ཆབ་མདོ་ངག་ཕུན།
ངེད་ཅག་གངས་ཅན་པ་ལ།། མེས་པོའི་བཞག་པའི་གཅེས་ནོར།།
སྐད་ཡིག་འདི་ཉིད་ཡིན་ནོ།། སྐད་ཡིག་ཕུན་སུམ་ཡོད་ཀྱང་།།
འཛམ་གླིང་འཕོ་འགྱུར་སྟབས་བསྟུན།། མི་རབས་གསར་པ་རྣམས་ཀྱིས།།
གོམ་འགྲོས་འཐུས་ཚང་མ་ཐུབ།། འཐུས་ཤོར་ཡིན་པ་ཞིག་ལས།།
མེས་པོའི་ནོར་འཁྲུལ་མིན་ནོ།། གཞོན་རབས་རྣམས་ཀྱི་ཡིད་ཟུངས།།
ཁ་སྙན་ཁོག་གཡོ་མ་ཉན།། ཝ་མོ་གཡང་མཆོང་མ་གནང་།།
གཞིས་བྱེས་འགྱེལ་བའི་དུས་སྐབས།། ཆོལ་གསུམ་རྒན་དར་གཞོན་གསུམ།།
སྙིང་ལ་རུས་པ་བཅུག་ནས།། སོ་སོའི་སྐད་ཡིག་འདི་དག །
མ་བརྗེད་ཡིད་ལ་ཟུངས་ཤིག། །དེང་སྐབས་ན་གཞོན་འགའ་ཤས།།
ཕྱི་སྐད་ཤེས་ཀྱི་ཡོད་མདོག།།ཨིན་བོད་མཉམ་བསྲེ་རྒྱབ་ནས།།
འཇོན་མདོག་རྣམ་འགྱུར་སྟོན་གྱི།། མཐོ་རིམ་སློབ་གྲྭ་འགྲེམས་མཁན།།
དགོས་པའི་སློབ་སྦྱོང་མི་བྱེད།། ཕན་མེད་རིན་གོང་ཆེ་བའི།།
གྱོན་ཆས་དང་འདོད་བྱེད་ཀྱི།། ལུས་ལ་གྱོན་ཆས་སྤྲས་ཀྱང་།།
ནང་ལ་ཡོན་ཏན་མེད་ན།། སྨྱུག་མ་ཁོག་སྟོང་ལྟར་ཡིན།།
དོན་གྱི་རྒྱན་ཆ་ངོ་མ།། ཤེས་ཡོན་ཁོ་ན་ཡིན་ནོ།།
དེར་བརྟེན་ན་གཞོན་རྣམས་ཀྱི།། བློ་རྩེ་གཅིག་ཏུ་བསྒྲིལ་ནས།།
གནའ་དེང་ཤེས་བྱའི་ཐོག་ལ།། བརྩོན་པ་ལྷོད་མེད་གནང་ན།།
དོན་གྱི་གཟི་བརྗིད་དེ་ཡིན།། གངས་ལྗོངས་སྤུན་གྲོགས་ཚང་མའི།།
སོ་སོའི་མེས་པོའི་རིག་གཞུང་།། བདག་པོ་མ་རྒྱབ་འདི་མུས།།
བཞག་ན་རིམ་གྱིས་གངས་ལྗོངས།། སྐད་ཡིག་མི་རིགས་བཅས་པ།།
ཆུ་བོ་བྲག་སེང་ནང་བཞིན།། འགྱུར་བའི་ཐེ་ཚོམ་ཅི་དགོས།།
གངས་ཅན་བོད་མི་རྣམས་ཀྱི།། ད་ལྟ་བོད་ཡུལ་ས་ཆ།།
གནས་ཁོད་འགའ་ཤས་ནང་ལ།། རིགས་རུས་བོད་པ་ཡིན་ཡང་།།
སྐད་དང་ཡི་གེ་མི་ཤེས།། སེམས་ཕམ་དགོས་པའི་ཚད་སླེབས།།
བློ་རྩེ་གཅིག་ཏུ་བསྒྲིལ་ནས།། བོད་སྐད་གཙང་མར་ཤོད་ཅིག།།
ང་ཚོའི་བློ་སྲོག་ངོ་མ།། སྐད་ཡིག་འདི་ཉིད་ཡིན་ནོ།།
འགྱེལ་ས་ལངས་འདོད་ཡོད་ན།། དང་ཐོག་སོ་སོའི་གཅེས་ནོར།།
བདག་པོ་ཡང་དག་རྒྱབ་ན།། རིམ་གྱིས་ང་ཚོ་ཚང་མར།།
བདེན་པའི་རྒྱལ་ཁའི་ཉི་མ།། ཤར་བ་ཐེ་ཚོམ་མེད་དོ།།
ཨ་གསར་ཅན་གྱི་མི་འགས།། བོད་ཀྱི་སྐད་ཡིག་འདི་ཉིད།།
དགོས་མཁོ་མི་འདུག་བསམ་སྟེ།། རང་གི་གཅེས་ནོར་འདོར་ནས།།
ཕྱི་ཡི་སྐད་ཡིག་ཐོག་ལ།། བརྩོན་པ་ལྷོད་མེད་བྱེད་ཀྱི།།
སོ་སོའི་སྐད་ཡིག་འདི་ཉིད།། མི་ཉམས་རྒྱུན་འཛིན་གནང་ན།།
ཉིན་གཅིག་གངས་ལྗོངས་ཞིང་ལ།། བདེ་སྐྱིད་རང་དབང་ཉི་མ།།
མྱུར་དུ་ཐོབ་པའི་ཡིན་ནོ།། ཀླད་མེད་སྐྱེ་བོ་འགའ་ཤས།།
ད་ལྟའི་བོད་ཀྱི་ལས་དབང་།། ཉམས་གུད་མི་དྲན་ཕྱི་དངོས།།
བརྔམས་ཏེ་བོད་ཀྱི་སྐད་ཡིག།།གད་སྙིགས་ཁྲོད་དུ་གཡུག་གི།
ད་ནི་གངས་ལྗོངས་རྣམས་པ།། བོད་སྐད་བརྗེད་པ་མ་གནང་།།
སྐད་དང་ཡི་གེ་བརྗེད་པའི།། ཉིན་མོ་དེ་ནས་མི་རིགས།།
མེད་པ་འགྱུར་བ་དང་མཚུངས།། སོ་སོའི་མི་རིགས་སྐད་ཡིག།
བདག་པོ་ཡང་དག་བརྒྱག་རྒྱུར།། ང་ཚོའི་ལས་འགན་ཡིན་ནོ།།
ལྷག་དོན་ལོ་རྒྱུས་ཁག་ནང་།། གྲུབ་མཐའ་ཁ་ལ་འཁྱེར་ནས།།
ནང་ཁུལ་འཁྲུག་རྩོད་བྱུང་ཡོད།། བློན་པོས་རྒྱལ་པོ་དཀྲོངས་པ།།
རྒྱལ་པོས་བློན་པོ་དཀྲོངས་པ།། བླ་མས་ཆབ་སྲིད་ཁྲབ་ནས།།
ནང་ཁུལ་ཆིག་སྒྲིལ་མེད་བཟོས།། བོད་ཀྱི་ཆབ་དཔལ་རིག་གསུམ།།
ཉམས་ཆགས་ཚད་མེད་བྱུང་ཡོད།། རིམ་གྱི་བོད་ཡུལ་འདི་ཉིད།།
ཆབ་སྲིད་ཉམས་ཆག་གྱུར་ཏེ།། གཅིག་འོག་གཅིག་འདུས་མེད་གྱུར།།
བོད་ཡུལ་ཁ་ཐོར་གྱུར་བ།། སྲིད་ཀྱི་སྣེ་མོ་འགའ་ཤས།།
དབང་ཆ་བེད་ལོག་སྤྱད་དེ།། ཁྲལ་དང་འུ་ལག་བཙན་འགེལ།།
སྡེ་འབངས་སྡུག་ལ་སྦྱར་ཡོད།། སྐུ་དྲག་བརྐམ་ཆགས་ཉུང་ཤས།།
བྱེད་སྟངས་ངན་པའི་རྐྱེན་གྱིས།། གཞུང་ལ་ཡིད་ཆེས་བརླག་ཡོད།།
ད་ནི་སྔོན་གྱི་ལོ་རྒྱུས།། བསླབ་བྱ་ཡིད་ལ་ཟུངས་ཤིག།
དེང་སྐབས་དཔོན་གསར་འགའ་ཤས།། དབང་ཚད་ཡོད་མདོག་མ་སྟོན།།
མང་ལ་གཟིགས་རྟོགས་མང་མཛོད།། ཁེངས་དྲེགས་རི་ལས་མ་མཐོ།།
སྐྱེ་བོ་ཀུན་ལ་ཕན་པའི།། ལས་དོན་ལྷོད་མེད་མཛོད་རོགས།།
་
གཞིས་བྱེས་འགྱེལ་བའི་དུས་སྐབས། །
ཆོལ་གསུམ་རྒན་དར་གཞོན་གསུམ། །
སྙིང་ལ་རུས་པ་བཅུག་ནས། །
སོ་སོའི་སྐད་ཡིག་འདི་དག །
མ་བརྗེད་ཡིད་ལ་ཟུངས་ཤིག །
་