འབའ་སྲས།
རབ་བྱུང་བ་ཡིས་མཐར་གྱི་བདེ་བ་འཚོལ།།
འཇིག་རྟེན་པ་ཡི་འཁོར་བའི་ལོངས་སྤྱོད་འཚོལ།།
རང་རང་སེམས་ཀྱི་དམིགས་པ་མི་འདྲ་བས།།
གྲྭ་བ་སྐྱ་བོའི་ལམ་གཉིས་འདི་ནས་བྱུང་།།
སྙན་ངག་པ་ཡིས་འཚོ་བའི་ཟ་ཟུར་འཚོལ།།
ཆབ་སྲིད་པ་ཡིས་གྱ་གྱུའི་སྡིངསཆ་འཚོལ།།
དགའ་ཕྱོགས་ནུས་པའི་བློ་སྟོབས་མི་འདྲ་བས།།
མི་ཡི་རིག་གནས་འདི་ནས་སོ་སོར་ཆས།།
ཚོང་བ་དག་གིས་ཁེ་དང་སྒོར་མོ་འཚོལ།།
དབུལ་བོ་རྣམས་ཀྱིས་ཉིན་རེའི་ཁ་ཟས་འཚོལ།།
རྔམ་དང་ཆོག་ཤེས་འཛིན་སྟངས་མི་འདྲ་བས།།
དབུལ་ཕྱུག་མི་ཡི་ཁྱད་པར་འདི་ཡིས་བྱུང་།།
མཁས་པ་རྣམས་ཀྱིས་མུན་སེལ་སྒྲོན་མེ་འཚོལ།།
བླུན་པོ་དག་གིས་ང་འོ་ཉི་འོད་འཚོལ།།
སྦྱངས་དང་མ་སྦྱང་འབྱོར་བའི་ཡོན་ཏན་ལས།།
མཁས་བླུན་འབོད་པའི་མིང་ཡང་འདི་ལྟར་བྱུང་།།
ཆགས་རྒན་དག་གིས་མཛེས་མའི་ལང་ཚོ་འཚོལ།།
བརྩེ་ལྡན་རྣམས་ཀྱིས་སེམས་ཀྱི་དཀར་ངོགས་འཚོལ།།
སྐབས་དང་མཐའ་ཡི་འཚོལ་སྟངས་མི་འདྲ་བས།།
སྨད་འཚོང་བཟའ་ཚང་ཟེར་བ་འདི་ཡིས་བྱུང་།།
གཡོ་ཅན་ཚོ་ཡིས་མི་ཡི་ངོ་གདོང་འཚོལ།།
དྲང་ལྡན་མི་ཡིས་ཁྲིམས་ཀྱི་རྒྱ་མ་འཚོལ།།
འཁྱོག་དང་དྲང་བོའི་ལམ་ཁ་མི་འདྲ་བས།།
བཙོན་འཇུག་བཙན་གྲོལ་ལམ་ཁ་འདི་ནས་མཐོང་།།
དྲག་རྒོལ་བ་ཡིས་གནམ་ས་གཉིས་ཀ་གཏོར།།
བྱམས་ལྡན་རྣམས་ཀྱིས་འགྲོ་བ་རིགས་དྲུག་སྐྱོང་།།
བསམ་ཤེས་སྙིང་རྗེ་ཡོད་མེད་ཁྱད་པར་ལས།།
འཇམ་དང་རྩུབ་པའི་རེག་བྱ་འདི་ནས་ཚོར།།
ཆགས་ལྡན་རྒད་པོའི་མིག་ལས་ཆགས་མེ་འབར།།
བརྩེ་ལྡན་བུ་ཡི་སེམས་ལ་བརྩེ་བ་འཁྱིལ།།
སྐབས་དང་མཐར་གྱི་རྐུབ་སྟེགས་མི་འདྲ་བས།།
རྒྱོ་དང་བརྩེ་བ་མི་མཚུངས་འདི་ནས་ཤེས།།
ལ་ལས་ཕ་མ་ཤི་ན་རྡོ་རིང་བཞེངས།།
འགའ་ཡིས་བུ་ཕྲུག་གསོན་ཡང་གསོན་དུར་བྱེད།།
ཕ་མ་བུ་ཡི་འདོད་པ་མི་འདྲ་བས།།
མ་ཤི་གསོན་བྲལ་ཤི་བྲལ་འདི་ལྟར་བྱུང་།།
ཨ་རོགས་མི་བུ་ཡིན་ན་དམིགས་བུ་བྱོས།།
ཨ་ཁ་ལས་ངན་ལས་སུ་མ་འཇུག་རོགས།།
ཨ་མའི་བུ་ཡི་ཤ་ལ་རུས་པ་དགོས།།
ཨ་རོགས་འདི་མོ་བཤད་ན་ཨེ་འགྲིག་གམ།།
༢༨/༠༥/༡༤ ཕྱི་དྲོར།
བོད་རིགས་ལ་རྒྱ་ཅན་གྱིས་རང་སྲེག་བྱས། །
བོད་རིགས་སྨོན་ལོག་རྣམས་ཀྱིས་དོལ་རྒྱལ་བསྟེན། །
བོད་རིགས་ཕྲལ་མེད་རྣམས་ཀྱིས་ངོ་རྒོལ་བྱས། །
བོད་རིགས་ཀླད་མེད་རྣམས་ཀྱིས་རྒྱབ་སྐྱོར་བྱས། །
སྲོག་ལྡན་ཡོད་ཚད་བདེ་བ་འདོད་དེ་འདུར།།
རྐང་གཉིས་མི་ཡང་བདེ་བའི་དོན་དུ་འབད།།
མདོར་ན་སེམས་ཅན་ཐམས་ཅད་འཇིག་རྟེན་འདིར།།
ཟང་ཟིང་བྲེལ་གྱིས་འཚོ་བ་བདེ་བའི་དོན།།
ཞེ་སྡང་སེམས་ཀྱིས་མདུང་རྩེ་དགྲ་ལ་གཏད།།
གུས་པའི་ཟོལ་གྱིས་ཕ་རོལ་གྲོགས་སུ་བཀུག།
དགྲ་ལ་སྡང་བ་གྲོགས་ལ་བྱམས་པ་གཉིས།།
མཐའ་ལ་དེད་ན་རང་གི་བདེ་བའི་དོན།།
སེམས་ཀྱི་ཚོར་བས་སྨྱུག་ཁ་ཤོག་ངོར་བཙུགས།།
མི་བཟོད་སྡུག་གིས་ལུས་སེམས་བྲན་དུ་བཀོལ།།
ལུས་དང་ངག་གི་ཡོན་ཏན་ཁེ་ཚོང་བྱས།།
མདོར་ན་ཐམས་ཅད་ལས་འདི་བདེ་བའི་སླད།།
ཉམ་ཆུང་སྤྲང་པོས་ལག་པ་གཞན་ལ་བཟེད།།
དབང་ཆེན་དཔོན་པོས་རྐུབ་སྟེགས་ཐབས་ཀྱིས་སྲུང༌།།
ལོ་ཆུང་བྱིས་པས་ངུ་སྐད་ཤུགས་ཀྱིས་འདོན།།
མདོར་ན་འདི་དག་ཐམས་ཅད་བདེ་བའི་དོན།།
དེའི་ཕྱིར་གན་དང་འདི་ཡི་ལས་ཀྱི་ཟོལ།།
ཧོབ་དེ་བལྟས་ན་མི་གཅིག་སོ་སོ་བ།།
ཡིན་ཡང་ཞིབ་ཀྱིས་སེམས་དང་ཕུག་གི་མཐའ།།
བདེ་བར་སྙེག་པའི་ལས་དེ་གཅིག་མཚུངས་ཉིད།།
རྩོམ་ཆག་བཅད་བཞི་བཅུ་བོ་བཀླགས་པ་ཡིན།
ཕར་བལྟས་ཡིན་ཚོད་རེད་ཉམ་དྲན་པ་ལས།།
དོན་གྱིས་ཕུགས་ཀྱི་མ་སྙིང་བརྗོད་པ་ལ།།
ཆ་རྒྱུས་ཡ་རྒྱུས་མེད་པའི་བླུན་རྒན་ཞིག།
ང་ཡི་མྱིག་གི་མདུན་དུ་ཅལད་དེར་ལྷུང་།། ཧ་ཧ་ཧ།
འབའ་སྲས་ལགས་་་་་སྦྱངས་དང་མ་སྦྱངས་ཞེས་གཉིས་ཀར་ཡང་འཇུག་ཡོད་པས་འདི་ལ་ཞིབ་དཔྱད་ཅིག་གནང་དགོས་པ་འདྲ་་་་
འབའ་སྲས་ནི་ལོ་མང་རིང་དགེ་རྒན་བྱས་མྱོང་བ་ཡིན་པས་ཡིག་ནོར་རགས་པ་འདིའི་རིགས་ནི་ཧ་ཅང་མི་མཛེས་པ་ཞིག་རེད། རབ་བྱུང་བ་ཡིས་ཞེས་བྱེད་སྒྲ་སྦྱོར་དགོས་ན། འཇིག་རྟེན་པ་ཡིས་ཞེས་ཀྱང་སྦྱོར་དགོས་པ་འཐད་དོ། རང་ཉིད་སྔོན་ཆད་གྲ་བའི་སྤྱི་ཚོགས་འགྲིམས་མྱོང་བ་དང་དེང་སྐབས་ཀྱི་ན་ཚོད་སོགས་དང་བསྟུན་ན་རྐྱལ་སྟོང་གི་སྙན་ངག་འདི་རིགས་མ་ཡིན་པར་ཡག་པོ་ཞིག་འབྲི་བའི་རེ་བ་ཡོད།
རྒན་ལགས་བསམ་གཏན། ཁྱེད་རང་གིས་ཀྱང་རྩོམ་པ་པོ་རྒན་པ་ཚོ་ལྟར་ཡིག་ནོར་མ་བྲིས་ན་བསམ་བསམ་རྒྱུན་པར་སེམས་ལ་འཆར་བཞིན་ཡོད། ད་རེས་ཀྱང་ཡིག་ནོར་ཁ་ཤས་ཡོད་ཀི རྒན་ལགས། སྙན་ངག་ཡག་པོ་འདུག ཀློག་གིན་ཡོད། ཡིན་ནའང་། ཁྱེད་རང་གི་སྙན་དེབ་དང་དྲ་རྩོམ་ལ་ཡིག་ནོར་མང་བ་འདིར་གཞན་གྱིས་དམའ་འབེབས་བྱེད་ཡོང་སྐབས། སེམས་མི་སྐྱིད་པ་ཞིག་རེད།
ཆང་གིས་མ་བཟི་སྙན་ངག་མི་འབྲི།།
བཟི་ཚེ་བྲིས་ན་ཡིག་ནོར་མང་བ།།
ཆང་གིས་དྭངས་ན་མ་གཏོགས་མི་རིག །
རིག་དུས་དྲ་ཐོག་དག་ལ་བསྐུར་འདུག །