བསྡུ་འགོད་པ་ཨ་མྱེས་བྱ་ཁྱུང༌།
དེ་འདྲ་རྩ་བ་ནས་བྱེད་རྒྱུ་མེད།
མདོ་སྟོད་སྨད་ཁུལ་གྱི་རྩྭ་ཐང་དང༌། འབྲོག་ས་ས་ཁུལ་ཁ་ཤས་ལ་རྩྭ་ས་ཆུ་སའི་དོན་དག་ཆུང་ཆུང་ཐོག་ནང་ཚག་རྒྱག་རེས་རྒྱབ་སྟེ་ཁ་ཤས་གསོད་རེས་ཀྱང་ཡོང་གི་ཡོད་ས་རེད། ང་ཚོ་བོད་པ་རྣམས་རྒྱ་མིའི་སྡུག་སྦྱོང་འདི་ལྟ་བུའི་འོག་གནས་བཞིན་དུ་ང་རང་ཚོ་ནང་ཁུངས་སྒེར་གྱི་འཚོ་བའི་གནས་སྟངས་ཕྲན་བུ་དྲག་ཏུ་ཕྱིན་པའི་དོན་རྩ་ཕྲ་མོ་ཞིག་གི་ཆེད་དུ་ནང་ཚག་རྒྱག་རེས་བརྒྱབ། གསོད་རེས་གཏོང་བ་ནི་ཤིན་ཏུ་ངོ་ཚ་པོ་དང༌། ཐབས་སྡུག་པོ་རེད། དེ་འདྲ་རྩ་བ་ནས་བྱེད་རྒྱུ་མེད། ངས་འདི་འདྲ་ཟེར་གྱི་འདུག་ཅེས་ཁྱེད་རང་ཚོ་གཅིག་ལ་གཉིས་བརྒྱུད་ཀྱིས་ཤོད་དགོས། དེ་ཚོ་ཡག་པཽ་ཁྱོན་ནས་མི་འདུག
སྐྱིད་གཅིག་སྡུག་གཅིག་བྱས་ནས་སྡོད་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
དུས་རྟག་ཏུ་ཆོས་ལུགས་ཚང་མ་མཐུན་པོ་བྱེད་དགོས། དེ་བཞིན་ང་རང་ཚོ་ཆོལ་ཁ་གསུམ་གྱི་བོད་རིགས་ཚང་མ་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང༌། མ་ཎི་བགྲང་མཁན་གཅིག་གྱུར། རྩམ་པ་ཟ་མཁན་གཅིག་གྱུར་ཡིན་པས་མཐུན་པོ་བྱེད་དགོས། རྒྱ་མིས་ཆོལ་ཁ་དང༌། ཆོས་ལུགས་སུ་ལ་ཡང་དམིགས་བསལ་མེད་པར་རྒྱུགས་པ་ལེབ་བརྡུངས་ཀྱིས་ཚང་མར་དྲག་གནོན་གཅིག་གྱུར་བྱས་པ་རེད། རྒྱ་མིའི་དབང་སྒྱུར་འོག་ང་ཚོ་ཆོལ་ཁ་ཆོས་ལུགས་ཚང་མས་དཀའ་ངལ་གཅིག་གྱུར་དུ་མྱངས་པ་རེད། དེང་སྐབས་བོད་དོན་བདེན་མཐའ་གསལ་བའི་ཐབས་ལམ་སྒྲུབ་པའི་སྐབས་དང༌། མ་འོངས་པར་འབྲས་བུ་ལོན་པའི་དུས་སྐབས་ཚང་མར་ང་རང་ཚོ་སྐྱིད་གཅིག་སྡུག་གཅིག་བྱས་ནས་སྡོད་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
དད་གུས་དག་སྣང་བརླག་རྒྱུའི་ཉེན་ཀ་ཡོད།
དེང་སང་བོད་ནང་ལ་དགོན་པ་ལྷ་ཁང་བཞེངས་པ་ཡག་པོ་ཡིན་ན་ཡང༌། ལྷ་ཁང་བརྩེགས་ཐུབ་ཙམ་དང༌། དེའི་ནང་ལ་སྐུ་གསུང་ཐུགས་རྟེན་མཆོར་པོ་ཞིག་བཤམས་པ་ཙམ་གྱིས་བསྟན་པར་ཕན་གྱི་མ་རེད། སངས་རྒྱས་ཀྱི་བསྟན་པ་ནི་བསླབ་པ་སློབ་གཉེར་བྱས་ནས་ཆོས་ཀྱི་གནས་ལུགས་ཤེས་པའི་ཤེས་ཡོན་ཞིག་དང༌། ཤེས་པ་དེ་ལག་ལེན་བཀལ་ནས་སྒྲུབ་པ་ཉམས་ལེན་བྱས་ཏེ་ལུང་དང་རྟོགས་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་པ་མ་གཏོགས། ལྷ་ཁང་ཞིག་བཞེངས། དེའི་ནང་ལ་སྡོམ་པ་དང༌། བསླབ་པ་སློབ་གཉེར་མེད་པའི་གྲྭ་པ་ཁ་ཤས་བསྡད། ཁོང་ཚོས་གྲོང་ཆོག་རྒྱུགས་རྒྱུའི་འདོན་ཁ་ཁྲལ་ཕྲན་བུ་ཞིག་བཏོན་ཏེ་ཉིན་རེའི་དཀོར་ཟ་བཙལ་ནས་བསྡད་པ་ཡིན་ན། དེས་བསྟན་པར་ཕན་དང་གནོད་བཤད་ཁག་པོ་རེད། སྔར་རྒྱ་གར་ལ་ནང་པའི་ཆོས་ཉམས་ཆག་གི་རྐྱེན་རྩ་གཅིག་དེ་འདྲའི་ཐོག་ནས་བྱུང་བ་ཤོད་ཀྱི་འདུག རྒྱ་མིས་ང་ཚོའི་གྲྭ་པ་བཤུ་གཞོག་གཏོང་མཁན་ཟེར་གྱི་ཡོད་པ་ལྟར། རིམ་པས་ང་རང་ཚོ་བོད་མིའི་ནང་ནས་ཀྱང་དགེ་འདུན་གྱི་སྡེ་ལ་དད་གུས་དག་སྣང་བརླག་རྒྱུའི་ཉེན་ཀ་ཡོད།
སེམས་ཅན་གྱི་སྲོག་སྐྱོབ་བྱ་རྒྱུར་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད།
བོད་ནང་གི་གནས་ཚུུལ་གོ་ཐོས་ལ། བྱང་ཁུལ་རི་དྭགས་ཡོད་ས་དེ་ཚོར་བོད་པའི་ནང་ནས་རི་དྭགས་རྒྱག་མཁན་དེ་འདྲ་ཡོད་ཚོད་འདུག ཡག་པོ་མ་རེད། སྔོན་མ་ཟ་རྒྱུ་འཐུང་རྒྱུ་མེད་པར་ལྟོགས་ཤིའི་ཉེན་ཁ་ཡོད་པའི་སྐབས་དང་མི་འདྲ་བར་དེང་སང་ཚོང་གི་རྩ་བའམ། དཔལ་འབྱོར་གྱི་དོན་དུ་རི་དྭགས་གསོད་པ་ཡག་པོ་གཏན་ནས་མིན། སྤྱིར་བཏང་འཛམ་གླིང་གི་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ཐད། བདག་ཏུ་མ་བཟུང་བའི་སེམས་ཅན་གྱི་སྲོག་སྐྱོབ་བྱ་རྒྱུར་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། ང་ཚོ་བོད་ལ་ཆ་བཞག་ན་ཆོས་ལྡན་རྒྱལ་ཁབ་ཅིག་ཡིན། ང་རང་ཚོའི་ཁ་ནས་ཐེག་པ་ཆེན་པོའི་ཆོས་བཤད་ཀྱི་ཡོད། འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཟེར་གྱི་ཡོད། དེ་འདྲའི་གནས་ཚུལ་བརྟེན་ནས་དེ་སྔ་ཡིན་ན། བོད་ལ་རི་རྒྱ་ཀླུང་རྒྱ་བསྡམས་ཏེ་རི་དྭགས་རྩ་བ་ནས་བསད་མི་ཆོག་པ་རེད། འཛམ་བུ་གླིང་སྤྱིའི་གནས་སྟངས་དང༌། བྱེ་བྲག་བོད་རང་གི་ཁྱད་ཆོས་གང་ལ་གཞིགས་ན་ཡང་ང་ཚོ་བོད་པའི་ནང་ནས་རི་དྭགས་གསོད་པ་དེ་རིགས་ནམ་ཡང་བྱེད་མི་འོས་པས། ངེས་པར་མཚམས་འཇོག་བྱེད་དགོས།
ཤེས་ཡོན་སློབ་སྦྱོང་བྱེད་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན།
ང་ཚོའི་མི་རིགས་རླབས་ཆེན་ཡིན་ཞེས་མ་ཎི་བགྲངས་པ་ལྟར་བརྗོད་པས་མི་འགྲིགས་པར་རླབས་ཆེན་ཡིན་པའི་བོད་མི་རིགས་ཀྱི་རིག་གཞུང་ལ་སློབ་སྦྱོང་ཉམས་ཞིབ་བྱེད་དགོས་པ་དང༌། དེང་དུས་འཛམ་གླིང་གི་ཤེས་ཡོན་ལ་དོ་སྣང་བྱས་ཏེ་དེ་གཉིས་ཟུང་འབྲེལ་ཐོག་ནས་ཤེས་ཡོན་གྱི་ནུས་པ་ཆ་ཚང་ལྡན་པ་ཞིག་བྱེད་དགོས། དེ་ལྟར་བྱུང་ན་ད་ལྟ་བརྗོད་པ་བཞིན་ང་ཚོས་མ་འོངས་པར་འཛམ་གླིང་ལ་ཞབས་འདེགས་བསྒྲུབ་ཐུབ་པ་ཞིག་དང༌། མིག་དཔེར་འོས་པ་ཞིག་ཏན་ཏན་བྱེད་ཐུབ། ཤེས་ཡོན་མེད་ན་ང་ཚོའི་མི་རིགས་རླབས་ཆེན་ཡིན་ཞེས་འདས་པའི་ལོ་རྒྱུས་བགྲངས་པ་གཅིག་པུས་ལ་དག་གི་མ་རེད། ཤེས་ཡོན་ལ་དོ་སྣང་བྱ་རྒྱུ་འདི་དཔེ་མི་སྲིད་པའི་གལ་ཆེན་པོ་ཡིན། ང་ཚོ་རྒྱ་གར་ལ་འབྱོར་ནས་འདས་པའི་ལོ་དེ་དག་རིང་ཤེས་ཡོན་ལ་དོ་སྣང་ཆེན་པོས་ཐབས་ཤེས་སྒོ་གང་ས་ནས་འབད་བརྩོན་བྱས་པར་བརྟེན་གྲུབ་འབྲས་གང་ལ་གང་འཚམས་ཐོན་ཡོད། ད་དུང་འདོད་པ་ཁེངས་པའི་གྲུབ་འབྲས་ཐོབ་མེད། བོད་ནང་ད་ལྟ་འཚར་ལོངས་ཡོང་བཞིན་པའི་གཞོན་ནུ་ཚོས་ཤེས་ཡོན་ཐོག་ལ་དོ་སྣང་དང་སེམས་འཁུར་ཆེན་པོ་བྱེད་དགོས། སྐབས་རེ་ས་ཁུལ་ཁ་ཤས་ནང་རྒྱ་མིས་བཙུགས་པའི་སློབ་གྲྭར་ཕ་མས་སོ་སོའི་ཕྲུ་གུ་གཏོང་འདོད་མི་བྱེད་པ་ལྟ་བུ་དང༌། ཡང་རྒྱ་ཡིག་ཁོ་ན་མ་གཏོགས་བོད་ཡིག་བསླབ་ས་མེད་པའི་ནང་ལ་བཏང་ན་ཕྲུ་གུ་རྒྱ་མི་ཆགས་འགྲོ་གི་རེད་སྙམ་ནས་སེམས་ནང་འཚེར་སྣང་ཆེན་པོ་ཡོང་གི་ཡོད་བཟོ་འདུག དེ་ཚོ་ནི་ཁག་མེད། སོ་སོའི་མི་རིགས་ཀྱི་ལྟ་བའི་ཐོག་ནས་བསམ་བློ་བཏང་བ་ཡག་པོ་རེད། ཡིན་ན་ཡང་ཤེས་ཡོན་མེད་ན་སོ་སོའི་མི་རིགས་ཀྱི་ཐོབ་ཐང་རྩོད་ཐུབ་པ་ཞིག་དང༌། མ་འོངས་པར་བོད་མི་རིགས་ལ་རླབས་ཆེན་པོའི་བྱ་བ་བྱེད་རྒྱུའི་ཆ་རྐྱེན་ཡོད་པ་དེ་དག་བེད་སྤྱོད་བྱེད་ཐུབ་པ་ཞིག་ཡོང་གི་མ་རེད། དེར་བརྟེན་ཤེས་ཡོན་སློབ་སྦྱོང་བྱེད་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན། དེ་ཡང་རབ་ལ་སོ་སོའི་སློབ་གྲྭ་མཚན་ཉིད་ཚང་བ་ཞིག་ཡོད་ན་ཨང་ཀི་དང་པོ་དང་གལ་ཏེ་དེ་ལྟར་མེད་ཚེ་ས་གནས་ལ་རྒྱ་མིས་བཙུགས་པའི་སློབ་གྲྭ་ཡིན་ནའང་འདྲ། རྒྱ་ཡིག་ཁོ་ན་མ་གཏོགས་བསླབ་ས་མེད་པ་ཞིག་ཡིན་ནའང༌། སློབ་སྦྱོང་མེད་པ་ལས་ཡོད་པ་འདི་ཧ་ཅང་གལ་ཆེ་བ་ཡིན།
ཡོད་པ་དང་མེད་པ་བྱས་ན་ཡོད་པ་དེ་དྲིན་ཆེ་བ་ཡིན།
ང་ཚོ་བཙན་བྱོལ་བོད་གཞུང་ཟེར་བ་འདི་ང་ཚོ་འབྱོན་དྲགས་རྒོད་དྲགས་ནས་བཙན་བྱོལ་གཞུངས་ཆགས་པ་མ་རེད། དེ་སྔ་བོད་གཞུང་དགའ་ལྡན་ཕོ་བྲང་ཟེར་བ་ཞིག་ྋགོང་ས་ལྔ་པ་ཆེན་པོའི་སྐབས་ནས་ཆགས་ཡོད་པ་དང༌། ྋརྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་ཚོས་དེའི་མགོ་ཁྲིད་བྱས་ཏེ་བསྡད། ལྔ་བཅུ་ང་དགུའི་ལོ་ལ་ང་ཚོ་བོད་ནས་བྲོས་ཡོང་དུས་ང་དང༌། བཀའ་བློན་འགའ་ཤས། དེ་མིན་གྱི་གཞུང་ཞབས་གཙོ་ཆེ་བ་འགའ་ཤས་བཅས་ཡོད་པས། དགའ་ལྡན་ཕོ་བྲང་གི་ཐ་སྙད་སྦྱར་སའི་གདག་གཞི་ཚང་ཡོད་པར་བརྟེན་གདག་གཞི་འདིའི་སྒང་ལ་དགའ་ལྡན་ཕོ་བྲང་ཟེར་བའི་ཐ་སྙད་དེ་བཏགས་ནས་མུ་མཐུད་བསྡད་པ་རེད། ཡིན་ན་ཡང་གཞུང་གི་ཆབ་སྲིད་ཀྱི་ངོ་བོ་དེ་མང་གཙོ་ཅན་ལ་བསྒྱུར་རྒྱུའི་ལས་དོན་མང་པོ་ཞིག་བསྒྲུབ། བྱ་བཞག་རིམ་པ་མང་པོ་ཞིག་བརྒྱུད་ནས་དེ་དང་འབྲེལ་བའི་གནས་སྐབས་ལ་གང་ལ་གང་འཚམས་མང་གཙོའི་ཚད་ལོངས་པ་དང༌། མཚན་ཉིད་ཚང་བ། མང་གཙོའི་རང་བཞིན་ལྡན་པ་ཞིག་ཆགས་ཏེ་བསྡད་ཡོད། དེ་གལ་སྲིད་མེད་པ་བཟོ་གི་ཡིན་ན་ལས་སླ་པོ་རེད། ཡོད་པ་དེ་གཏོར་དགོས་བྱུང་ན་ལས་སླ་པོ་རེད། མེད་པ་ནས་གསར་པ་བཟོ་དགོས་བྱུང་ན་ཧ་ཅང་ཁག་པོ་ཡོད། བཙན་བྱོལ་གཞུང་ཟེར་བ་ཞིག་ཡོད་པ་དང་མེད་པ་བྱས་ན་ཡོད་པ་དེ་དྲིན་ཆེ་བ་ཡིན།
རྗེས་ལུས་ཐེབས་ན་ཡག་པོ་རྩ་བ་ནས་མེད།
ད་ལྟའི་དུས་ཚོད་འདིར་སོ་སོའི་རིག་གཞུང་གི་ཁྱད་ཆོས་ལྡན་པའི་ཐོག་ནས་དེང་དུས་ཀྱི་ཤེས་ཡོན་ལ་དོ་སྣང་བྱེད་རྒྱུ་དེ་ཛ་དྲག་དང༌། གལ་ཆེན་པོ་ཆགས་ཡོད། ད་ཕན་རྒྱ་མིས་བོད་པས་འཇོན་གྱི་མི་འདུག་ཅེས་མཐོང་ཆུང་བྱེད་པ་དེ་ང་ཚོའི་ཤེས་ཚད་མ་ལྡང་བ་ཡིན་སྟབས་མཐོང་ཆུང་མྱོང་དགོས་བྱུང་བ་རེད། རྒྱ་མི་ཁོ་རང་ཚོ་ལ་ཆ་བཞག་ནའང་འཛམ་གླིང་ཐོག་མཐོང་ཆུང་མྱོང་མུས་ཡིན་པ་ལས། འཛམ་གླིང་ཐོག་མངོན་པར་བསྟོད་སའི་ཡུལ་ཞིག་ཆགས་མེད། རྒྱ་མིས་ང་ཚོ་བོད་པར་དཔག་ཚོད་ཀྱིས་འགྲོ་ཚོད་རྩིས་ཏེ་བོད་པ་རྗེས་ལུས་རེད་ཟེར་བ་དེ་ཇི་ལྟར་བྱས་ཏེ་སེལ་དགོས་ཟེར་ན། རྩ་བ་ང་རང་ཚོའི་མི་རིགས་ལ་མཐུན་པའི་ཆ་རྐྱེན་ཡོད་པ་རེད། དེའི་ཐོག་དེང་དུས་ཀྱི་ཤེས་ཡོན་ལ་དོ་སྣང་སྦྱངས་བརྩོན་བྱ་རྒྱུ་གལ་ཆེན་པོ་རེད། ལྷག་དོན་བོད་ཀྱི་གྲོང་གསེབ་ཁུག་ཀྱོག་ནང་སློབ་གྲྭ་ཐབས་ཆག་ཅིག་ལས་མེད་ནའང་དེ་ལ་ཕྲུ་གུ་སློབ་སྦྱོང་བྱེད་པར་བཏང་ནས་མ་འོངས་པར་བོད་མིའི་ཤེས་ཡོན་དྲག་ཏུ་འགྲོ་ཐབས་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན་པས་ཚང་མས་ཤུགས་རྒྱག་དགོས། རྒྱ་ཡིག་སློབ་མཁན་རྒྱ་ནག་ནང་མི་ས་ཡ་དང་དུང་ཕྱུར་ཡོད་པ་རེད། སྔོན་ལ་ཁ་ཚ་ལག་ཐོགས་གལ་ཆེ་ཤོས་སྤྱིར་བཏང་འཛམ་གླིང་གི་རིག་གཞུང་ཐོག་ནས་རྩིས་པ་ཡིན་ན་བོད་ཡིག་ཤེས་མཁན་ཉུང་ཉུང་རེད། བོད་ཡིག་བོད་པས་མ་སྦྱངས་ན་སུས་སྦྱོང༌། བོད་ཡིག་ལ་བོད་པས་བདག་པོ་མ་བརྒྱབ་ན་སུས་རྒྱག དེར་བརྟེན་བོད་ཡིག་གཙོ་བོར་གྱུར་བའི་ཤེས་ཡོན་ལ་དང་དོད་དོ་སྣང་བྱེད་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད། ཡང་རྒྱ་མིས་བཙུགས་པའི་སློབ་གྲྭའི་ནང་བོད་ཡིག་བསླབ་ཀྱི་མི་འདུག་ན་ཕྲུ་གུ་མ་བཏང་བར་བོད་ཡིག་བསླབ་ན་ཕྲུ་གུ་གཏོང་གི་ཡིན། བོད་ཡིག་མ་བསླབ་ན་གཏོང་གི་མིན་ཞེས་བཤད་ནའང་རྒྱུ་མཚན་ལྡན་པ་རེད། བོད་ཡིག་བསླབ་སོང་ན་སློབ་གྲྭར་ཡིན་གཅིག་མིན་གཅིག་གཏོང་རྒྱུ་གལ་ཆེན་པོ་རེད། དེ་ལ་རྗེས་ལུས་ཐེབས་ན་ཡག་པོ་རྩ་བ་ནས་མེད།
སློབ་སྦྱོང་ཐོག་དོ་སྣང་བྱེད་དགོས།
དེང་སང་གུ་ཡངས་ཕྲན་བུ་ཐོབ་པའི་སྐབས་འདིར་བག་ཡངས་རྣམ་གཡེང་ཉི་མ་གང་འཁྱོལ་བྱས་ན་ཕུགས་ལ་གྱོང་རག་གི་རེད། ཚང་མས་སྐབས་བབ་ཀྱི་ལས་དོན་གང་ཅིར་ཧུར་བརྩོན་དང༌། སློབ་སྦྱོང་ཐོག་དོ་སྣང་བྱེད་དགོས། ལྷག་པར་བོད་མི་རིགས་ཀྱིས་བོད་ཡིག་མ་ཤེས་ན་ཤིན་ཏུ་ཐབས་སྐྱོ་པོ་དང་ངོ་ཚ་པོ་རེད། བོད་རིགས་ཡིན་ནོ་ཅོག་གིས་རང་གི་རིག་གཞུང་ཡག་པོ་ཤེས་དགོས། རང་གི་རིག་གཞུང་ཤེས་པ་ལ་རང་གི་སྐད་ཡིག་བརྒྱུད་ནས་ཤེས་དགོས་པ་ཡིན་སྟབས་བོད་ཡིག་ལ་སྦྱངས་བརྩོན་དང༌། དོ་སྣང་བྱ་རྒྱུ་ཧ་ཅང་གི་གལ་ཆེན་པོ་རེད།
ང་ཚོ་ཚང་མ་མི་ཡིན་པའི་ཆ་ནས་ནུས་པ་གཅིག་གྱུར་ཡོད།
ང་ཚོ་ཚང་མ་མི་ཡིན་པའི་ཆ་ནས་ནུས་པ་གཅིག་གྱུར་ཡོད། མི་ལ་ཡོད་པའི་རྣམ་དཔྱོད་ཁྱད་པར་ཅན་འདི་བེད་སྤྱོད་ཚུལ་མཐུན་དུ་བྱས་ཚེ་ང་ཚོའི་ནུས་སྟོབས་དང་མདུན་ལམ་བཟང་པོ་ཐམས་ཅད་རྣམ་དཔྱོད་འདི་ནས་སྐྱེ་ཡི་ཡོད། ཕྱོགས་གཞན་ཞིག་ནས། རྣམ་དཔྱོད་འདི་བེད་སྤྱོད་ལོག་པར་སྤྱད་ཚེ་འདིས་ཆག་སྒོ་ཆེན་པོ་བསླང་གི་ཡོད། མི་ཟེར་བ་འདི་འཇིག་རྟེན་ཁམས་འདིའི་སྟེང་གི་འགྲོ་བ་རིགས་མཐོ་བ་ཞིག་ཡིན། འགྲོ་བ་མིར་རང་གི་བདེ་བ་བསྒྲུབ་རྒྱུ་ཙམ་མིན་པར་གཞན་གྱི་ཕན་བདེ་ཡང་བསྒྲུབ་པའི་ནུས་པ་ཁྱད་པར་བ་ཞིག་ཡོད། ང་ཚོར་རང་བཞིན་ལྷན་སྐྱེས་སུ་ཡོད་པའི་ཡོན་ཏན་འདི་ཚོ་ངོས་ཟིན་པའི་ཐོག་ནས་ཡར་རྒྱས་གཏོང་རྒྱུ་འདི་ཤིན་ཏུ་ནས་གལ་ཆེན་པོ་ཞིག་ཡིན།
ང་རང་ཡང་སེམས་སྐྱོ་པོ་བྱུང༌།
རྒྱ་མིས་བྱ་རི་དྭགས་དང༌། ཉ་དང་སྦལ་པ། སྦྲུལ་ལ་སོགས་པ་བསད་ནས་ཟ་གི་ཡོད་རེད། བོད་པས་རྒྱ་མའི་ལད་ཟློས་བྱེད་དགོས་དོན་མེད། ལོ་གཅིག་བོད་ནས་ཡོང་མཁན་ཞིག་གིས་ང་ལ་ཟེར་དོན། རྩེ་ཕོ་བྲང་གི་མདུན་ནས་ཕོ་བྲང་ལ་སྨོན་ལམ་བཏབ་སྟེ་དད་པ་ཆེན་པོ་སྐྱེས་བྱུང༌། འོན་ཀྱང་རྩེ་ཕོ་བྲང་གི་མདུན་དེར་རྒྱ་མི་སྦྲུལ་ཚོང་མཁན་ཞིག་འདུག སྦྲུལ་ཉོ་མཁན་སླེབས་པ་དང༌། པང་ལེབ་གཅིག་གི་སྒང་ལ་སྦྲུལ་གསོན་པོ་དེའི་མིག་གི་ཕྱོགས་དེར་གཟེར་བརྒྱབ་སྟེ་བཞག དེ་ནས་གྲོད་ཁོག་གཤགས་ཏེ་ཚོང་གི་འདུག སེམས་པ་ཤིན་ཏུ་སྡུག་བྱུང་ཞེས་ཁོས་མིག་ཆུ་བཏང་ནས་ང་ལ་བཤད་བྱུང་བས། ང་རང་ཡང་སེམས་སྐྱོ་པོ་བྱུང༌། ང་ཚོ་བོད་པས་དེ་འདྲ་ནམ་ཡང་བྱེད་མི་རུང༌། གོང་དུ་བཤད་པ་རྣམས་ཚང་མས་སེམས་ལ་བཅངས་ཏེ་ཧུར་ཐག་བྱེད་དགོས།
རྒྱ་མིའི་བྱ་སྤྱོད་མིག་ལྟོས་ངན་པ་དེ་དང་ལེན་བྱས་ན་ཤིན་ཏུ་ནོར་འཁྲུལ་ཆེན་པོ་ཡིན།
ཁོར་ཡུག་སྲུང་སྐྱོབ་ལ་མཚོན་ན། དེ་སྔ་བོད་ལུང་པའི་ནང་ཁོར་ཡུག་སྲུང་སྐྱོབ་ཅེས་མིང་བཏགས་མེད་ཀྱང༌། བོད་རྗེ་ཆོས་རྒྱལ་ཡབ་མེས་ཚོའི་དུས་སུ་ནང་པ་སངས་རྒྱས་པའི་ཆོས་དར་ཏེ་ཆོས་ལྡན་གྱི་ཞིང་ཁམས་ཞིག་ལ་གྱུར་པའི་དབང་གིས་རི་ཀླུང་སྐམ་གཤེར་ལ་གནས་པའི་སྲོག་ཆགས་གསོད་ཆོག་གི་མེད། བོད་ཡུལ་འདི་སྤྱིའི་ཆ་ནས་ས་ཆ་གཙང་མ་དང༌། ཆུ་གཙང་མའི་གནས་སྟངས་འདི་དུས་རབས་བརྒྱ་ཕྲག་མང་པོའི་བར་གནས་ཡོད། དེང་སང་ནི་རྒྱ་མིས་བོད་ནང་བྱ་རི་དྭགས་མང་པོ་གསོད་ཀྱི་ཡོད་པ་དང༌། བོད་ཀྱི་ས་གཏེར་བསྔོག་འདོན་དང༌། ནགས་ཚལ་མང་པོ་གཅོད་བྲེགས་སོགས་ཐབས་སྡུག་གི་ལས་ཀ་མང་པོ་བྱེད་ཀྱི་ཡོད་པ་རེད། བོད་མིའི་ནང་ནས་ཀྱང་རྒྱ་མིའི་བྱ་སྤྱོད་མིག་ལྟོས་ངན་པ་དེ་དང་ལེན་བྱས་ན་ཤིན་ཏུ་ནོར་འཁྲུལ་ཆེན་པོ་ཡིན་པས། ཚང་མས་ཡིད་གཟབ་བྱེད་དགོས།
གཅིག་གིས་གཅིག་ལ་ཕན་གྲོགས་བྱེད་དགོས།
བོད་ཁ་བ་གངས་ཅན་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཞེས་པ་ལྟར། འཕགས་པ་སྤྱན་རས་གཟིགས་ཡི་དམ་དུ་བྱས་ནས་མ་ཎི་བགྲང་མཁན་ཞིག་གི་ཐོག་ནས་བརྩིས་ན་ཤར་དར་རྩེ་མདོ་ནས། ནུབ་ལ་དྭགས་བར་དང༌། བྱང་སོག་པོའི་ས་མཚམས་ནས། ལྷོ་མོན་གྱི་བར་འཕགས་པ་སྤྱན་རས་གཟིགས་ཡི་དམ་དུ་བྱས་ནས་མ་ཎི་བགྲང་མཁན་གཅིག་གྱུར་ཡིན་པས། ང་ཚོ་ཚང་མས་མི་རིགས་ཀྱི་ལྟ་བ་གཅིག་གྱུར་བཟུང་སྟེ་རྡོག་ལ་འགྲིལ་པོ་བྱེད་དགོས། ང་རང་ཚོ་ནང་ཁུལ་ལ་རྒྱུ་མཚན་ཆུང་ཆུང་དང༌། དགོས་པ་ཕྲ་མོའི་དོན་ལ་འཁྲུག་པ་རྒྱག་རེས་བྱེད་རྒྱུ་ཡོད་པ་མ་རེད། ང་རང་ཚོའི་ལུང་པ་སྤྱི་ཡོངས་ལ་རྒྱ་མིས་དབང་སྒྱུར་བྱས་ནས་བསྡད་ཡོད་པས་དོན་ཆེ་ས་ཞིག་གི་ཐོག་ལ་དོན་ཆུང་དེ་ཚོ་བརྗེད་དུ་འཇུག་དགོས། གཅིག་གིས་གཅིག་ལ་སྐྱོ་རོགས་བྱས། གཅིག་གིས་གཅིག་ལ་ཕན་གྲོགས་བྱེད་དགོས།
ཚང་མ་རྡོག་ལ་འགྲིལ་པོ་བྱེད་རྒྱུ་གལ་ཆེན་པོ་རེད།
ལུང་ཚན་ཕན་ཚུན་འཐེན་འཁྱེར་རིགས་རྩ་བ་ནས་བྱེད་མི་རུང༌། དེ་སྔ་ང་ཚོའི་བོད་ཀྱི་ལས་དོན་འཐུས་ཤོར་རིགས་གཅིག་ང་ཚོའི་ནང་ཁུལ་རྡོག་བསྒྲིལ་པོ་མ་བྱུང་བའི་རྐྱེན་གྱིས་ང་ཚོར་གྱོང་ཕོག་ཡོད། མ་འོངས་པར་ང་ཚོ་འཕཊ་པ་སྤྱན་རས་གཟིགས་ཀྱི་གདུལ་བྱ། མ་ནི་བགྲངས་མཁན། རྩམ་པ་ཟ་མཁན་ཚང་མ་སྐྱིད་སྡུག་གཅིག་གྱུར་བྱེད་དགོས། ངས་སྔོན་མ་བདེན་ཚིག་སྨོན་ལམ་བརྩམས་པ་དེའི་ནང༌། ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མའི་དཔལ། ཞེས་བྲིས་པའི་དམིགས་ཡུལ་ཆོལ་ཁ་གསུམ་གྱི་བོད་མི་ཡོངས་སུ་རྫོགས་པ་ལ་དམིགས་ཏེ་བྲིས་པ་ཡིན། བོད་རིཊ་ཡོངས་རྫོགས་ལུང་ཚན་གྱི་འཐེན་འཁྱེར་མ་བྱས་པར། ཚང་མ་རྡོག་ལ་འགྲིལ་པོ་བྱེད་རྒྱུ་གལ་ཆེན་པོ་རེད།
སྐད་ཆ་འདི་ཆོ་གང་ཡང་མི་འདུག
ང་རང་ཚཽའི་ཤོད་རྒྱུན་ཞིག་ལ་ྋརྒྱལ་བ་རིན་པོ་ཆེར་བརྩི་བཀུར་ཡོད། བོད་གཞུང་གིས་འགྲིག་གི་མི་འདུག་ཟེར་བ་ཞིག་ཡོད། སྐད་ཆ་འདི་ཆོ་གང་ཡང་མི་འདུག ྋརྒྱལ་བ་རིན་པོ་ཆེའི་ངོས་ནས་ཞལ་འདེབས་རྒྱག་རྒྱུ་ཡོད་པ་དེ་རྒྱག་གི་རེད། ད་ལྟའི་བར་དུ་བརྒྱབ་ཡོད་ལ་ད་དུང་ཡང་མ་ཤི་བར་དུ་རྒྱག་གི་རེད། ཡིན་ནའང་ྋརྒྱལ་བ་རིན་པོ་ཆེ་ཡོད་ན་ཡོད་པ་དང་མེད་ན་མེད་པའི་བཟོ་འདྲ་པོ་མིན་པའི་ང་ཚོའི་བཙན་བྱོལ་གཞུང་གི་སྒྲིག་འཛུགས་འདི་ནུས་ཤུགས་ལྡན་པ་ཞིག་བྱུང་ཐུབ་ན་ཡག་པོ་རེད་སྙམ་པ་ངའི་བསམ་ཚུལ་ཡིན། ཡང་གཅིག་བྱས་ན་ང་ཚོ་རྒྱ་གར་ལ་སླེབས་ནས་ད་བར་ལོ་ཉི་ཤུ་རྩ་བརྒྱད་བསྐྱལ་བ་དང༌། གལ་སྲིད་ད་དུང་ལོ་ཉི་ཤུ་རྩ་བརྒྱད་སྐྱེལ་དགོས་བྱུང་ན། ངའི་མི་ཚེ་ཡང་རྒས་འགྲོ་གི་ཡོད་པས་ང་ཚོའི་སྒྲིག་འཛུགས་རིམ་པ་ཞིག་ཡོད་པ་དེ་ཚོར་ཤུགས་སྣོན་ངེས་པར་དུ་རྒྱག་དགོས་པ་འདུག