྒྱུ་བྱུང་ཞིང་། མང་ཆེ་བས་དགོངས་ཚུལ་གསུང་རྒྱུར། རྒྱ་ཡིག་ནང་བོད་ལ་་ཤཱི་ཙང་་བེད་སྤྱོད་མ་བྱས་པར་་ཐུ་བའོ་་དང་། ཡང་ན་ཐད་ཀར་སྒྲ་བསྒྱུར་གྱིས་བོད་ཅེས་བེད་སྤྱོད་བྱས་ཚེ། དོན་དག་གོ་བརྡ་མི་འཕྲོད་པའི་དཀའ་ངལ་མང་དགཅིག་འཕྲད་ངེས་མ་ཟད། གོ་དོན་འགྲེལ་བརྗོད་བྱེད་སྐབས་སླར་ཡང་་ཤཱི་ཙང་་ཞེས་པ་བེད་སྤྱོད་མི་གཏོང་ཐབས་མེད་ཆགས་ངེས་ལ་སོང་། དེ་ལས་དབྱིན་སྐད་ནང་བོད་ལ་་Tibet་་ཅེས་པ་བེད་སྤྱོད་བྱེད་སྐབས། རྒྱ་ཕྱོགས་ནས་དེའི་གོ་དོན་བོད་རང་སྐྱོང་ལྗོངས་ཁོ་ན་ཡིན་པར་འགྲེལ་བརྗོད་བྱེད་མུས་དེ་ལྟར་ཡང་། རང་ཕྱོགས་ནས་བོད་ཆོལ་ཁ་གསུམ་ཡོངས་རྫོགས་ལ་ཁྱབ་པའི་ངོས་འཛིན་དང་འགྲེལ་བརྗོད་མུ་མཐུད་བྱེད་མུས་ལགས་པ་དང་གཅིག་མཚུངས་རྒྱ་སྐད་ནང་དུའང་བོད་ལ་་ཤཱི་ཙང་་ཞེས་བེད་སྤྱོད་ཐོག དེའི་གོ་དོན་བོད་ཆོལ་ཁ་གསུམ་ཡོངས་རྫོགས་ལ་ཁྱབ་པའི་འགྲེལ་བརྗོད་བྱས་ན་དོན་ཕན་སོན་མི་ཡོང་ངམ་སྙམ་པ་དང་། ལར་ནས་་ཤཱི་ཙང་་ཞེས་པའི་ཐ་སྙད་དེའི་དོན་ངོ་མ་ཐད་བསྒྱུར་བྱས་ཚེ་ནུབ་ཕྱོགས་ཀྱི་བང་མཛོད་ཡིན་པས། དེའི་གོ་དོན་བོད་རང་སྐྱོང་ལྗོངས་ཡིན་པ་ཁྱབ་མི་དགོས་པ་བཅས་ཀྱི་རྒྱུ་མཚན་ལ་བརྟེན་ནས། གོང་གསལ་གྲོས་ཆོད་དེ་དོན་ལག་ལེན་འགེལ་ཐུབ་མེད། ཅེས་སྙན་སེང་ཞུ་རྒྱུ་བཅས། བོད་གཞུང་ཕྱི་དྲིལ་ལས་ཁུངས་ནས། ཕྱི་ལོ་ ༡༩༩ ཟླ་༩ཚེས་༢༣ལ་ཕུལ།
འདི་སྐབས་དེའི་བཀའ་ཤག་གིས་གནང་བའི་ལན་རེད།
ངོ་མ་སྐུ་དྲིན་ཆེ། དུས་ཁོམ་རེ་ཡོད་དུས་འདི་འདྲའི་གཏམ་རེ་གསུང་རྒྱུ་ཐུགས་ལ་ཟུངས། སྐུ་མཁྱེན།
ཤིས་ཚང་ལ་གོ་ས་རེད། མ་ཤེས་ན་ཤི་ཙང་ངམ་ཤི་ཚང་དང་ཤི་ཛང་ཡང་ཡིན།
ཆབ་སྲིད་དང་། ས་མཚམས་དབྱེ་འབྱེད་ཕར་བཞག་ནས། བོད་ཀྱི་སྲོལ་རྒྱུན་ཁྱབ་པའི་ས་ཁྲའི་ནང་ལ། མདོ་དབུས་ཁམས་གསུམ་དང། སྟོད་ལ་དྭགས། སྤི་ཏི། གར་ཞ། འབྲུག་འབྲས་ལྗོངས་ཡང་ཚུད་བགྱིན་ཡོད་པ་དེ་ནི། བོད་རིག་པ་སྤྱི་ཡིས་ཤོད་སྟངས་ཅིག་རེད་དོ།། །།
གཤའ་བཅོས་མ་བྱས་ན་འཆི་རྒྱུར་གཏན་འཁེལ་བའི་ནད་པ་ཞིག་ལ། འགྲོ་སོང་གཏང་རྒྱུ་ཡོད་ཀྱང་གཏོང་འདོད་མེད་པ་དང་གཅིག་པ་འདྲ་བོ་མི་འདུག་གམ།
བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་བསྩལ་བ། ཀུན་དགའ་བོ། གལ་ཏེ་སྔོན་གྱི་ཚེ། ཁྱོད་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་མ་བྱུང་གོང་། ཉིན་ཞིག་གློ་བུར་དུ་མཁྱིམ་མཚེས་ཀྱིས་རྐུན་ཇག་ཁྱུ་ཞིག་ཁྲིད་ཡོང་སྟེ། སྒོ་གཏོར་ནས་ཁྱོད་ཀྱི་ཁྱིམ་ལ་རྒྱུགས། ཉེར་སྤྱད་ཐམས་ཅད་བཅགས། རྒྱུ་དངོས་རྩ་ཆེན་ཐམས་ཅད་འཕྲོགས། ཕ་མ་གཉིས་དང་བུ་ཕྲུག་ཚང་མར་རྒྱུ་མཚན་མེད་པར་གཅར་རྡུང་དྲག་པོ་བཏང་སྟེ་མིང་སྲིང་འགའ་ལྔ་ལམ་དུ་བརྫངས། ད་དུང་འགྲོ་ཁར་ཁྱེད་ནང་མི་ལྷག་ལུས་ཐམས་ཅད་ཀྱི་མིང་ཡང་བརྗེས། ད་ནས་བཟུང་ཁྱོད་ཀྱི་ཕ་རྒན་གྱི་མིང་ལ་ཁྱི་རྒན་དང་།་མ་མིང་ལ་ཁྱི་མོ། ཁྱོད་ཀྱི་མིང་ལའང་ཀུན་མི་དགའ་བ་ཞེས་འབོད་དགོས་ཞེས་བཙན་གྱིས་བཏགས་ན། ཀུན་དགའ་བོ།་འདི་ཅི་སྙམ་དུ་སེམས། ཞེས་པར། ཀུན་དགའ་བོའི་མིག་ལ་མཆི་མ་འཁྲིགས། མགྲིན་པ་བརྣངས་ཏེ་ལན་བྱ་བར་མ་ནུས་སོ།།
དེ་ནས་ཚེ་དང་ལྡན་པའི་ཤཱ་རིའི་བུས་པུས་མོ་གཡས་པའི་སླ་ང་ས་ལ་བཙུགས་ཏེ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་་ན་རེ། 非我族类,其心必异。卧榻之侧,岂容他人酣睡。宗教是鸦片。བཅོམ་ལྡན་འདས་ཀྱིས་ལན་མ་ནུས་ཤིང་ངོ་གནོངས་ཏེ་རྒྱ་གར་འཕགས་པའི་ཡུལ་གྱི་རྡ་རམ་ས་ལར་བཙན་བྱོལ་ལ་ཕྱིན་ཏོ།
དེ་ན། ནུབ་གཙང་ཡིན་པ་འདྲ། ནུབ་ཟེར་བ་དེ་གཡུགས་བཞག་ན། གཙང་ལྷག་འགྲོ་བས། གཙང་ཟེར་བ་དེ་ཡིས་བོད་ཟེར་བ་འདི་ངོ་འཕྲོད་པ་ཞིག་ག་པ་ག་པ། མཐའ་ན་ནམ་རྒྱུན་གྱི་དབུས་གཙང་གི་དབུས་དེ་ཡང་བ་མེད་པར་བཟོས་འདུག་ན། དགྱ་མི་དེ་ཚོ་སྡུག་པ་ལ། གཅིག་བྱས་ན། དབུས་དང་ནུབ་གཉིས་ཀྱི་བསྒྱུར་ནོར་བ་མི་འགྲོ། ཧ་ཧ་ཧ།
དགྱ་ཡིག་ན།: 藏文 གཙང་ཡིག 藏族 གཙང་མྱི། 西藏 ནུབ་གཙང་།
བོད་ཡིག་ན།: བོད་ཡིག། བོད་མི། བོད།
དབྱིན་ཡིག་ན།: tibetan tibetan tibet
དེ་མིན་པའི་རྒྱལ་ཁབ་གཞན་ན། ཐོ་བྷའ། ཐུ་བྷོ་ཏྲ། ད་མང་གི་ཡ།
ངའི་ཤེས་ཚོད་ལྟར་བྱས་ན། གདུགས་དཀར་ཚེ་རིང་གིས་སྔར་སྤྱི་འཐུས་ཡོ་རོབ་སྐོར་བསྐོར་སྐབས་གཞུང་དོན་རྒྱབ་བསྐྱུར་གྱིས་ཕྱིར་ལོགས་མ་བྱས་པ་རེད། དེ་རིང་འདིར་སྤྱི་འཐུས་ཀྱི་མིང་འཁུར་ནས་འོང་བ་ནི་ཁྲམ་པའི་གཟོལ་དུ་མཐོང་། མི་ལ་རིན་ཐང་བྲལ་བའི་ངོ་ཚ་མེད་སོང་ན་ཐབས་སྡུག་ནང་གི་ཐབས་སྡུག་རེད། ལར་ནས་ཁྱོད་ཀྱི་བསམ་འཆར་ལ་ཡི་རངས་ཞུ། དམངས་གཙོའི་མཁེ་དབང་སུ་ལ་ཡང་ཡོད་ཡོད་པ་རེད།
རྒྱ་ནག་གི་མི་དང་ཐེ་ཝན་གྱི་མི་ཚོའི་མཉམ་དུ་ཤི་ཙང་ཟེར་ན་བོད་ས་ཡོངས་རྫོགས་ལ་ཟེར་གི་རེད་ལབ་དུས།
ཁོང་ཚོ་གད་མོ་ཤོར་གི་འདུག།
དེ་ལས་ཁོང་ཚོར་སྔོན་གྱི་རྒྱལ་རབས་སྐབས་སུ།
ཁྱོད་ཚོས་ང་ཚོ་བོད་ལ་ཐུ་བྷོད་ཟེར་གི་རེད་ལབ་དུས།
དེ་ངོ་མ་རེད་ཟེར་གི་འདུག
ཀརྡོའི་མདོ་ལས།
ཉིན་ཞིག་གློ་བུར་དུ་རྒྱ་ུརིགས་གང་བྲན་མཁྱིམ་མཚེས་ཀྱིས་རྐུན་ཇག་ཁྱུ་ཞིག་ཁྲིད་ཡོང་སྟེ། སྒོ་གཏོར་ནས་ཁྱོད་ཀྱི་ཁྱིམ་ལ་རྒྱུགས། ཉེར་སྤྱད་ཐམས་ཅད་བཅགས། རྒྱུ་དངོས་རྩ་ཆེན་ཐམས་ཅད་འཕྲོགས།
ཕ་མ་གཉིས་དང་བུ་ཕྲུག་ཚང་མར་རྒྱུ་མཚན་མེད་པར་གཅར་རྡུང་དྲག་པོ་བཏང་སྟེ་མིང་སྲིང་འགའ་ལྔ་ལམ་དུ་བརྫངས། ད་དུང་འགྲོ་ཁར་ཁྱེད་ནང་མི་ལྷག་ལུས་ཐམས་ཅད་ཀྱི་མིང་ཡང་བརྗེས། ད་ནས་བཟུང་ཁྱོད་ཀྱི་ཕ་རྒན་གྱི་མིང་ལ་ཁྱི་རྒན་དང་།་མ་མིང་ལ་ཁྱི་མོ། ཁྱོད་ཀྱི་མིང་ལའང་མངའ་བདག་ཆེན་པོ་ཞེས་འབོད་དགོས་ཞེས་བཙན་གྱིས་བཏགས་ན། བོད་རིགས་གུང་བྲན་ཚོས། འདི་ཅི་སྙམ་དུ་སེམས། ཞེས་པར། བོད་རིགས་འབའ་ཕུན་སོགས་་མིག་ལ་མཆི་མ་འཁྲིགས། མགྲིན་པ་བརྣངས་ཏེ་ལན་བྱ་བར་མ་ནུས་སོ།། །།གདུགས་ཚེ་ལགས་སུ།།
གྲོས་ཆོད་འདིར་ལམ་འགྲོ་མི་བྱུང་དོན་ངོ་མ་ནི་དབུ་མའི་ལམ་རེད། དབུ་ལམ་ད་ལྟ་འགྱུར་ནས་བོད་རྒྱ་འོག་ཏུ་ནམ་ཡང་སྡོད་ཀྱི་ཡིན་ལབ་ཀྱི་ཡོག་རེད།
ཐ་སྙད་འདིའི་རྩོད་གླེང་ལ་བརྟེན་ནས་ད་ལྟའི་ཐའེ་ཝན་དོན་གཅོད་ཟླ་བ་ཚེ་རིང་གིས་གདུགས་དཀར་ཚེ་རིང་༼ཁོང་སྤྱི་འཐུས་ལས་ཐོག་གི་སྐབས་སུ་༽ལ་ཁྲིམས་འགལ་ངང་ཁུ་ཚུར་བཞུས་པ་རེད། ཡིན་ན་ཡང་། ལས་བྱེད་དཀྱུས་མ་ཞིག་གིས་བོད་མི་མང་སྤྱི་འཐུས་ཤིག་ལ་ཁྲིམས་འགལ་གྱི་སྤྱོད་ངན་དེ་འདྲ་བྱས་ཀྱང་། འབྲེལ་ཡོད་གནད་ཡོད་ཀྱི་ལས་སྣེ་ཚོས་སྡིག་པ་མིག་བཙུམ་བརྒྱབ་ནས་ཟླ་བ་ཚེ་རིང་ལ་ཉེས་ཆད་ཙམ་ཡང་གཅོད་ཐུབ་མེད།
སྤྱིར་བཏང་དགྱ་ནག་གིས་ནན་གྱིས་ཆེད་སྤྱོད་བྱེད་པའི་བོད་མིང་གི་ཐ་སྙད་དེར་ལོ་རྒྱུས་དང་། ཆབ་སྲིད། བོད་ངོས་འཛིན་གང་ཅིའི་ཆ་ནས་གནད་འགག་ཅིག་ཅི་ནས་ཡོད་ཀྱང་། ཁ་བཤད་ཙམ་ལས་བོད་ལ་འགན་ཁུར་དང་སེམས་ཁྲལ་མེད་པའི་རྡ་སའི་ལས་སྣེ་མང་ཆེ་བས་རང་ངོ་མི་ཟིན་པའི་ནོར་འཁྲུལ་གྱི་ལས་དོན་དེ་འདྲ་བསྒྲུབས་དང་སྒྲུབ་བཞིན་བསྡད་ཡོད།
སྔོན་ཆད་མ་བྱུང་བ་ཡང་འདིར་བརྗོད་མེད།།ཆོས་སྲིད་མཁས་དབང་དེ་འདྲའང་བདག་མིན་ཏེ།།
རིང་ནས་ཡིད་ལ་བསམས་ཤིང་དཔྱད་པའི་དོན།།གྲོས་ཆོད་ཚུལ་གྱིས་བོད་ཀྱི་དོན་དུ་བཞག།
ཅང་ཤེས་མིན་པའི་རྟ་མཆོག་བང་རྩལ་ཅན།།གཡུལ་ངོར་ལྷུང་བའི་མཚོན་ཆ་རྣོ་དབལ་ཅན།།
ཤེས་རབ་དམན་པའི་བྱུང་རྒྱལ་འདོད་གཏམ་བཅས།།སུ་ཡི་གྲོགས་འགྱུར་ངེས་པ་གཞར་ཡང་མེད།།
རྒྱ་ནག་པ་ཡིས་མཐོང་ཚད་སྲིད་དོན་དང་།།རྒྱ་ནག་པ་ཡིས་བསམ་ཚད་སྲིད་དོན་རེད།།
རྒྱ་ནག་པ་ཡིས་བྱས་ཚད་སྲིད་དོན་ཆེད།།རྒྱ་ནག་པ་ཡི་ཡོད་ཚད་སྲིད་དོན་ཉིད།།
སྲིད་དབང་འཐོབ་ཆེད་རང་གི་ཕ་མ་གསོད།།རྒྱུ་ནོར་ཆེད་དུ་རང་གི་གཅེས་ཕྲུག་འཚོང་།།
རང་ཉིད་འཚོ་ཕྱིར་གཞན་རྣམས་ཚར་ཡང་གཅོད།།རྒྱ་ནག་པ་རྣམས་འཇིགས་རུང་སྲིན་པོ་ཉིད།།
སྲིད་དོན་གཡོ་སྒྱུའི་ཐབས་འཕྲུལ་སྣ་ཚོགས་ལས།།ཐ་སྙད་ཆོ་འཕྲུལ་རྒྱ་རུ་བཙུད་པ་རྣམས།།
མགོ་བོ་མགལ་མ་བཞིན་དུ་འཁོར་མཐོང་ནས།།རིག་པ་རྣལ་དུ་དབེབས་པའི་གཟུངས་འདི་བསྲིངས།།
གཟུར་གནས་དཔྱོད་ལྡན་སྟོང་ལ་འགྲན་བཟོད་ཀྱང་།།བླུན་པོ་ཨུ་ཚུགས་ཅན་གཅིག་འདུལ་ཐབས་ཟད།།
བདེན་པར་སྨྲས་ཀྱང་ལེགས་པར་མི་གོ་བའི།།སྡུག་བསྔལ་འདི་ཀོ་བདག་ལ་སུ་ཡིས་བྱིན།།
མགལ་མ་་མགལ་མེར་བཅོས། ཐུགས་རྗེ་ཆེ།
མགལ་མ་་མགལ་མེར་བཅོས། ཐུགས་རྗེ་ཆེ།
བར་ལམ་ལོ་འགའི་སྔོན་ཐ་སྙད་འདིའི་སྐོར་ལ། ཐེ་ཐན་དུ་རྩོད་གླེང་ཤུགས་ཆེ་བྱུང་བ་དྲ་ཐོག་ནས་ཤེས་རྟོགས་བྱུང་ཞིང་། མ་བསམ་ས་ནས་ཐེ་ཝན་བོད་ཀྱི་གྲོགས་པོ་台湾图博之友བའི་གཞུང་འབྲེལ་མིན་པའི་ཚོགས་པ་ཞིག་གིས་དབུ་ཁྲིད་དེ། 图博བེད་སྤྱོད་བྱེད་མགོ་བརྩམས་འདུག སྐབས་དེའི་བགྲོ་གླེང་ནང་། བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ནས་ཐ་སྙད་འདིའི་སྐོར་ལ་སྤྱི་མོས་གྲོས་བཞག་ཡོད་པ་དང་། གྲོས་ཆོད་ལག་ལེན་དུ་མ་བསྟར་བར་ལྷག་ཡོད་པ་མ་གཏོགས། གྲོས་ཆོད་ཕྱིར་འཐེན་གནང་མེད་པ་བཅས་གླེང་སློང་དང་དྲི་བ་མང་དུ་ཡོང་གི་ཡོད་པ་མཐོང་ནས། ཨ་རི་ནས་ཚོགས་དྲུང་ལས་ཁུངས་ལ་ཁ་པར་བརྒྱུད་འབྲེལ་བ་ཞུས་ཏེ། གྲོས་ཆོད་ངོ་བཤུས་ཤིག་མྱུར་འཕྲིན་བརྒྱུད་བསྐུར་གནང་ཡོང་བའི་རེ་བ་ཐེངས་འགར་ཞུས་ཀྱང་དོན་འབྲས་མ་སོན། ཉེ་ཆར་དྲ་ཐོག་ནས་གྲོགས་པོ་ཞིག་གིས་ཀྱང་གྲོས་ཆོད་དེ་འདྲ་ཞིག་ཡོད་རབས་ཐོས་ཙམ་ལས། མཐོང་རྒྱུ་མ་བྱུང་། ཞེས་དང་། གྲོས་ཆོད་དེ་དྲ་ལམ་དུ་འཇོག་ཐུབ་ན་གང་མང་མང་གིས་མཁྱེན་རྟོགས་ཡོང་རྒྱུར་ཕན་ངེས་རེད་ཅེས་སྐུལ་མ་གནང་ཡང་། སྐབས་དེར་རང་ཉིད་གཟུགས་པོ་བདེ་མིན་ཁར། ཡིག་ཆ་སོགས་ཅ་དངོས་རྙིང་རིགས་མང་ཆེ་བ་ད་དུང་ཆིས་ཁ་གྷོ་ན་ལུས་ཡོད་པས་བྱ་ཐབས་བྲལ། ཁ་སྔོན་ཞིག་ནས་གཟུགས་ཁམས་ཅུང་ཟད་བདེ་རུ་ཕྱིན་པ་དང་བསྟུན། ཡིག་ཆ་རྙིང་རིགས་རྣམས་ཀྱང་འདི་གར་འབྱོར་ཡོད་པ་རེ་རེ་བཞིན་བསྔོགས་སྐབས་གྲོས་ཚོགས་ཀྱི་ལས་རིམ་གསར་ཤོག་རྙེད་སོན་བྱུང་བ་དང་། དེ་མ་ཐག་གྲོས་ཆོད་སྔོན་གླེང་དང་བཅས་པ་བོད་ཡིག་གི་དྲ་ལམ་དུ་བསྟར་བ་མ་ཟད། རྒྱ་ནག་སྐད་དང་དབྱིན་སྐད་དུའང་བསྒྱུར་ཏེ་སོ་སོར་དྲ་ལམ་དུ་བཞག་ཡོད།
འདིར་གསལ་ཁ་དོད་ནས་བརྗོད་འདོད་པ་ནི། འདི་ནས་ད་བར་རང་གིས་ཤེས་ཚོད་དང་འཇོན་ཚོད་ཀྱིས་གང་བཤད་པ་དང་གང་བསྒྲུབས་པ་ཚང་མ། བོད་སྤྱི་བའི་བདེ་དོན་འབའ་ཞིག་ལ་དམིགས་པ་མ་གཏོགས། གང་ཟག་སྒེར་གྱི་ཐོབ་ཤོར་དང་ལ་རྒྱ་རྩོད་འདོད་མེད་ལ། དེ་འདྲའི་རྒྱ་ལས་སྔ་མོ་ཞིག་ནས་ཐར་ཟིན་ཏེ། ད་ཆ་རེ་དོགས་ཅི་ཡང་མེད་པ་བཏང་སྙོམས་ཚད་མེད་པའི་ངང་ལ་གོམས་ཤིང་གནས་པའི་ཐབས་ལ་མཉམ་པར་འཇོག་བཞིན་པ་ལགས་ན། གཞིས་བྱེས་བོད་མི་ན་གཞོན་ཤེས་ཡོན་པའི་སྡེ་ནས་གནད་དོན་འདི་གནད་དོན་ཞིག་ཏུ་མཐོང་མིན་དང་། མཐོང་ན་ཐག་གཅད་ཐབས་ཅི་དགེའི་སྐོར་ལ། འདི་ནས་སྙན་སེང་ཞུ་བར་བྱ་བ་ཅི་ཡང་མ་མཆིས་པ་བཅས་དེ་དོན་དགོངས་འཇགས་འཚལ།
སྤྱི་ཟུར་མིང་ཅན་གདུགས་དཀར་ཚེ་རིང་གིས། ཕྱི་ལོ་2014 ཟླ་5 ཚེས་28 ལ།
གདུགས་དཀར་ཚེ་རིང་འདི་ལ་བོད་མི་མང་གི་སྤྱི་འཐུས་ལ་ཚང་དགོས་པའི་བསམ་བློ་གོ་རྟོགས་མི་ཚང་བ་མ་ཟད་རྒྱ་བོད་ཡིག་གི་ཆུ་ཚད་ཀྱང་དེ་བཞིན་ནོ།།
# 18 གདུགས་དཀར་ཚེ་རིང་།་ལགས་ཀྱིས་མཆན་བཏབ་པ།:
May 25th, 2014 at 3:25 PM
སྔོན་ཆད་མ་བྱུང་བ་ཡང་འདིར་བརྗོད་མེད།།ཆོས་སྲིད་མཁས་དབང་དེ་འདྲའང་བདག་མིན་ཏེ།།
རིང་ནས་ཡིད་ལ་བསམས་ཤིང་དཔྱད་པའི་དོན།།གྲོས་ཆོད་ཚུལ་གྱིས་བོད་ཀྱི་དོན་དུ་བཞག།
་་་་་་་་་་
སྲིད་དབང་འཐོབ་ཆེད་རང་གི་ཕ་མ་གསོད།།རྒྱུ་ནོར་ཆེད་དུ་རང་གི་གཅེས་ཕྲུག་འཚོང་།།
རང་ཉིད་འཚོ་ཕྱིར་གཞན་རྣམས་ཚར་ཡང་གཅོད།།རྒྱ་ནག་པ་རྣམས་འཇིགས་རུང་སྲིན་པོ་ཉིད།།
་་་་་་་་་་་
ཞིང་གཤེགས་ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་དང་། ཞིང་གཤེགས་ཨ་ལགས་དམུ་དགེ་བསམ་གཏན་ཚང་གིས་མཚོན། བོད་གཞིས་བཞུགས་མཁས་དབང་དུ་མའི་དགོངས་བཞེད་ཅི་ཡོད་བཙན་དབང་འོག་མངོན་དུ་འགྱུར་བའི་གོ་སྐབས་མེད་སྟབས། སྐྱབས་བཅོལ་ནང་ཐག་ཆོད་ན་སྙམ་ནས་རེ་བ་ཞིག་བརྒྱབ་པ་རེད་དེ། བསམ་ཐོག་ལ་མ་སོང་བ་རེད། དེ་གཅིག་ཡིན། གཉིས་ནས་ད་བར་དུ་ང་མཁས་པ་ཡིན། འཇོན་པོ་ཡིན་ཞེས་དུས་ནམ་ཡང་ལབ་མ་མྱོང་། གསུམ་ནས་ང་སྔོན་མ་ཉིག་ཡོག་ལ་ཡོད་དུས་མདོ་སྨད་མི་མང་གིས་ང་མདོ་སྨད་སྤྱི་འཐུས་སུ་བདམས་འདུག་ཟེར་བ་གོ་མ་ཐག ངས་ཡོང་གི་མ་རེད། དགོངས་པ་ཞུ་རྒྱུ་ཡིན། རྒྱུ་མཚན་ནི། ང་དེ་དུས་ལོ་ན་གཞོན་གཞོན་རེད། ད་དུང་མུ་མཐུད་དུ་སློབ་སྦྱོང་བྱ་འདོད་ཆེན་པོ་ཡོད། ལྷག་པར་དུ་དབྱིན་ཇིའི་སྐད་ཡིག་རང་རྐྱ་འཕེར་བ་ཞིག་ངེས་པར་དུ་སྦྱང་དགོས་བསམ་ཡོད་ཀྱང་། ཕ་ཡུལ་གཅིག་པ་ཚོས། དེ་འདྲ་མ་ཟེར། སྤྱི་འཐུས་ལ་འདུག་རྒྱུ་བྱོས། དབྱིན་ཇི་ཞོར་དུ་སྦྱང་ཆོག་གི་རེད། ཅེས་ནན་ཏན་བྱས་པར་བརྟེན་ཁས་བླངས་པ་རེད་མ་གཏོགས། ང་ལ་ཤེས་འཇོན་ཡོད། ང་ལ་གོ་རྟོགས་ཡོད་ཅེས་དང་བས་བླངས་ནས་སྤྱི་འཐུས་ཆགས་པ་དེ་འདྲ་མ་རེད། རྒྱ་ཡིག་དབྱིན་ཡིག་ཀྱང་གོ་བརྡ་འཕྲོད་ཙམ་དང་རང་མགོ་ཐོན་ངེས་ཡོད།
མ་གཞི་ནས་སྐད་ཡིག་སྣ་འགའ་ཤེས་པ་ཙམ་གྱིས་ཧ་ལས་པ་དེ་འདྲ་ཅང་མ་རེད། སྐད་ཡིག་གང་ཡང་རུང་བ་དེ་ལ་བརྟེན་ནས་དོན་ཟབ་མོ་རྒྱ་ཆེ་བ་ཞིག་རྟོགས་ན། ད་གཟོད་ཧ་ལས་པ་དང་། ངོ་མཚར་ཆེ་བ་རེད། རྗེ་མི་ལ་རས་པས། བརྗོད་མེད་ཀྱི་དོན་ཞིག་མ་རྟོགས་ན། ཐ་སྙད་འདི་བརྗོད་ཀྱིས་ག་ལ་ལང་། གསུངས་ཡོད་པ་དྲན་ནམ། རང་གི་མིང་གི་དག་ཆ་ཙམ་ཡང་མི་ཤེས་མཁན་མང་བོ་འཇའ་ལུས་འཕོ་བ་ཆེན་མོར་དྭངས་པའི་རྣམ་ཐར་དུས་ད་ལྟའང་མཐོང་བ་མངོན་གྱུར་བྱུང་བ་ལ་སོམས་ལ་ཁེངས་པ་སྐྱུངས་ཤིག
གོ་རྟོགས་མཐོན་པོ་དང་། རྒྱ་བོད་དབྱིན་གསུམ་ལ་མཁས་པ་ཡོད་ན་ད་ལྟའི་གཉན་འཕྲང་གི་དུས་ཚོད་འདིར་དགོས་མཁོ་ཧ་ཅང་ཆེན་པོ་རེད། ཅོག་མྱི་ཟེར་བ་ཁྱེད་རང་ཡང་འཇོན་ན། སྤྱི་འཐུས་དང་། བཀའ་བློན། ད་དུང་སྲིད་སྐྱོང་གི་ཞབས་སྟེགས་དེ་ཚོ་དུས་ནས་དུས་སུ་སྟོང་བ་ཐོན་ཡོང་གི་རེད། འཇོན་ཐང་དང་མཁས་རྟགས་སྟོན་པའི་གོ་སྐབས་ཧ་ཅང་མང་བོ་རེད།
གོ་རྟོགས་མི་འདུག ཤེས་ཚད་མི་འདུག་ཅེས་གཞན་ལ་འཕྱ་དགོས་དོན་ཡོད་པ་མ་རེད། རང་གིས་གནང་ན་འགྲིག་གི་རེད།
སུ་གང་གིས་ཁྱེད་རང་བཀྱིགས་ནས་བསྡམས་བཞག་ཡོད་རྒྱུ་མ་རེད། དེ་ཙམ་གྱིས།
་་་་་་་ རྒྱ་ཡིག་དབྱིན་ཡིག་ཀྱང་གོ་བརྡ་འཕྲོད་ཙམ་དང་རང་མགོ་ཐོན་ངེས་ཡོད། ་་་་
་
་་་་་་་ རྒྱ་བོད་དབྱིན་གསུམ་ལ་མཁས་པ་ཡོད་ན་ད་ལྟའི་གཉན་འཕྲང་གི་དུས་ཚོད་འདིར་དགོས་མཁོ་ཧ་ཅང་ཆེན་པོ་རེད། ་་་་་་་་་་
# 24 གདུགས་དཀར་ཚེ་རིང་ལགས་ཀྱིས།
རང་སེམས་ཁེངས་པར་གྱུར་བ་ལ།།གཞན་ལ་འགྲན་སེམས་སྨད་པའི་བློ།།ང་རྒྱལ་དྲག་པོའི་སེམས་སྐྱེས་པས།།བདག་གཞན་འཐབ་རྩོད་སྡུག་བསྔལ་མྱོང་།།ལས་དེའི་འབྲས་བུ་སྨིན་པའི་ཚེ།།འཕོ་ལྟུང་མྱོང་བའི་ལྷ་རུ་སྐྱེ།།ཀུན་ཏུ་བཟང་བོའི་སྨོན་ལམ་གྱིས།།འགྲན་སེམས་འཐབ་རྩོད་སྐྱེས་པ་རྣམས།།དགྲར་འཛིན་མི་བྱ་རང་སོར་ཀློད།།རིག་པ་རང་སོ་ཟིན་གྱུར་ནས།།མཉམ་པ་ཉིད་ཀྱི་དོན་རྟོགས་ཤོག།
གདུགས་དཀར་པོ་འདྲ་བའི་ལྷག་བསམ།
ས་ནག་པོ་ལྟ་བུའི་ཁ་བརྡར།
རླུང་སེམས་ཤུགས་ཀྱིས་ཕངས་དུས།
སྒེར་ནག་ནོག་བྱུང་བ་ཆོད་ཉིད།
བསམ་རྒྱུ་བོད་དོན་བསམས་ནས་བྲིས།
ཡོང་རྒྱུ་ཕྲག་མདོག་བསླེབས་ནས་བསུབ།
འབྲི་མཁན་དྲང་མོ་མདའ་རྣོན་པོ།
ཀློག་མཁན་ཀྱོག་ཀྱོག་འབེན་ལ་ཕོགས།
བོད་པ་ཚང་ལ་མཁས་པ་ཉུང་།
དེ་བས་བློ་དཀར་མཆན་པ་ཉུང་།
ནག་པོ་འདྲེ་ཡི་ཁ་བརྡ་ཚང་།
དཀར་པོ་ལྷ་ཡི་གནས་མ་ཡིན།
གདུགས་དཀར་མ་བཞུགས་གདུགས་དཀར་ཕེབས།
གདུགས་དཀར་བློ་དཀར་ཡུལ་ལ་ཕེབས།
ཁ་བརྡ་ཞེ་སྡང་འཇིགས་རུང་ཡུལ།
བུ་ཁྱེད་ཆོས་ལ་བར་ཆད་ཡོང་།
གཏམ་སྙན་མོ་མ་གཏོགས་ཁ་བརྡའི་ནང་དག་མཆན་རག་གི་མེད་ཚོད་འདུག་པས། རྩོམ་པ་པོ་མཆོག་གི་རྩོམ་ཡིག་དཔེ་ཡག་པོ་འདུག ཕལ་ཆེར་ཡག་ཤོས་ཡིན་ས་རེད། ཨ་ལ་ལ།
ཨ་རོགས་གདུགས་དཀར་ཚེ་རིང་། མིང་བཏགས་རེད་ཟེར་ནས་ཁབ་བཙགས་འབུག་བཙགས་བྱས་པ་ཡིན། འདི་མོ་་ཟིག་གིས་རྣ་མི་འཁྱག་ན་ད་ཨ་ཅང་ཅང་རེད། སྐྱེས་ཕོ་རབ་ཟངས་ཁོག་བཅོ་བརྒྱད་དང་། 宰相肚里能撑船 ཟེར་ལེ་རེད། རང་གིས་བྲིས་བའི་རྩོམ་ལ་ལྟོས་དང་ད་གཟོད་བིས་ཟིང་གིས་ཅི་ཡིས་ཕྱིར་དུ་སྐྱོན་བརྗོད་བྱས་པ་ཤེས་ཐུབ། དེ་ཕྲག་དོག་གི་གནད་དོན་མ་རེད། ཕྲག་དོག་བྱེད་དགོས་པ་ཞིག་ཁྱེད་ཀྱིས་ལས་ཡོད་ན་ང་དགའ་ནི་ཡིན།
ང་ལ་ཁབ་དང་འབིགས་ཙམ་མ་ཟད། མདུང་གིས་བརྒྱབ་ནའང་བཟོད་ཐུབ་རྒྱུ་རེད་དྲན། རྒྱུ་མཚན་ནི་ང་ནི་བོད་མི་རིགས་འདི་ལ་ཆབ་སྲིད་ཀྱི་ཐོག་ནས་བརྩེ་བ་ཆེན་པོ་ཡོད་མཁན་ཞིག་དང་། རྗེས་སུ་ཆོས་ཕྱོགས་ནས་ཀྱང་བརྩེ་བ་ཟབ་མོ་ཡོད་མཁན་ཞིག་ཡིན་པས། སྤྱིར་ནང་བ་ལ་ཕྱི་རོལ་ན་དགྲ་ཟེར་བ་ཞིག་གཏན་ནས་མེད་པ་དང་། ལྷག་པར་དུ་ཚེ་འདིའི་སྐྱེས་ཡུལ་བཟང་བོ་བོད་ཁ་བ་ཅན་གྱི་སྤུན་ཟླའི་ནང་ན། ང་དང་ཁྱོད་ཞེས་ཞེན་ཁ་ཕྱོགས་རིས་དང་། ཚར་གཅོད་རྗེས་འཛིན་བྱ་ཡུལ་ཞིག་ནམ་ཡང་མེད་པར་ཡིད་ཆེས་བརྟན་པོ་ཡོད་མཁན་ཞིག་ཡིན། ངས་འདི་ནས་མཆན་བུ་རེ་འདེབས་དོན་ནི། གྲོས་ཆོད་གལ་ཆེན་འདིའི་ལྗིད་ཁོག་དང་། བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་ཆེ་མཐོང་གཟི་བརྗིད་སྲུང་འཛིན་བྱ་འདོད་ཁ་ོ་ན་ལས་གཞན་དམིགས་བྱ་ཅི་ཡང་མེད།
ང་ཚོའི་མི་རབས་རྒན་པ་ཚོ་རིམ་པས་རྫོགས་འགྲོ་ཡི་ཡོད་པ་རེད། ང་ཚོ་ཡང་རིམ་པས་རྒས་འགྲོ་ཡི་ཡོད་པ་རེད། མཐའ་མ་འགྲོ་ས་ཚང་མ་གཅིག་རེད། འདི་འཇིག་རྟེན་ཆོས་ཉིད་རེད། ཡིན་ནའང་མི་ཤི་རྗེས་རོ་ས་འོག་དང་གཏམ་ས་ཁར་བསྡད་ཀྱི་རེད། མ་འོངས་པའི་གཞོན་སྐྱེས་ཚོས་ང་ཚོའི་འདས་པ་དང་ད་ལྟའི་བྱུང་རབས་གནས་ཚུལ་ཚང་མར་ཕྱོགས་ཡོངས་ནས་དོ་སྣང་དང་ཞིབ་འཇུག་ཏན་ཏན་གནང་གི་རེད། དེ་དུས་གྲོས་ཆོད་འདིའང་ཚུལ་ཇི་ལྟར་བཞག་པ་དང་། གྲོས་འཆར་འདོན་མཁན་དང་རྒྱབ་སྐྱོར་གནང་མཁན་སུ་ཡིན་དང་། གྲོས་འཆར་འདོན་མཁན་གྱི་ལོ་རྒྱུས་དང་། ལྷག་བསམ། ཀུན་སློང་། ཤེས་ཚད། འཇོན་ཐང་། རྒྱུ་མཚན་ལ་སོགས་པར་དོ་སྣང་ཡོང་གི་རེད། གལ་ཏེ་གྲོས་འཆར་འདོན་མཁན་གང་ཟག་དེ་ལྷག་བསམ་དང་ཤེས་འཇོན། བཟང་སྤྱོད་བཅས་ཀྱི་ཐད་ནས་ཚད་ལྡན་མིན་པའམ་སྐྱོན་ཅན་ཡིན་པ་ལྟ་བུ་ཆགས་ན། གྲོས་ཆོད་འདིའི་ལྗིད་ཁོག་དང་གལ་ཆེན་རང་བཞིན་ལ་དོ་ཕོག་འགྲོ་ངེས་མ་ཟད། དེ་ལྟ་བུའི་སྤྱི་འཐུས་འདེམས་མཁན་སྐབས་དེའི་མདོ་སྨད་མི་མང་གི་མཚན་མཐོང་ལའང་ཏན་ཏན་གནོད་ངེས་རེད་བསམས་ཏེ་ཡིན་ལུགས་རགས་ཙམ་བརྗོད་འདོད་བྱུང་།
གཏམ་དཔེར། གོམ་གསུམ་གོམ་པ་མ་སྤོས་ན། བདེ་མོའི་ཐང་ལ་མི་བསླེབས། ཚིག་གསུམ་སྐད་ཆ་མ་བཤད་ན། བདེན་རྫུན་དབྱེ་ཐག་མི་ཆོད།
ཟེར་བ་ལྟར་། ཤིན་ཏུ་མདོར་བསྡུས་ནས་བཤད་ན། ང་སྐྱེས་ཡུལ་མདོ་སྨད་རེབ་གོང་ཡིན། ལོ་བདུན་ཙམ་ནས་རིམ་པས་སློབ་གྲྭ་ཆུང་འབྲིང་ཆེ་གསུམ་འགྲིམས་ཏེ། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་རྗེས། བོད་རྒྱ་སྐད་གཉིས་ཀྱི་ཤེས་ཚད་རྩེར་སོན་པ་ཞིག་དགོས་པའི་རེ་འདུན་བྱུང་བ་ལྟར། དྲིན་ཆེན་དགེ་རྒན་རྣམ་པས་ངའི་མིང་ནས་བཏོན་ཏེ་མཚམས་སྦྱར་བ་ལྟར་མཚོ་སྔོན་བོད་སྐད་རླུང་འཕྲིན་ཁང་དུ་མངགས་ནས་ལོ་ལྔ་ཙམ་ལ་གསར་འགོད་པ་དང་། རྩོམ་སྒྲིག་པ། ལོ་ཙཱ་བ་བཅས་ཀྱི་ལས་ཀ་བྱས།
༡༩༨༨ ལོར་ཡོད་ཚད་བློས་བཏང་སྟེ་གསང་སྟབས་ཀྱིས་རྒྱ་གར་དུ་བཙན་བྱོལ་ལ་འབྱོར། ༧གོང་ས་མཆོག་དང་བོད་གཞུང་གི་བཀའ་འབྲེལ་ལྟར།སུད་སིེར་མཉམ་འབྲེལ་ཚོགས་འགྲོ་བ་མའི་ཐོབ་ཐང་ཚོགས་ཆེན་ལ་ཟུར་ཞུགས་དང་འབྲེལ་ནུབ་ཕྱོགས་རྒྱལ་ཁབ་ཁག་བརྒྱད་དུ་ངོ་བསྐྱོད་ཀྱིས། གཞིས་ལུས་བོད་རྒྱ་ཆེའི་མི་དམངས་ཀྱི་ལུས་སེམས་སྡུག་བསྔལ་རྣམས་འཛམ་གླིང་མི་དམངས་ཀྱིས་མཁྱེན་རྟོགས་ཡོང་ཐབས་བྱས། དེ་མུར་ཨ་རིར་བསྡད་ཀྱང་ཆོག་མོད། མདོ་སྨད་མི་མང་གི་རེ་བ་སྟོང་ཟད་དུ་མི་འགྲོ་ཆེད། རྒྱ་གར་དུ་ལོག་ནས་སྤྱི་ལྷན་སྐབས་བཅུ་གཅིག་པ་དང་། སྐབས་བཅུ་གཉིས་པ། སྐབས་བཅུ་གསུམ་པ་བཅས་ཀྱི་ལས་ཁུར་ཞུ་མུས་སུ། དོལ་རྒྱལ་རྗེས་འབྲངས་པ་ཚོས་དགྲ་ཡི་དྭངས་མར་རྩིས་ཏེ་བསུན་གཙེར་རྒྱུན་མི་ཆད་དུ་བྱུང་བས། བཟའ་ཟླ་བུ་ཕྲུག་གི་སྲོག་མགོ་ཐོན་དཀའ་བའི་གནས་སུ་གྱར་ཏེ། མི་འདོད་བཞིན་དུ་ཨ་རིར་སྐྱབས་བཅོལ་དུ་ཡོང་དགོས་བྱུང་ནས་སྤྱི་འཐུས་ཀྱི་ལས་ཁུར་མཇུག་བསྐྱང་མ་ཐུབ་པ་ནི་ཤིན་ཏུ་བློ་ཕམ་གྱི་རང་བཞིན་དང་།
གང་ཟག་སྒེར་བ་ཞིག་གི་ངོས་ནས། གྱི་ན་བ་བདག་ལྟ་བུར་མི་གཞན་གྱིས་ག་རེ་ལབ་ཀྱང་ཁྱད་པར་མེད་མོད་། གྲོས་འཆར་འདོན་མཁན་ལ་ཤེས་ཚད་དང་གོ་རྟོགས་མེད་ཚུལ་སོགས་ཕྱོགས་ཕྱོགས་སུ་མཚམས་མེད་པར་ཡང་ཡང་བསྒྲགས་ན། གླེང་ཕྱོགས་ཀྱི་ནུས་པའང་བསམ་གྱིས་མི་ཁྱབ་སྟེ། སྐྱག་རྫུན་ཐེངས་བརྒྱར་བསྐྱར་ན་བདེན་པ་ཆགས་ཞེས་དང་། མྱི་ཁ་གླེང་གཞི་ངན་པས་མཚམས་རེར་མྱི་གསོན་པོར་གསོད་ནུས་པ་ཡིན་པས་ན། རང་ཉིད་ཀྱི་ཡིན་ལུགས་བརྗོད་པར་འདོད་པ་ཙམ་དུ་བལྟ་བར་བྱའོ།།
བདག་ལ་བརྡེག་འཚོག་མི་སྙན་སྒྲོགས་བྱེད་པའང་།།ཐམས་ཅད་བྱང་ཆུབ་ལམ་གྱི་སྐལ་ལྡན་ཤོག།
དོལ་རྒྱལ་རྗེས་འབྲངས་བ་སུ་སུས་ཁྱེད་ལ་དེ་འདྲའི་སྲོག་མི་བདེ་བའི་ལས་བྱས་སོང་། མྱི་གྲིབ་མ་གཉིས་ཀ་བོར་སོང་བ་དེ། དེ་འདྲ་ཞིག་ལ་ཐུག་ཡོད་པ། དེ་རིང་མ་གཏོགས་གཅིག་གོ་ན་གཤིན་རྗེ་ཆོས་རྒྱལ། དོལ་མྱི་དེ་ཚོ་སུ་སུ་ཡིན་པའི་མྱིང་དང་མྱི་ངོ་འཕྲོད་ན། ཡོད་ཚད་ཀྱི་བདེ་འཇགས་ལ་ཕན་པས། སྐུ་ངོའི་བདེ་འཇགས་ལ་མི་གནོད་ན། མྱི་ནག་མྱིང་ནག་ཅན་དེ་ཚོ་བཏོན་ཤོག་དང་། སྐུ མཁྱེན། ཕལ་ཆེར་སྤྱི་འཐུས་བཀའ་ཤག་གཡས་གཡོན་ན་མེད་འགྲོ་བསམ་པའི་གྲུང་བརྡ་(alert)སྤྲད་སོང་། ཆེས་གཟབ་དགོས་སའི་ཁོར་ཡུག་དེ་ཇི་ཙམ་གཙང་ན་དེ་ཙམ་གྱིས་ཡག་པོ་ཡོད་པས། འཇུ་ས་འཛིན་ས་ཡོད་ནི་ཞིག་བྱེད་རྒྱུ་ཁྱོད་ལ་ཐུག་སོང་། ཨ་མའི་བུ། གདུགས་དཀར་པོས་སྲུང་རྒྱུའི་གདུགས་དཀར་ཚེ་རིང་།
སྲིད་འབྱོར་དམག་གི་རྩ་བ་མ་སྐྱེས་གོང་།
གྲོས་ཆོད་གྲོས་གཞིའི་ལོ་ཏོག་ཚར་དུ་དངར།
ཨེ་མ་མདོ་སྨད་སྤྱི་འཐུས་གན་དོ་ལ།
སྲིང་དབང་བཀོལ་སྤྱོད་གནང་བ་མ་སྔའམ།
གོང་གསལ་གྲོས་ཆོད་དང་དེའི་འཕྲོས་དོན་ལ་འབྲེལ་མི་ཆགས་ཀྱང་། མིང་དགོས་ན་དེ་ལས་སླ།
གངས་ཅན་བླ་མ། ང་བླ་མ་བློ་བཟང་ཡེ་ཤེས། གྲྭ་སྒོམ་བླ་མ། ལྡི་ལི་དོལ་ཚོགས་བོད་དྲུང་ཕག་རི་བ་ཕུན་ཚོགས། བལ་ཡུལ་དོལ་ཚོགས་གཙོ་བོ་ཆོས་མཛད་བསྟན་རྒྱས་སམ་རྣམ་རྒྱལ་ལཱ་མ། དེའི་ཚོགས་གཞོན་དམན་ལྷག་པའམ་ཝ་སུན་དྷ་ར། བལ་ཡུལ་གནས་སྡོད་ཆ་ཕྲེང་སྟོབས་རྒྱས་དང་། དཀོན་མཆོག་རྒྱལ་མཚན། བློ་བཟང་ཐོགས་མེད་ལ་སོགས་དང་། ཉེ་ལམ་༧གོང་ས་མཆོག་གང་དུ་ཆིབས་སྒྱུར་གནང་ཡུལ་ཚང་མར་མངོན་གསལ་དོད་པོས་མདུན་དུ་ཐོན་ནས་ངོ་རྒོལ་སྐད་འབོད་བྱེད་མཁན་དྲ་ལམ་དུ་ཐོན་པའི་པར་ཁག་གི་ནང་ན་ཤིན་ཏུ་གསལ་བོར་ཡོད་པ་དེ་དག་རེད། རྒྱས་པར་མཁྱེན་འདོད་ན་་མདོ་སྨད་དྲ་བའི་དོལ་ཚོགས་དང་རྒྱ་ནག་གཞུང་བར་གྱི་འབྲེལ་བ་་ཞེས་པར་གཟིགས།
ཞར་ལ། སྐབས་དེའི་བྱུང་བ་སྐྱུར་མོ་དག་གི་ཟུར་ཆ་ཙམ་ཞིག་འདིར་བརྗོད་པར་འདོད་དེ། ཅི་ལགས་ཤེ་ན། བར་ལམ་གློ་བུར་དུ་ན་ཚ་ལྗིད་མིན་ཡང་མིན་ཞིག་བྱུང་བའི་རྐྱེན་གྱིས། རང་གི་འདས་པའི་བྱུང་བ་དེ་ཚོ་ཡིག་ཐོག་ཏུ་འཇོག་མ་ཐུབ་ན། ཉིན་ཞིག་ནག་མེད་སེར་སོང་དུས། སུ་གང་གིས་མི་ཤེས་པའི་གསང་བ་ཞིག་ཏུ་མི་འགྱུར་གྲང་སྙམ་དུ་སེམས་ནས། ཡི་གེ་གཏག་ཡུན་རིང་ན་ཕྲག་སྟོད་ལ་ཟུག་རྒྱག་པ་དང་ཐང་ཆད་པའི་ཚོར་བ་ཤིན་ཏུ་ཆེ་ཡང་། འདིར་ཅུང་ཟད་སྤྲོ་བའི་ངལ་བ་བསྟེན་པར་བྱ།
སྐབས་དེར། ༧རྒྱལ་བའི་ཕོ་བྲང་གི་སྐོར་ལམ་དང་། མེག་གྷན་སྲང་ལམ་གཡས་གཡོན། གངས་སྐྱིད་ཀྱི་རྩིགས་ངོས་གང་སར་ང་རང་ཐེ་བའི་མི་མང་བོ་ཞིག་གི་མིང་བཏོན་ནས། འདུག་ཚོད་མ་བཟུང་ན། མཚན་ཉིད་གྲྭ་ཚང་གི་དགེ་བཤེས་དམ་པ་སོགས་ནང་བཞིན་མགོ་གོག་ཐང་ལ་ལྷུང་ངེས་ཟེར་བ་སོགས་འཇིགས་སྐུལ་སྦྱར་ཡིག་དང་། ཚོགས་དྲུང་ལས་ཁུངས་ཀྱི་Faxཐོག་བཏང་བའི་ཡི་གེ་སོགས་འདི་ན་ད་དུང་ཉར་ཡོད་པ་དག་ལས་རོབ་ཙམ་ཤེས་ཐུབ། ཡིག་གྱར་ཁ་ཤས་མཐོང་བ་ཙམ་གྱིས་ཞུམ་འགྲོ་བ་དེ་འདྲ་ཞིག་མིན་ཡང་། ཁ་བ་ཅན་མགྲོན་ཁང་གི་རང་ཤག་ཕྱི་རོལ་གྱི་སྒེའུ་ཁུང་བརྒྱུད་ལག་སྒྲོན་གྱི་འོད་ལ་བརྟེན་ནས་ཡང་ཡང་བལྟ་བ། དེ་མ་ཐག་ལྕགས་དབྱུག་ཁྱེར་ནས་ཕྱི་ལ་བལྟ་རུ་སོང་སྐབས། སུ་གང་མཐོང་རྒྱུ་མེད་པ་དེ་འདྲ་ཐེངས་འགར་བྱུང་བ་དང་། ཞོགས་པར་ལངས་ནས་ཁང་བའི་ཕྱི་ལ་བལྟ་རུ་འགྲོ་དུས་ཐ་མག་འཐེན་འཕྲོ་འགའ་རེ་སྒེའུ་ཁུང་འགྲམ་དུ་གཡུགས་ཡོད་པ་ཡང་མཐོང་ནས། རང་གཞུང་བདེ་སྲུང་ལས་ཁུངས་ལ་དེ་དོན་སྙན་སེང་ཞུས་པ་ཡིན། ཆབས་ཅིག་སྔས་འགྲམ་དུ་ལྕགས་དང་ཤིང་གི་དབྱུག་པ་རེ་རྒྱུན་དུ་གྲ་སྒྲིག་ཡོད་ཡོད་པ་ཡིན། ཉེན་ཁ་འདྲ་བྱུང་ན་རང་ཉིད་དང་རང་གི་བཟའ་ཚང་ངེས་པར་དུ་སྲུང་སྐྱོབ་ཐུབ་དགོས་པ་རང་གི་འགན་ཡིན་སྟབས། དེ་འདྲ་མི་བྱེད་ཀ་མེད་རེད།
ཐེངས་ཤིག་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་སྤྱི་འཐུས་མཚམས་གཟིགས་ཕྱོགས་བསྐྱོད་སྐབས། ཕ་ཡུལ་གཅིག་པ་འགས་མགྲོན་དུ་བོས་པ་ལྟར་བཅར་སྐབས། ཁོང་ཚོས་ང་ལ། དེང་སང་ཁྱེད་རང་ལ་དགྲ་མང་དུ་འགྲོ་བ་གོ་ནས་བློ་མ་བདེ་བར་ཡོད། འདི་ངེས་པར་དུ་ཉར་རོགས། སེམས་ཆུང་བྱོས། ཞེས་རྒྱ་མིའི་དམག་མིའི་མེ་མདའི་རྩེ་གྲི་ཞིག་ལག་ཏུ་གཏད་བྱུང་བ་རྗེས་སུ་གངས་སྐྱིད་ནས་ལས་ཁུངས་ལ་འགྲོ་དུས་རྟག་ཏུ་ལག་ཁུག་ནང་ཡོད་ཡོད་པ་ཡིན། དེ་འདྲ་ཡིན་དུས། ངའི་བཟའ་ཟླ་རྟ་མགྲིན་འཚོས་ཀྱང་ང་ལ། འོ་་་ད་ཁྱོས་ར་གྲི་འདོགས་དགོས་ན། ཉི་མ་ཞིག་ ༧རྒྱལ་བ་རིན་པོ་ཆེ་ནས་ཀྱང་གྲི་འདོགས་དགོས་པ་ཆགས་རྒྱུ་ཡ་རེད་་་ལབ་པ་རེད། ཁོང་མོ་ད་ལྟ་མི་མ་ཤི་གསོན་པོར་ཆིས་ཁ་གྷོ་ན་ཡོད་པ་རེད། སྐད་ཆ་དྲིས་ཆོག་གི་རེད། ངའི་ཚ་བོ་ཟོན་ཐར་རྒྱལ། དེང་སང་བྷེལ་རྗེམ་ན་ཡོད། ཉིན་ཞིག་ཁོང་ཚོ་ཕོ་གསར་སྐོར་ཞིག་ངའི་ཤག་ཏུ་ཡོང་སྟེ། ང་ཚོས་ད་ནས་བཟུང་མཚན་མོར་མགྲོན་ཁང་གི་མཐའ་ནས་སྲུང་རྒྱུ་བྱས་པ་ཡིན་ཟེར། ངས་དེ་མ་ཐག གལ་ཏེ་འདིར་ཡོང་ནས་མཚན་ལ་གཉིད་ཁུག་ཏུ་མི་འཇུག་ན། ངས་ཐོག་མར་རྒྱུགས་པས་ཁྱོད་ཚོར་རྡུང་ཁོ་ཐག་ཡིན་ཞེས། གཤེ་གཤེ་ཡག་ཐག་ཆོད་བཏང་ནས་མར་བསློགས་པ་ཡིན།
རྒྱུ་མཚན་ནི། འདི་༧རྒྱལ་བའི་བཞུགས་སྒར་ཡིན་སྟབས་རྙོག་དྲ་བཟོ་འདོད་མེད་པ་དང་། སྐབས་དེར། ང་རང་ཡང་ཤ་དར་ཁྲག་དར་རྐང་རྩལ་ལག་རྩལ་ཡག་ཐག་ཆོད་ཡོད་པའི་དར་མ་ཞིག་ཡིན་པས། གལ་ཏེ་རང་གི་ཁང་བའི་ནང་ལ་རྒྱུགས་ཡོང་མཁན་ཞིག་བྱུང་ན། གཅིག་བྱུང་ན་གཅིག་དང་། གཉིས་བྱུང་ན་གཉིས། གསུམ་བྱུང་ན་གསུམ་རེ་རེ་བཞིན་ཏག་ཏག་བཟོ་ཐུབ་ངེས་ཀྱི་ཡིད་ཆེས་དང་བློ་ཁོག་ཆ་ཚང་ཡོད་པའི་ཕྱིར་ཡིན།
ད་དུང་དེ་ཡིས་ག་ལ་ཚད། གཞིས་བྱེས་བོད་མི་ས་ཡ་དྲུག་གི་སྐུ་ཚབ་གདན་འཛོམས་ཆེན་པོ་བོད་ཆོལ་ཁ་གསུམ་དང་ཆོས་བརྒྱུད་ལྔའི་འཐུས་མི་ཚང་མ་ཁྲ་ལམ་མེར་བཞུགས་པའི་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་རྒྱས་འཛོམས་སར་ཡང་རྙོག་དྲ་འདི་རིགས་མི་འདོད་བཞིན་དུ་གླེང་དགོས་ཐུག་པ་རེད། སྤྱི་འཐུས་སྒེར་གྱི་གསལ་བཤད་གོ་སྐབས་བླངས་ཏེ་བཤད་པའི་གཏམ་རྣམས་སྐབས་དེའི་ལས་རིམ་གསར་ཤོག་ཏུ་ཤོག་གུ་དཀར་བོའི་ངོས་ལ་ཡི་གེ་ནག་པོ་ཕབ་ནས་ཡོད་པས་འདིར་ཆ་ཚང་མི་དྲན་ཡང་། དྲན་ཚོད་ཅིག་ཞུས་ན།
བར་ལམ། ང་རང་ཐེ་བའི་སྤྱི་འཐུས་ལས་ཐོག་དང་བཀའ་བློན་ལས་ཟུར་འགའི་མིང་ཟུར་དུ་བཏོན་དེ་ཡིག་གྱར་མང་བོ་གང་སར་སྦྱར་འགྲེམ་བྱེད་མཁན་དང་དེའི་རྒྱབ་ཀྱི་བྱུས་གཏེ་རྣམས་ཉོན་ཅིག ཁྱོད་རང་ཚོས་ཡིག་གྱར་འདྲ་བཀྲམས་ནས་སྡིགས་ར་བསྐུལ་བ་ཆོ་མེད་རེད། ང་ལ་མཚོན་ན། དང་བོ་ཨ་མའི་ཁོག་ནས་འཇིག་རྟེན་འདིར་ཡོང་བ་ནས་བཟུང་དུས་ད་ལྟ་ལ་ཐུག་གི་བར་དུ་ཞེད་སྣང་དང་འཇིགས་སྐྲག་ཟེར་བ་དེ་ཡང་སྙིང་ཅི་ཞིག་ཡིན་པ་ད་དུང་ངོ་ཤེས་ཀྱི་མེད། ཁྱོད་ཚོར་བློ་ཁོག་ཡོད་ན་མི་ངོ་མ་མདུན་དུ་ཐོན་ཤོག ཚུར་ཡོང་མི་ཐུབ་ན་ཕར་བོས། དུས་ཚོད་དང་ཐུག་ས་གསལ་བོར་ཤོད་དང་། ང་ཏག་ཏག་མ་བསླེབས་ན་ང་ཕ་བཟང་གི་བུ་མིན་པའི་རྟགས་ཡིན། ང་སྡོད་ས་ཁ་བ་ཅན་མགྲོན་ཁང་ཡིན། ངའི་ཁ་པར་ཨང་འདི་ཡིན་ཞེས་གསར་ཤོག་ཏུ་བཀོད་ཡོད། ཁྱོད་ཚོས་དེ་སྔ་འདི་ནས་ལག་ན་མཚོན་ཆ་ཁབ་རྩེ་ཙམ་ཡང་མེད་དགེ་སློང་འགའ་ངན་གསོད་བྱས་པ་ནང་བཞིན། མི་ཚང་མ་དེ་ལྟར་བསད་ཆོག་ཆོག་ཡོད་མེད་བལྟ་ཆོག་གི་རེད། ང་ལ་མཚོན་ན། དྷརྨ་སཱ་ལ་འདི་འཕགས་པ་སྤྱན་རས་གཟིགས་ཀྱི་གདན་ས་གཉིས་པ་ཡིན་སྟབས། འདི་ཡང་ཡང་བཙོག་པ་བཟོ་མ་དགོས་ན་བསམས་པ་ཡིན། ཞེས་གསལ་ཐིང་ཐིང་བཤད་ཡོད། དེ་འདྲ་ཡིན་སྟབས། ངའི་བཟའ་ཟླས་ང་ལ། ད་ཁྱོད་ཀྱི་ཁ་ལ་བདག་པོ་མ་བརྒྱབ་ན། ངེད་མ་སྨད་ཀྱི་སྲོག་མགོ་ཐོན་ས་མ་རེད། དྲིན་ཆེན་པོ། ད་ཁྱོད་ས་གཞན་ཞིག་ལ་འགྲོ་རོགས་ཀྱིས་ཟེར་བར། དེ་མ་ཐག་ཁ་ཚུམས། ང་ད་ལྟ་བུད་སོང་ན་བྲོས་སོང་ཟེར་གི་རེད། དོལ་རྒྱལ་རྗེས་འབྲངས་པ་ཚོ་བློ་ཁོག་ཆེ་རུ་འགྲོ་གི་རེད། ང་ག་བར་འགྲོ་དགོས་རེད། མི་འགྲོ་ཐག་ཆོད་ཡིན་ལབ་པ་ཡིན། ཡང་ཉལ་སའི་ནང་བསམ་བློ་ཞིག་བཏང་ཡོང་དུས། སེམས་ཁྲལ་ཆེ་རུ་འགྲོ་ཡི་འདུག ང་རང་གི་ངོས་ནས། རྒྱ་གར་དུ་འབྱོར་བ་ནས་བཟུང་༧རྒྱལ་བ་དོན་གྱི་བདག་པོར་ལུས་ངག་ཡིད་གསུམ་ཡོངས་སུ་ཕུལ་ཚར་བ་ཡིན་སྟབས། ཤི་གསོན་ཡག་སྡུག་ག་རེ་བྱུང་ཡང་འགྱོད་པ་མེད་ངེས་ཡིན། ལྷག་པར་༧རྒྱལ་བའི་སྐུ་ཕྱ་དང་བོད་ཀྱི་བསྟན་སྲིད་ཆེད་ཤི་ཐུབ་ན་གཟི་བརྗིད་རེད་མ་གཏོགས་འགྱོད་པ་སྐྱེ་དགོས་པ་ཞིག་ནམ་ཡང་མ་རེད། འོན་ཀྱང་གནས་ཚུལ་ཛ་དྲག་ཆེ་རུ་ཕྱིན་ན། རང་མགོ་ཁེབས་ངེས་ཀྱང་། བཟའ་ཟླ་དང་བུ་ཆུང་གི་སྲོག་མགོ་ཁེབས་རྒྱུ་ཁག་པོ་ཆགས་སྲིད་པ་རེད། དེང་སང་གནས་ཡུལ་རྒྱ་གར་གྱིས་མཚོན་ཡུལ་ལུང་མི་འདྲ་བ་ན་བུད་མེད་དང་ཕྲུ་གུ་བཙན་ཁྲིད་བྱེད་པའི་སྲོལ་ངན་ཡོད་ཡོད་ཡིན་པས། མ་བསམ་ས་ནས་རང་གི་བཟའ་ཟླ་དང་། ལྷག་པར་བུ་ཆུང་ཚེ་རིང་དོན་གྲུབ་བུ་ཚབ་ཡིན་པས་དོན་དག་འདྲ་བྱུང་ན་རང་གི་བུ་ངོ་མ་ལ་བྱུང་བ་དང་འདྲ་ཡི་མ་རེད། འགན་དམིགས་བསལ་བ་ཞིག་ཡོད་པར་བསམས་པ་རེད། དེ་ནས་བཟའ་ཟླ་དང་མཉམ་དུ་ནང་གྲོས་ཀྱིས་སྔོན་ལ་ང་རང་ཨ་རིར་ཐར་ཐབས་བྱ་རྒྱུ་དང་། དེ་ནས་བཟའ་ཟླ་དང་བུ་ཆུང་གཉིས་ཨ་རིར་འཐེན་ཏེ་བདེ་འཇགས་ལ་ཉེན་ཁ་མེད་བཟོས་རྗེས། རང་ཉིད་ཕྱིར་རྒྱ་གར་དུ་ལོག་སྟེ་སྤྱི་འཐུས་ལས་རྒྱུན་དང་མདོ་སྨད་ཚོགས་གཙོའི་ལས་རྒྱུན་ཆ་ཚང་མཐར་འཁྱོལ་བར་བྱ་རྒྱུ་དང་། དེ་ནས་ཅི་བྱེད་རིམ་པས་བསམ་བློ་བཏང་ཆོག་གི་རེད་བསམ་པ་རེད། འཆར་གཞི་བང་སྒྲིག་སྟངས་དང་བསམ་བློ་གཏོང་སྟངས་དེ་འདྲ་རེད། དེ་ནས་སུ་གང་གིས་མི་ཤེས་པར་གསང་སྟབས་ཀྱིས་གློ་བུར་དུ་ཨ་རིར་བསླེབས་པ་རེད། བསླེབས་ནས་ཀྱང་ཐོག་མར་ཁྲིམས་རྩོད་པ་ཞིག་བཙལ་ཏེ་གཞིས་ཆགས་ལས་ཁུངས་ལ་ཆབ་སྲིད་སྐྱབས་བཅོལ་ཞུས་པ་ཡིན། སྟབས་མ་ལེགས་པ་ཞིག་ལ། གཞིས་ཆགས་ལས་ཁུངས་ནས་ཐག་མ་ཆོད་པར་ངའི་སྙན་ཞུ་ཁྲིམས་ཁང་དུ་བསྐྱལ་བ་རེད། ཨ་རིར་སྡོད་ཆོག་པའི་ཡིག་ཆ་མ་འགྲིག་སྟབས། བཟའ་ཟླ་བུ་ཆུང་གཉིས་གནས་སྐབས་རིང་ཨ་རིར་ལེན་དཀའ་བ་དང་། ང་རང་ཡང་ཁྲིམས་མཐུན་ཡིག་ཆ་མེད་པར་ཨ་རི་ལས་གཞན་པའི་ཡུལ་གྲུ་གང་ལའང་འགྲོ་མི་ཐུབ་པ་གསལ་ཆགས་ལ་བརྟེན། ཐོག་མར་དེ་དོན་༧ གོང་ས་མཆོག་ལ་མཚན་འཁོད་སྙན་ཞུ་ཕུལ་བ་དང་ཆབས་ཅིག བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་དང་། མདོ་སྨད་དབུས་རྒྱུན་ལས་སོ་སོར་སྙན་ཞུ་ཕུལ་ཏེ་བློ་ཕམ་ཚད་མེད་དང་བཅས་རྩ་དགོངས་ཞུ་དགོས་བྱུང་བ་དེ་འདྲ་རེད། འདི་ནི་སྐབས་དེའི་བྱུང་བ་ཁག་གི་ཟུར་ཙམ་དང་ཆ་ཤས་ཙམ་རེད། ད་དུང་མང་ཡང་རེ་ཞིག་དེ་ཙམ་གྱིས་འཐུས་པར་བྱ། ཡང་ཕྲག་སྟོད་ན་ཡོང་གི་འདུག
རང་སྲོག་འབེན་དུ་བཙུགས་ནས། ༧རྒྱལ་བའི་སྐུ་ཕྱ་སྲུང་སྐྱོབ་དང་། བོད་བསྟན་སྲིད་ལ་སྲིད་ཞུ་བསྒྲུབས་པའི་ལེའུ་སྟེ་གཉིས་པའོ།།
བརྟེན་ནས་འབྱུང་བའི་དེ་ཉིད་གསལ་མཛད་པ། །ཐུབ་པའི་ལུགས་བཟང་སྐྱེ་བ་ཐམས་ཅད་དུ། །ལུས་དང་སྲོག་ཀྱང་བཏང་ནས་འཛིན་པ་ལ། །སྐད་ཅིག་ཙམ་ཡང་ལྷོད་པར་མ་གྱུར་ཅིག །
ཨ་ཁུ་གདུགས་དཀར་ཚེ་རིང་ལགས། མ་མཇལ་ཡུན་རིང་། ཉིད་ཀྱི་ལྗགས་རྩོམ་ཐད་ཕྲན་ནས་སྔར་དུས་བབ་ནང་དཔྱད་བརྗོད་སྤེལ་མྱོང་བ་ལྟར་ཡིན།
ད་བསམ་བློ་མང་བོ་མ་གཏོང་། ཐོག་མར་ནད་ཚ་དྲག་བསྐྱེད་བྱུང་དུ་འཇུག་རོགས།
ཟུར་ལྟར་བསམ་ཚུལ་གཉིས་ཡོད། ༡ གལ་སྲིད་ཁྱེད་ཀྱི་བཞུགས་གནས་ནེའུ་ཡོག་ལ་ཐག་ཉེ་ན་ཨེམ་རྗེ་འཕགས་མོ་འཚོ་བཙལ་ནས་ནད་ལ་བརྟག་དཔྱད་དང་གསོ་བཅོས་གནང་རོགས། ༢ ལུས་རྩལ་ལ་འཇུག་རྒྱུ་ཧ་ཅང་གི་གལ་ཆེན་ཏེ། བོད་ལུགས་ལུས་རྩལ་ནང་གི་བརྐྱངས་ཕྱག་གིས་རྩ་དཀར་གྱི་ནད་སོགས་ལ་ཕན་ཐོགས་པ་ཡོངས་གྲགས་རེད།
གནམ་ལོ་ཡག་ལ་ཐུགས་རྗེ་ཆེ། ད་གཟུགས་པོ་ག་ལེར་ཡག་པོ་ཆགས་ཡོང་གི་འདུག ཁྱེད་རང་གིས་ཀྱང་སྐུ་གཟུགས་འཕྲོད་བསྟེན་ལ་ཐུགས་སྣང་མ་ཆུང་། དུས་དུས་སུ་བརྟག་དཔྱད་གནང་གལ་ཆེ་བ་ཉམས་མྱོང་གི་ཐོག་ནས་ཤེས་བྱུང་། ངེས་པར་དུ་གཅེས་སྤྲས་གནང་རོགས། ཁ་བྲོ་ བཀྲ་ཤིས།
སྐུ་ངོ་ངེད་གཉིས་ཆང་འཐོང་རྒྱུར་དགའ་བོ་ཡོད་བསམ་སོང་། ཆང་སྐྱོན་འདྲ་ཕོག་པ་མིན་ནམ། གང་ལྟར་སྐུ་གཟུགས་ལ་བདག་པོ་གནང་བ་གལ་ཆེ། བཙན་བྱོལ་ནང་གི་མདོ་སྨད་ཀྱི་མྱི་ཐོག་གཉིས་བའི་གྲལ་གྱི་ས་འཛིན་དབང་བོ་ཚོ་ཡིན་པས། ཁ་སྔོག་ན་སྔོག་རིན་ཞིག་དང་མགོ་སྒུར་ན་སྒུར་རིན་ཞིག་ཡོད་པ་ཤེས་ཡོད། གནས་ཚུལ་ཚང་མ་གསལ་པོར་ཆགས་སོང་།
ཆོས་སྲིད་གཉིས་ཀྱི་འཇིག་རྟེན་ཕྲོག་སྟེངས་ལ་བཀྱགས་ཐུབ་པའི་རྒན་པོ་ཁྱེད་ཚོ་ནི། ངའི་ངོ་ནས། བོད་གངས་ཅན་གྱི་རླུངས་རྟ་ཡར་འགྲོ་ལ་ཕན་པའི་མི་དཔེར་བཞག་པ་ཡིན། རོ་སྟོད་བདེ་ཙམ་བྱུང་བ་དང་། སྨྱུ་གུ་ལ་འཕག་མཚམས་མ་འཇོག་ཞུས་བ་ཡིན། བདེ་མོ།
རྒན་པ་ཡིན་ན་འདྲ། ནད་པ་ཡིན་ན་འདྲ། ཐང་ཐང་ཡིན་ནའང་འདྲ། གཉན་འཕྲང་གི་དུས་འདིར་རང་རིགས་ལ་ཡང་དག་པའི་ལམ་བསྟན་ན་རྗེས་སུ་ཡི་རང་བྱེད་པ་དང་། ལོག་པའི་ལམ་བསྟན་ན་སུན་འབྱིན་བྱེད་ཀྱི་ཡིན། རྒས་ནས་ན་ནས་རིག་པར་གནོད་ན་གང་བྱུང་མང་བྱུང་མ་བཤད། འདི་ནི་ཤ་དར་ཁྲག་དར་དག་གི་འཐབ་རྭ་ཡིན་པས་རྒྱང་ནས་ལྟོས། རྣར་གཟན་པའི་ཚིག་མདའ་ཕོག་སྟེ་གདོས་བཅོས་ཀྱི་སྒྱུ་ལུས་གཡར་བོར་གནོད་ན་འགན་ཁུར་མཁན་ཡོད་ནི་མ་རེད། རང་སེམས་ལ་ཇི་བྱུང་བ་བཞིན་ཏུ་༧གོང་ས་མཆོག་གི་ཐུགས་ལའང་བསམ་བློ་ཐོངས། ཁྱེད་ལ་ང་གཅིག་པོས་ཚིག་མདའ་འཕངས་བ་རེད། ཁོང་ཚང་ལ་མི་
དུང་ཕྱུར་ཐེར་འབུམ་གྱིས་ཚིག་མདའ་འཕེན་གིན་ཡོད། དེར་བསམ་བློ་ཡག་པོ་ཞིག་ཐོངས་དང་ཤེས་རྒྱུ་གོ་རྒྱུ་ཞིག་ཡོད།
་་་་་་་་་་ གངས་ཅན་བླ་མ། ང་བླ་མ་བློ་བཟང་ཡེ་ཤེས། གྲྭ་སྒོམ་བླ་མ། ལྡི་ལི་དོལ་ཚོགས་བོད་དྲུང་ཕག་རི་བ་ཕུན་ཚོགས། བལ་ཡུལ་དོལ་ཚོགས་གཙོ་བོ་ཆོས་མཛད་བསྟན་རྒྱས་སམ་རྣམ་རྒྱལ་ལཱ་མ། དེའི་ཚོགས་གཞོན་དམན་ལྷག་པའམ་ཝ་སུན་དྷ་ར། བལ་ཡུལ་གནས་སྡོད་ཆ་ཕྲེང་སྟོབས་རྒྱས་དང་། དཀོན་མཆོག་རྒྱལ་མཚན། བློ་བཟང་ཐོགས་མེད་ལ་སོགས་དང་།
ཉེ་ལམ་༧གོང་ས་མཆོག་གང་དུ་ཆིབས་སྒྱུར་གནང་ཡུལ་ཚང་མར་མངོན་གསལ་དོད་པོས་མདུན་དུ་ཐོན་ནས་ངོ་རྒོལ་སྐད་འབོད་བྱེད་མཁན་དྲ་ལམ་དུ་ཐོན་པའི་པར་ཁག་གི་ནང་ན་ཤིན་ཏུ་གསལ་བོར་ཡོད་པ་དེ་དག་རེད། རྒྱས་པར་མཁྱེན་འདོད་ན་་མདོ་སྨད་དྲ་བའི་དོལ་ཚོགས་དང་རྒྱ་ནག་གཞུང་བར་གྱི་འབྲེལ་བ་་ཞེས་པར་གཟིགས། ་་་་་་་་་་་་་་་་་་་