རྨོ་བུ། ཨ་རི།
གཅིག
དཔྱིད་ཟླ་འབྲིང་པོའི་གླིང་ཕྲན་རཱོ་ཌི་ (Rhode island) ནི་སྐྱེས་སྟོབས་ཀྱི་དཔལ་འབར་སའི་ཡུལ་གྲུ་ཞིག་སྟེ། རྒྱ་ལྕང་གི་ལོ་མ་དང་ཁམ་བུའི་མེ་ཏོག་གིས་བྲིས་པའི་དཔྱིད་ངོགས་སུ། བྱིའུ་ཆུང་གི་གསུང་སྙན་དང་རྐང་འཐུང་གི་དྲི་ངད་ཀྱིས་ཁྱབ་ལ། གསར་དུ་འབུས་ཤིང་བཞད་ལ་ཕྱོགས་ཀྱིན་པའི་སྨྱུག་གསར་ཚོགས་ཀྱི་འཚང་ཁས་ནོར་འཛིན་མའི་གཤིན་ཚད་ཡོངས་སུ་ངོམས། ཐག་རིང་ནས་ཡོང་མཁན་ཞིག་ལ་མཚོན་ན། ཁྱེད་ཀྱི་དུང་སེམས་འདྲེན་ས་ནི་ལྗང་མདོག་དང་ལྷིང་འཇགས་རུམ་པའི་ཡུལ་འདིའི་སྲོད་དུས་ཡིན་པར་ངེས་ཏེ། འཇམ་ཤ་དོད་པའི་སྲོད་དུས་རེར་ལྷོ་འགྲོའི་བྱ་ཁྱུ་དེ་སླར་ཡང་མངོན་ཞིང་། མཚམས་སྤྲིན་འཁྲིགས་སའི་རྒྱབ་ལོགས་ཤིག་ན་ཕ་ཡུལ་ཨེ་ཡོད་སྙམ་པའི་སྣང་བས་ཁྱེད་ཀྱི་བསམ་གཞིགས་ཀྱི་སྒོ་མོ་དལ་གྱིས་ཕྱེ།
སད་སེར་དང་བུ་ཡུག་གི་ངོགས་སུ་འཐེན་པའི་དུས་རབས་ཕྱེད་ཙམ་གྱི་བཤུལ་ལམ་འདིའི་ཐོག་མཐའ་ན། ང་ཚོའི་དམ་བཅའ་ཉར་མཁན་གྱི་རི་གྲོང་དེ་ད་ལྟ་ཨེ་ཡོད་སྙམ་སྐབས་སྐྱོ་སྣང་ཞིག་ཀྱང་ངང་གིས་སྐྱེས། སྐབས་རེར་སྐྱི་བསེར་གྱི་རྒྱུ་ཕྱོགས་དང་བསྡོངས་ཡོང་བའི་གཡོར་གྲུའི་དུང་བརྡ་གཉོམ་པོ་དེས་ཁྱེད་ཀྱི་བསམ་གཞིགས་ཡུན་རེར་དཀྲོགས་པར་བྱེད་མོད། ལོ་ངོ་བཞི་བརྒྱའི་གོང་གི་སྲོད་དུས་ཤིག་ལ་རཱོ་ཇིར་ཝེ་ལེམ་སི་1 (Roger Williams) ལགས་ཀྱང་ཁོང་གི་ཆོས་དད་རང་དབང་གི་དམ་ཚིག་དང་མཉམ་དུ་གནས་འདིར་འདི་ལྟར་བཙན་བྱོལ་དུ་ཡོང་བའི་གཏམ་རྒྱུད་དེ་ཚོ་དྲན་སྐབས་ཁྱེད་ལ་སེམས་གསོ་ཐུན་ཙམ་ཐེབས་ངེས་ཤིང་། བགྲེས་སོང་ཁོང་གི་”མེ་ཏོག་གི་ཁམས་སུ་བཏབས་པའི་ཕྱི་ནང་དབྱེ་འབྱེད་ཀྱི་རྩིག་གྱང་གཏོར་བ”་ཞེས་པའི་བདེན་ཚིག་དེའི་བྱིན་རླབས་དག་དྲན་སྐབས་ཡུལ་འདིའི་སྲོད་དུས་ཀྱི་མཛེས་པ་ནི་ཅི་ལྟར་སྤྱད་ཀྱང་མི་ངོམས་པར་འགྱུར།
གཉིས།
མཛེས་པ་སྲོག་ལ་འཐིམས་པའི་ཡུལ་འདིའི་སྲོད་དུས་མང་པོ་ཞིག་གུས་པས་ཞི་དུལ་གྱི་སྙན་ངག་པ་ཐུབ་བསྟན་དར་དང་ཁོང་གི་སྙན་ངག་<<ཞི་བདེ་རྒྱ་མཚོར་འཁྱིལ་བའི་མེས་པོའི་ཆབ་རྒྱུན།>>དང་མཉམ་དུ་རོལ་བ་ཡིན་ལ། དེ་ནི་དབང་ཚོར་ལས་རིང་དུ་བརྒལ་བའི་ལོངས་སྤྱོད་ཅིག་སྟེ། ང་ལ་བྱེ་ཐང་གི་ཆུ་ཕྲན་ལྟ་བུའི་དྭངས་གཙང་དང་ཉི་འོག་གི་སྐོམ་སེལ་ལྟ་བུའི་བདེ་ཉམས་གྲངས་མེད་སྦྱིན་མྱོང་། སྙན་ངག་པ་ཁོང་དང་མཉམ་དུ་རྒྱང་ལ་ཅེར་བའི་སྲོད་དུས་རེར། ངས་ཕ་ཡུལ་གྱི་རི་ཆུ་ནགས་གསུམ་དང་དེར་འཐིམས་པའི་མེས་པོའི་དབྱངས་རྟ་ཐོས་ཤིང་། རྒྱབ་གཟུགས་བྲག་ལ་ཐོག་པའི་རྔོན་པ་དང་ཁོང་གི་མེལ་ཚེ་མཐོང་། ད་དུང་རྡོ་འབུམ་དང་ལབ་ཙེ་བར་དུ་འཕྱུར་གྱིན་པའི་ལྷ་སྒྲུང་དག་”ཏི་སེ་ནས་བབས་པའི་སེམས་བསྐྱེད་དང་རྟེན་འབྲེལ་གྱི་ཆབ་རྒྱུན་བཞིན་ཞི་བདེ་རྒྱ་མཚོར་འཁྱིལ་”བའི་གཟུགས་རིས་རྣམས་སྙན་ངག་པ་ཁོང་གི་ཞི་དུལ་ལ་སྦྲུམ་ཞིང་བག་འཇམ་གྱིས་གྱེར་ཡོང་སྐབས། མེས་པོའི་རེ་བཞག་དང་ཕུ་ནུའི་ཞལ་ཆེམས་ཀྱིས་བསྐྲུན་པའི་སྟོབས་ཀྱི་དཀྱིལ་འཁོར་དེ་ཉིད་ང་ཚོ་དང་ཅི་འདྲའི་ཉེ་སར་འདྲེན་ཨང་།
ངོ་མ་བཤད་ན། མཛེས་སྡུག་ལྡན་པའི་གླིང་ཕྲན་འདིར་ཞི་དུལ་ཅན་གྱི་བོད་ཀྱི་སྙན་ངག་པ་ཞིག་གནས་འཆའ་བ་ནི། རོང་དུ་བལྟམས་པའི་ཧི་མ་ལ་ཡའི་བྱུར་ཕྲན་ལས་ཀྱང་གཡང་ལ་ཟགས་པའི་བོད་ཀྱི་རླུང་རྟ་ཟད་པོ་དེའི་མཚོན་པར་འོས་ཏེ། ཐབ་ཚང་དང་རོང་ཁང་བར་གྱི་འཚོ་གནས་དང་། འཚོ་བ་དང་རྨི་ལམ་བར་གྱི་སེམས་ངལ། ཡུལ་གྱར་དང་གཏན་བྲལ་གྱི་གདུང་ཡུས། གཞན་དབང་སྟབས་བསྟུན་གྱི་ཚེ་སྒྲུང་འདི་དག་སྐྲ་ལོ་དང་ཤ་ཆང་གིས་བྲིས་པའི་སྙན་ངག་དང་། ནད་ཚོར་ཡན་གར་བ་རེ་ལས་བྱུང་བའི་འཁུན་སྒྲར་གོམས་མཁན་ཞིག་གིས་རྟོགས་མི་སླ་སྟེ། སྤང་ལྗོངས་ལྟ་བུའི་ཞི་དུལ་དང་སྔོ་བསང་ལྟ་བུའི་བག་འཇམ་གྱི་རྒྱབ་ཏུ་དཔའ་སྤོབས་དང་མཛངས་སྟོབས་ཀྱི་རི་དཔངས་ཅི་ཙམ་མཐོ་དགོས་པ་དབུགས་ཐོགས་ཚད་ཀྱི་མཁྱེན་ཐུབ་པ་ཞིག་ག་ནས་ཡིན།
གསུམ།
གུས་པས་ཐུབ་བསྟན་དར་ཀློག་ཚུལ་ནི་ཏག་ཏག་བརྩེ་བས་བལྟམས་པའི་འདི་ལྟའི་སྲོད་དུས་ཤིག་སྟེ། ཀོང་རྩེད་རའི་ཡུལ་གྱི་འཛུམ་མདངས་ཤིག་མཁས་མང་བློ་གསལ་གླིང་གི་ཆུ་མཚོ་ལས་འཁྲུངས་ཤིང་། ཞི་དུལ་དང་བག་ཡོད་བསྣམས་བཞིན་ཤར་མོན་གྷོ་འདོད་དགུའི་གླིང་ནས་ཆས་ཏེ། ནུབ་རེ་བའི་གླིང་ཆེན་མེག་སེ་ཁཱོ་རུ་ཁོང་ནི་སྤྲོ་བའི་བཏེགས་པའི་ལྗོངས་རྒྱུ་བ་ཞིག་དང་། ཞི་བདེ་མཚོ་འགག་གི་གསེར་ལྗོངས་ཁཱ་ལི་ཧྥོ་ནི་ཡ་ནས་མདོག་མང་འཛིན་པའི་དབེན་གནས་ཁཱོ་ལོ་རོ་ཊོ་རུ་སླར་ཡང་ངལ་དུབ་དང་བཀྲེས་སྐོམ་ཉམས་སུ་བཞེས་མཁན་གྱི་ཨ་སྐྱོ་བ་ཞིག ཡུལ་གྱར་བ་རཱོ་ཇི་ལགས་ཀྱི་བྱོལ་ལམ་ནས་གླིང་ཕྲན་རཱོ་ཊི་སློབ་གླིང་གི་དཔྱིད་ངོགས་སུ་ཁོ་ནི་ནམ་ཡང་ཕྱིར་མི་བྱོལ་བའི་བོད་ཀྱི་འཚོལ་སྙེག་པ་ཞིག་དང་། ཆོས་ཀྱི་འཁོར་ལོ་ནུབ་ཏུ་བསྐོར་བའི་བོད་ཀྱི་བླ་སྤྲུལ་ཚོ་དང་དབུལ་ཕོངས་ཀྱིས་མནར་བའི་ནུབ་ཀྱི་གསར་འབྱོར་བ་ཚོའི་སེམས་སུ་ཁོང་ནི་རིན་མེད་ཀྱི་ལོ་ཙཱ་བ་ཞིག ཞི་བདེ་རྒྱ་མཚོའི་འགྲམ་ནས་མིག་ཟུང་རྒྱང་ལ་གཏད་དེ་མཚོ་ཆེན་ལ་རྣ་བ་བླག་པའི་སྲོད་དུས་རེར་ཁོང་ནི་དགོང་ཁའི་རོལ་མོ་བ་བཞིན་མཚམས་སྤྲིན་དང་སྙན་ངག་སྒོམ་པའི་བསམ་གཏན་པ་ཞིག གུས་པས་སེམས་སུ་ཁོང་ནི་ཡུན་རིང་སེམས་ལ་བརྣགས་པའི་འདོད་དོན་གྱི་ཕྱིར་དུ་འཚོ་བའི་བྱང་ཐང་གི་འབྲོང་མོ་ཁེར་འགྲོ་ཞིག་དང་། བརྩེ་བས་བལྟམས་པའི་གླིང་ཕྲན་འདིའི་སྲོད་ངོགས་ན་བཞུད་པའི་ལྷོ་འགྲོའི་བྱ་ཁྱུ་དེའི་རྫི་བོ་ཉིད་དོ། །
བཞི།
སྤྲོ་འོས་པ་ཞིག་ལ། དོ་ནུབ་སྙན་ངག་པ་ཐུབ་བསྟན་དར་དང་ཁོང་གི་ཕ་ཡུལ་ཀོང་རྩྭེད་རའི་མཚར་སྡུག་གླེང་མཁན་ང་ཁོ་ན་རེད་མི་འདུག་སྟེ། དཔྱིད་དུས་ཀྱི་སློབ་གླིང་འདི་དང་རྣམ་དཔྱོད་ཀྱི་དཀྱེལ་ཡངས་པའི་དགེ་སློབ་ཚང་མས་ཕུལ་བྱུང་སློབ་མའི་སྡིངས་ཆའི་སྟེང་གི་ཁོང་དང་ཁོང་གི་འཛུམ་མདངས་བསུ་བཞིན་འདུག སློབ་སྤྱི་ཊེ་བེད་ལགས་ཀྱིས་སློབ་གླིང་གི་(UNIVERSITY OF RHODE ISLAND) སྐབས་བཅུ་བཞི་པའི་ཕུལ་བྱུང་སློབ་མའི་ཤིས་བརྗོད་དུ། “ཐུབ་བསྟན་དར་ལགས་ཀྱི་གཞུང་བཟང་དང་གཤིས་འཇམ་ལ་འཚོ་གནས་ཀྱི་ཚེགས་ངལ་གང་འདྲ་ཞིག་གིས་ཀྱང་བར་ཆད་གནང་མྱོང་མེད”ཅེས་བཤད་སྐབས་རིགས་ཞེན་གྱིས་མ་ལྷད་པའི་མི་བུ་འདི་ཚོའི་སྤྱན་ཤེས་ལ་ཡིད་སྨོན་ཤོར། འཁྲིས་ཀྱི་རྒན་རྒས་འཁོགས་དེེའི་གཏམ་དེའི་འགྲེལ་བཤད་དུ། “ཐུབ་བསྟན་དར་ལགས་ཀྱི་སློབ་གླིང་འདིའི་གོམ་པ་དང་པོ་ནི། སྡེ་ཁག་གི་ཟས་གཡོག་རྒྱུགས་བཞིན་སྤོས་པ་རེད”ཅེས་གདོང་ལ་སྐྱུར་མདོག་ཤར་བཞིན་བཤད་སྐབས། ང་ཚོའི་ལས་དབང་འདི་ལ་དངན་པ་རེར་ཤོར་མོད། ཡུལ་གྱར་བ་ཞིག་གི་འཚོ་སྙིང་སྙན་ངག་གིས་བསྐྱལ་ཚུལ་དྲན་སྐབས་སྤོབས་སེམས་ཤིག་ཀྱང་ངང་གིས་འཕྱུར།
མཐར་ཁོང་གི་“བཀྲ་ཤིས་བདེ་ལེགས་”ནས་དབུ་བཙུགས་ཏེ་སླར་ཡང་“བཀྲ་ཤིས་བདེ་ལེགས་”ཀྱིས་མཇུག་བསྡུས་པའི་གཏམ་བཤད་འབྲུ་དག་མ་དེའི་ངའི་སེམས་པ་དྲོད་ལམ་མེར་བཏང་ལ། འདུ་ཚོགས་ཀྱི་ཐལ་མོའི་རྡེབ་ཡུན་དེ་འདྲའི་རིང་པོ་ཞིག་བསུས་སོང་། ངས་ཀྱང་སྤོབས་པས་ངང་མེས་པོས་བསྐྱུར་པའི་ཁ་བཏགས་དཀར་པོ་དེ་ཁོང་གི་སྐེ་ལ་དལ་གྱིས་གཡོགས་མོད། དོ་ནུབ་ཀྱི་འདུ་ར་ན་བཀྲ་ཤིས་བདེ་ལེགས་དང་ཁ་བཏགས་དཀར་པོ་འདི་གཉིས་ལས་ང་ལ་ཁོང་གི་གཟི་འོད་བསུ་རོགས་དང་ཐུགས་རྗེ་ཆེ་ཞུ་རོགས་ཀྱི་རང་མྱི་གཞན་མེད་པ་ཚོར་སྐབས་སེམས་སུ་སྐྱོ་སྣང་ཞིག་ཀྱང་སྐྱེས། རྒྱ་ཚོགས་སྟོང་འདུས་དབུས་ཀྱི་ཟླ་བ་ནི་སྟེས་དབང་དུ་ཟད་མོད། ངལ་དུབ་དང་དབུལ་ཕོངས་ཀྱིས་བསྐྱལ་བའི་ཉིན་མཚན་གྲངས་མེད་རྗེས་ཀྱི་གཟི་བྱིན་ནི་བཙོ་སྦྱང་ལས་གྲུབ་པ་ཁོ་ནའོ། །
རིགས་དཀར་ནག་གཉིས་ཀྱི་སྨོན་སེམས་འཕྱུར་བའི་དོ་ནུབ་ངས་སླར་ཡང་འདི་ལྟར་མཛུབ་རྩིས་ཤིག་བརྒྱབ། ངེད་བོད་པ་ཚང་གི་གྲལ་མཐའ་ན་ད་དུང་འདི་ལྟར་ཁུ་སིམ་མེར་མེས་པོའི་རུས་རྐང་ལ་འཐམས་པའི་ཞི་བགྲོད་ཀྱི་ཉན་ཐོས་པ་ཅི་ཙམ་ཡོད་དམ། ལོ་ངོ་འདི་དག་གི་རིང་བོད་ཀྱི་བདག་སྒྲ་ཅན་མང་པོས་ཟུག་སྐད་དག་ལ་ཉན་བཞིན་ཡོང་མོད། སུན་སྣང་ཙམ་ལས་མ་བྱུང་བ་ནི་རློམ་སེམས་ཀྱིས་མིན་ཏེ། དཔྱིད་བསུ་མཁན་དངོས་ནི་ཁུ་སིམ་མེར་འགུལ་གྱིན་པའི་རྨོ་མཛོ་ལས་ཅ་ཅོ་སྒྲོག་གྱིན་པའི་ཁུ་བྱུག་དག་མིན་པ་རྟོགས་སོང་བས་ཡིན།
ལྔ།
གླིང་ཕྲན་རཱོ་ཊིའི་སྲོད་དུས་ནི་འདི་ལྟའི་ལྟ་བས་ཆོག་མི་ཤེས་པ་ཞིག་སྟེ། ནམ་ཡང་འཇམ་ཅག་གེར་ཁྱེད་ལ་གསན་ངེས་པས། ངས་སླར་ཡང་ཐུབ་བསྟན་དར་གྱི་སྙན་ཚིག་<<བོད་དང་མཚོར་བྱིངས་པའི་གཟིངས་ཆེན་ཁྲེའེ་ཁྲན་ནེ་ཁི།>> ངག་ལ་གྱེར།
“བོད་དང་ཁྲེའེ་ཁྲན་ནེ་ཁི།
སྦས་ཟིན་པའི་ཕུང་པོ་གྲངས་མེད་ཀྱི་དུར་ས།
མེ་ཏོག་ཕུལ་མཁན་དག་སོང་ཤུལ་དུ།
རྣམ་ཤེས་གྲངས་མེད་ཀྱི་འོ་དོད་འཕྱུར།
བོད་དང་ཁྲེའེ་ཁྲན་ནེ་ཁི།
འཆི་སྲིད་ཀྱི་སྒོ་གླེགས་བར་དུ་བསྐྲུན་པའི་
འགྲེམས་སྟོན་ཁང་།”2
……………….,,
འཇམ་ཤ་དོད་པའི་སྲོད་དུས་ཀྱི་གླིང་ཕྲན་འདི་ནི་འདི་ལྟའི་མཛེས་ཞིང་ལྟ་ན་སྡུག
མཆན།
1 རཱོ་ཇིར་ཝེ་ལེམ་སི་(Roger Williams 1603-1683)ལགས་ནི་དབྱིན་ཇིའི་རྒྱལ་ས་ལོན་ཊོན་ནས་འཁྲུངས་ཤིང་། ཕྱི་ལོ་༡༦༣༡ ལོར་ཨ་རིའི་མངའ་སྡེ་པོ་སི་ཊོན་དུ་འབྱོར། ཁོང་གིས་ཆོས་དད་རང་མོས་དང་ཆོས་སྲིད་ཐ་དད་འཛིན་དགོས་པའི་ལྟ་བ་ཤུགས་ཆེར་སྤེལ་ཕྱིར། ཨ་རིའི་ཤར་ཕྱོགས་ཁུལ་གྱི་དབྱིན་ཇིའི་གསར་པའི་ལྷ་ཁང་དག་ནས་མཉམ་རུབ་ཀྱིས་རྒྱང་འཕུད་དུ་བཏང་། ༡༦༣༦ ལོར་གླིང་ཕྲན་རཱོ་ཌི་(Rhode island)བཙན་བྱོལ་དུ་འབྱོར་བ་དང་། ཆོས་སྲིད་ཐ་དད་དང་ཆོས་དད་རང་དབང་གི་རྨང་གཞིའི་ཐོག་ཨ་རིའི་ཤར་ཕྱོགས་ཀྱི་མཚོ་གླིང་མངའ་སྡེ་(Rhode Island)ཞེས་པ་འདི་གསར་དུ་བཏབས། “མེ་ཏོག་གི་ཁམས་སུ་བཏབས་པའི་ཕྱི་ནང་དབྱེ་འབྱེད་ཀྱི་རྩིག་གྱང་གཏོར་བ”ཞེས་པའི་བདེན་ཚིག་འདི་ནི་ཁོང་གི་གསུང་ཚིག་གལ་ཆེན་ཞིག་སྟེ། ཨ་རིའི་རྒྱལ་ཁབ་ཕྱག་འདེབས་པ་པོ་ཐའོ་མ་སི་ཇཱེ་ཧྥུར་སིན་(Thomas Jefferson) མཆོག་གིས་ཁོང་ལ་གནང་བའི་འཕྲིན་ལན་ཞིག་ཏུ་ལུང་ཚིག་འདི་ཇི་བཞིན་དྲངས་འདུག་ལ། ཕྱིས་སུ་ཆོས་དད་རང་དབང་གི་རྩ་ཁྲིམས་བཟོ་སྐབས་ཀྱང་ཁོང་གི་ཆོས་དད་རང་མོས་ཀྱི་ལྟ་བ་རྣམས་མིག་དཔེར་གྱུར་ཡོད་སྐད།
2 སྙན་ཚིག་ཚན་པ་འདི་ནི་ཐུབ་བསྟན་དར་གྱི་སྙན་དེབ་ <<སྙིང་ཁོང་ནས་བརྡོལ་བའི་ཞི་བདེའི་དབྱངས་རྟ།>>ལས་ཕབ་བསྒྱུར་བྱས་པ་ཡིན། སྙན་དེབ་འདི་ནི་༢༠༡༣ ལོར (University of Rhode Island center for Nonviolence & peace studies ) ནས་པར་དུ་བསྐྲུན་པ་དང་། སྡེ་ཁག་འདི་ནས་དཔར་དུ་བསྐྲུན་པའི་སྙན་དེབ་ཐོག་མ་དེ་ཆགས་ཡོད་སྟབས་ཀུན་གྱིས་གདེངས་འཇོག་མི་དམན་པ་ཐོབ་འདུག སྙན་དེབ་འདིར་ཐུབ་བསྟན་དར་ལགས་ཀྱིས་མི་ལོ་བཅོ་ལྔ་ལྷག་ཙམ་རིང་བྲིས་པའི་སྙན་ངག་ལས་ལེགས་གྲོས་རྣམས་ཚུར་བསྡུས་ཏེ། ཞི་བདེ་དང་འཆམ་མཐུན། རང་དབང་དང་དྲང་བདེན། བརྩེ་བ་དང་མི་ཚེ་བཅས་ལེའུ་གསུམ་གྱི་བདག་ཉིད་དུ་བཀྲལ་འདུག་ལ། ཁོང་གི་གཏན་ཚིགས་ཀྱིས་གཅུན་པའི་སྙན་ངག་དང་། སྙན་ངག་གིས་བཀྲལ་བའི་གཏན་ཚིགས་རྣམས་ཁ་ལྕེ་བར་ལྷུང་བདེ་ཞིང་སེམས་ངོར་བྱིང་སླ་བ། སྒེག་ཉམས་ལས་དྭངས་ཉམས་དོོད་པ་དང་། སྦྱར་བྱུང་ལས་ལྷན་སྐྱེས་མོད་པའི་ཆོས་དག་ཡིད་དབང་གཉིས་ཀྱི་གསོས་སུ་སྨིན།
གུས་པས་མིག་ཟུང་ཕྱོགས་ས་གཞན་ཞིག་ནི་ཁོང་གི་སྙན་ངག་ལ་བཅངས་པའི་ལྷད་མེད་ཀྱི་བརྩེ་བ་སྟེ། མི་ལོ་བཅོ་ལྔའི་ཡུན་དུ་གྲྭ་ཤག་གི་སྒྲོན་ངོགས་དང་། སློབ་རྭའི་ཉི་ངོགས། ཤར་ཀྱི་ལམ་འགྲམ་དང་ནུབ་ཀྱི་གཙང་འགྲམ་སོགས་ས་གང་དུ་སོང་ཡང་ཡུལ་གང་ནས་བསྡད་ཀྱང་། སྙན་ངག་གི་གཟུངས་ཐག་ནམ་ཡང་གློད་མ་མྱོང་མཁན་ཞིག་གིས་ན་སོ་དར་མར་སླེབས་པའི་དུས་དེ་རིང་ཡང་སྙན་ངག་ནི་དགའ་ན་དགོད་རོགས་དང་སྡུག་ན་ངུ་རོགས་ཀྱི་སེམས་རྟེན་ཞིག་ལས། རྩོམ་རིག་ཆེ་གེ་མོ་ཞིག་གི་རྣམ་པས་ཀློག་པ་པོ་གཞན་ཞིག་ལ་རྩོམ་པ་པོ་རང་གི་བློ་བསྐྱེད་བསྐྲུན་བྱེད་ཞིག་ཏུ་རློམ་མི་འདུག་པས། གུས་པར་འཆི་དུས་ཁ་ཆེམས་སུ་འང་སྙན་ངག་བཞག་ནས་ཕྱིན་པའི་ཨ་རིའི་ཞི་འཚོལ་ཀྱི་སྙན་ངག་པ་སཱི་ཊ་ཧྥོ་ཊི་(William Edgar Stafford 1914 – 1993) མཆོག་ཡང་དུ་དྲན་པར་བྱས།
ཐུབ་བསྟན་དར་ལགས་ནི་བྱེས་ནས་སྐྱེས་པའི་བོད་མི་བཙན་བྱོལ་བ་མི་ཐོག་གཉིས་པའི་གྲས་དང་། ཆུང་ངུ་དུས་ནས་གདན་ས་ཆེན་པོ་འབྲས་སྤུངས་སུ་གཞུང་ཆེན་ཁག་ལ་བསླབ་པ་སློབ་གཉེར་གནང་མགོ་ཚུགས་འདུག་ལ། ཞོར་དུ་བོད་ཕྱི་ནང་གཉིས་དང་འཛམ་གླིང་ཤར་ནུབ་ཀུན་གྱི་སྙན་ངག་ལ་བལྟ་ཀློག་མང་དུ་བྱས་འདུག སྙན་ངག་པ་ཁོང་ལོ་འདིའི་སློབ་གླིང་(University of Rhode Island)ཡོངས་ཀྱི་ཕུལ་བྱུང་སློབ་མའི་གྲས་སུ་བདམས་ཐོན་བྱུང་བ་མ་ཟད། རྒྱུགས་འབྲས་ལེགས་གྲས་ཀྱི་ཞིབ་འཇུག་སློབ་ཐོན་པའི་གྲས་ནས་མུ་མཐུད་འབུམ་རམས་པའི་(PhD) སློབ་མའི་ཁོངས་སུ་རྩེ་ཏོག་གིས་ཚུད་འདུག ཐུབ་བསྟན་དར་ལགས་ནི་སློབ་གླིང་འདིར་འཛུལ་ཞུགས་བྱེད་མཁན་བོད་ཀྱི་སློབ་མ་དང་པོ་དེ་རེད་འདུག་ལ། དགེ་སློབ་ཀུན་གྱིས་ཁོང་གི་གཤིས་འཇམ་གཞུང་བཟང་དང་དཀའ་སྤྱད་འབད་བརྩོན་ལ་བསྔགས་བརྗོད་གནང་བཞིན་འདུག
ཁོང་གི་རྟགས་མའི་སྐོར་ཤེས་འདོད་པ་རྣམས་ཀྱིས་དྲ་ཐག་འདིར་གཟིགས་རོགས།
http://www.uri.edu/news/releases/?id=7033
ཧ་ཅང་རྗེས་སུ་ཡི་རིང་ཞུ། བོད་ལ་སྙན་ངག་པས་དཀོན་པོ་བྱུང་ནས་ཡུན་རིང་ཕྱིན་པར་ཁོང་གིས་ཁ་གསེབ་ལྟ་བུའི་ཆེད་ལས་འདི་འདམས་པ་དངོས་གནས་དགའ་འོས་པ་ཞིག་ཅི་ལ་མིན། འུ་ཅག་གིས་སྙན་ངག་གི་ཞིང་ཁམས་ནས་བོད་ཀྱི་རང་དབང་དང་རྗེས་ལུས་ཀྱི་ཁ་གསེབ་ཐུབ་པར་ཡིད་ཆེ་ཡོད་ལ། ཁོང་ལྟ་བུའི་སྙན་ངག་གི་ཞིང་ཁམས་ན་བཟི་བའི་བོད་མི་གཞོན་སྐྱེས་གྲངས་མེད་ཅིག་མཆིས་པ་དག་ལའང་རེ་བ་དེ་ལྟར་ཞུ་བའོ།།
དེང་གི་ཁ་བརྡ་ནང་ལ་སྒྱུ་རྩལ་རྩོམ་རིག་གི་སྐོར་འདི་ལྟ་བུ་གྲགས་པ་ནི་དཔྱིད་དཔལ་ལྷ་མོ་ཕེབས་པ་དང་འདྲ། སུན་སྣང་ཡོད་ཚད། ཐལ་རྡུལ་འཐིབས་པའི་ཁོར་ཡུག་ལ་སྦྲང་ཆར་བབས་པ་བཞིན་སྐད་ཅིག་ལ་ཡལ་བར་གྱུར་ཅིག
དོན་ངོ་མ་ཁོང་སུ་རེད། ངོ་སྤྲོད་ཁ་གསལ་ཡོང་པའི་རེ་བ་ཡོད།
ཧ་ཅང་དགའ་གུས་ཆེན་པོའི་འཚམས་འདྲི་ཡོད། ཁོང་ནི་སློབ་ཆུང་སྐབས་ནས་ཕྱི་ནང་གི་ཤེས་ཡོན་གང་སྤྱིར་དོ་དབྱིངས་ཡོད་མཁན་དང་ཀུན་སྤྱོད་གང་ཐད་རྩེ་ཕུད་གྲས་རེད། ང་ཚོ་སློབ་གྲྭའི་རྒན་བདག་ཀྱང་ཡིན། ཁྱེད་ཚེ་རིང་ཁ་བྲོ་་་་་་་