ཨེ་མ་ཧོ།
ན་མོ་མ་ཧཱ་་གུ་རུ་བུདྡྷ་ཤཱི་ལ་མ་ཏི་ཡ།
ཀ་ཁའི་ཚེ་སྲོག་འཚོ་བའི་ཀུན་བཟང་བླ་མ།།
ཁ་བའི་ཕན་བདེ་སྒྲུབ་མཛད་ཀུན་བྱེད་རྒྱལ་པོ།།
ག་དུས་ཡིན་ཡང་བསླུ་མེད་ཀུན་མཁྱེན་སངས་རྒྱས།།
ང་ཡི་དཀོན་མཆོག་རིན་ཆེན་ཚུལ་ཁྲིམས་བློ་གྲོས།།
ཅ་དངོས་བདག་འཛིན་མེད་པའི་ཉན་རང་དགྲ་བཅོམ།།
ཆ་ལུགས་ཆོས་བཞིན་སྤྱོད་པའི་བྱང་སེམས་དམ་པ།།
ཇ་ཐུད་སྦྲང་རྩམ་རོལ་བའི་དཀར་གསོལ་དྲང་སྲོང་།།
ཉ་གང་ཟླ་བཞིན་རིག་འཛིན་ཚུལ་ཁྲིམས་བློ་གྲོས།།
ཏ་ཐྰ་ག་ཏའི་བསྟན་པ་ཡོངས་ཀྱི་བདག་པོ།།
ཐ་སྙད་ཆོས་ཚན་རིག་པ་ཀུན་ཤེས་མཁན་པོ།།
ད་ལྟའི་དུས་རབས་འཚམས་པའི་ཆོས་ཀྱི་རྒྱལ་པོ།།
ན་ཚོད་ཁྱད་མེད་འདྲེན་པའི་ཚུལ་ཁྲིམས་བློ་གྲོས།།
པ་ཊུ་བཙུན་པའི་ཁྱུ་མཆོག་གངས་ཅན་མགོན་པོ།།
ཕ་མེས་བརྒྱུད་པའི་སྲོག་འཛིན་རྣམ་དག་དགེ་སློང་།།།
བ་གླང་སེམས་ཅན་ཀུན་སྐྱབས་སྲོག་བསླུའི་བླ་མ།།
མ་ལུས་འགྲོ་བའི་མགོན་པོ་ཚུལ་ཁྲིམས་བློ་གྲོས།།
ཙཀྲའི་རིགས་བདག་བླ་མ་ཡིད་བཞིན་ནོར་བུ།།
ཚ་གྲང་རྒུད་རྨོངས་སྐྱོབ་པའི་འཇིག་རྟེན་གསུམ་མགོན།།
ཛ་ཡའི་གསང་གསུམ་རྒྱལ་ཚབ་ངེས་དོན་མཁན་སྤྲུལ།།
ཝ་ལེར་འཁོར་འདས་ཀུན་མཁྱེན་ཚུལ་ཁྲིམས་བློ་གྲོས།།
ཞྭ་དམར་བསྟན་པའི་མངའ་བདག་སྐྱབས་རྗེ་རིན་ཆེན།།
ཟ་ཧོར་མཁན་ཆེན་མངོན་བྱོན་མཁས་གྲུབ་དམ་པ།།
འ་ཅག་ཉམས་ཐག་འདྲེན་པའི་ཞི་བདེའི་དེད་དཔོན།།
ཡ་ཐོད་གངས་ལྗོངས་མིག་གཅིག་ཚུལ་ཁྲིམས་བློ་གྲོས།།
ར་བ་གངས་ཅན་བདག་པོ་སྤྱན་རས་གཟིགས་དབང་།།
ལ་རྒྱའི་བསྟན་སྲིད་འཛིན་པའི་འཇམ་དཔལ་དཔའ་བོ།།
ཤ་གཟན་གདོང་དམར་འདུལ་ནུས་ཕྱག་ན་རྡོ་རྗེ།།
ས་ཐོབ་སེམས་དཔའ་ཀུན་འདུས་ཚུལ་ཁྲིམས་བློ་གྲོས།།
ཧ་ཅང་དགའ་དད་དུང་སའི་ཀུན་མཁྱེན་བླ་མ།།
ཨ་ཧོ་གནས་འདིར་ཕེབས་པའི་བསྐལ་བཟང་ཉི་མ།།
ཨི་ལྡན་དབྱངས་གསལ་ལམ་ནས་བརྗོད་ཐབས་བྲལ་ཡང་།།
ཨུ་ཚུགས་སྨྱུག་འཕྲུལ་ལམ་ནས་འདི་སྐད་བསྔགས་སོ།།
ཨེ་མ་དད་དམ་གཙང་མའི་ཆོས་རྗེ་ཡབ་སྲས།།
ཨོ་རྒྱན་པདྨ་ཀ་རའི་རྣམ་སྤྲུལ་རིན་ཆེན།།
མདོ་སྔགས་བསྟན་པའི་སྲོག་ཤིང་ཚུལ་ཁྲིམས་བློ་གྲོས།།
མདོར་ན་རྩ་གསུམ་མཆོག་གསུམ་སྐུ་གསུམ་ཀུན་འདུས།།
སྐྱབས་གནས་དཀོན་མཆོག་རྒྱ་མཚོའི་སྤྱི་གཟུགས་དམ་པ།།
འཇིག་རྟེན་མུན་པ་སེལ་བའི་ཐབས་མཁས་འོད་གསལ།།
ཀུན་མཁྱེན་བླ་མ་དམ་པ་ཚུལ་ཁྲིམས་བློ་གྲོས།།
མི་ཕྱེད་དད་གུས་མཇལ་ཕྱག་སྙིང་ནས་འཚལ་ཞིང་།།
བསྟན་འགྲོའི་དོན་ཆེན་འགྲུབ་པའི་ཐུགས་དམ་བསྐུལ་བས།།
གསང་གསུམ་ཕྲིན་ལས་རྒྱ་མཚོ་མཁའ་བཞིན་མཉམ་ནས།།
འཁོར་བ་དོང་སྤྲུགས་ནུས་པའི་དངོས་གྲུབ་བསྩལ་བྱུང་།།
ཞེས་པ་འདི་ཡང་རབ་རྒྱན་ཤིང་རྟའི་ས་ག་ཟླ་བའི་རྒྱལ་ཕུར་འགྲུབ་སྦྱོར་དགེ་མཚན་ཕུན་སུམ་ཚོགས་པའི་ཉིན་མོར་དབྱིན་ཇིའི་རྒྱལ་ས་ལན་དྲོན་རྒྱལ་ཡོངས་ཚན་རིག་གཙུག་ལག་སློབ་གཉེར་ཁང་ནས་མཁན་སྤྲུལ་བླ་སློབ་འདུས་པ་རྒྱ་མཚོས་ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས་མཇལ་བའི་དགའ་དད་སྤྲོ་གསུམ་འཛོམས་པའི་དུས་སུ་གང་འཆར་བཅོས་བསྒྱུར་མེད་པར་དེ་ཉིད་དུ་ཕྲིན་འཕྲིན་ཁ་པར་ནང་དུ་ཤྲྰིཿཨེ་མ་ཧོས་བྲིས་པར་དགེའོ།། །།
བཙུན་པ་སྐྲ་རིང་འདིས། སུ་མཇལ་བགྱིད་ཡོད་རེད་དམ། ལགས།
འབྲོག་པའི་ཁ་ལ་མི་ཤིགས་རྒྱ་ཡིས་བཏབ།།
རོང་པའི་ལག་པ་རྣོན་པོ་མཚོན་གྱིས་གཏུབ།།
རོང་འབྲོག་མུ་གེའི་རྣམ་ཐར་སྐྱ་བོ་དེ།།
རྒྱ་ཕྱུག་སྒོར་མོ་འགུག་པའི་ཐབས་སུ་ཁྱེར།།
མི་ཤེས་ཤེས་མདོག་བསྟན་ནས་གཞན་སེམས་དཀྲུགས།།
གཡམ་རྒྱུགས་འོར་ཚོད་ཆེ་བས་རང་ཚུགས་ཤོར།།
བླ་མའི་གདམས་ངག་ཟབ་མོར་རྒྱབ་གཏད་ནས།།
མིང་གི་ཆོ་ལོར་བརྩོན་པ་ཚུལ་བློར་འདུད།།
ཨ་ལས།
༧ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས་མཆོག་དང་། མཁན་ཆེན་བླ་མ་ཨེ་མ་ཧོའི་མཇལ་ཕྲད་ཀྱི་སྐུ་པར་ཡིན་པ་འདྲ། གང་ལྟར་ཡང་བླ་མའི་དགུང་ལོ་ཆུང་དྲགས་པ་དང་། སློབ་མའི་དབུ་སྐྲ་རིང་དྲགས་པའི་སྐྱོན་མི་འདུག་གམ། ལགས།
ཁ་བརྡ་དྲ་བར་ས་ག་ཟླ་བརའཚམས་འདྲི་ཡོད། གང་ཡིན་ན་ཁ་བརྡ་དྲ་བ་འདི་ཆོས་ལུགས་དང་ཆོལ་ཁ་ལ་ཕྱོགས་རིས་གཏན་ནས་མི་འདུག མཐོ་དམན་དང་དྲག་ཞན་ལ་དམིགས་བསལ་མེད་པར་བོད་ཡིག་ལ་བརྩི་མཐོང་རྒྱ་ཆེར་གནང་བར་ཁ་བརྡའི་འགན་ཁུར་དྲ་ཞབས་པ་ཡོངས་ལ་བཀའ་དྲིན་ཆེ་ཞུ། ཀུན་མཁྱེན་བླ་མ་དམ་པ་ཨེ་མ་ཧོས་མཇལ་བ་ཡག་པོ་རེད། ཨོ་ཉི་ཤི་སོང་མེད་ན་བླ་མ་མཇལ་ན་ཡག་པོ་རེད་དྲན།
གོང་ས་མཆོག་གིས་ཞབས་བརྟན་གནང་བར་འགོད་པས་ཆོས་མཆེད་ཚོར་ལེགས་སྐྱེས་སོ།།
༧ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས་ཀྱི་ཞབས་བརྟན་ཡིད་བཞིན་ནོར་བུ་བཞུགས་སོ།།
སྨྲ་བའི་ཉི་མ་འདྲེན་མཆོག་ཟས་གཙང་སྲས། །
གངས་རིའི་གཉེན་གཅིག་འཕགས་མཆོག་ཞི་ཁྲོའི་ཚོགས། །
མཁན་སློབ་ཆོས་རྒྱལ་བརྒྱུད་པར་བཅས་པ་ཡིས། །
དགེ་ལེགས་བྱེ་བའི་དངོས་གྲུབ་དེང་འདིར་སྩོལ། །
རབ་རྒྱས་པད་དཀར་ཟླ་བའི་གདན་གྱི་སྟེང་། །
བརྒྱད་གཉིས་ཡིད་འོང་ལང་ཚོའི་དཔལ་འཛིན་པའི། །
ཏཱྃ་ཡིག་ལས་བྱུང་རྒྱལ་ཡུམ་ཏ་རེ་མས། །
འཆི་མེད་གྲུབ་པའི་བྱིན་བརྒྱ་དེང་འདིར་ཕོབས། །
རླབས་ཆེན་ཐུགས་བསྐྱེད་གྲངས་མེད་སྨོན་ལམ་མཐུ། །
དུས་སུ་སྨིན་པས་གངས་ཅན་བསྟན་འགྲོའི་སྲོག །
འཛིན་པའི་ཆོས་རྗེ་འཇིག༵ས་མེད༵་ཕུན༵་ཚོག༵ས་ཞབས། །
གསོལ་བ་འདེབས་སོ་དགེ་ལེགས་ཆར་དུ་བསྙིལ། །
མ་སྨད་ཚུ༵ལ་ཁྲིམ༵ས་དག་པའི་དབྱིག་གི་ནོར། །
ཡོན་ཏན་རིན་ཆེན་བྱེ་བའི་གཏེར་འཛིན་པ། །
རྒྱ་ཆེན་བློ་གྲོས་མཚུངས་པ་མེད་པའི་སྡེ། །
ངེས་དོན་བཤེས་གཉེན་ཆེན་པོར་གསོལ་བ་འདེབས། །
ཡོངས་རྫོགས་གངས་ཅན་རྒྱལ་བསྟན་ས་ཆེན་པོ། །
དུས་ཀྱི་མུན་པའི་ཀློང་དུ་བྱིང་བ་ན། །
མཛད་པའི་འཕྲིན་ལས་འོད་སྣང་འབུམ་ཕྲག་གིས། །
བསྟན་པའི་སྲོག་མཐུད་མཛད་པ་རྨད་དུ་བྱུང་། །
ཐོས་བསམ་སྒོམ་པས་ངེས་དོན་ལེགས་རྙེད་ནས། །
རིས་སུ་མ་མཆིས་རྒྱལ་བའི་བསྟན་པ་མཆོག །
འཆད་རྩོད་རྩོམ་པས་རྒྱ་ཆེར་སྤེལ་མཛད་པའི། །
གཤེས་གཉེན་མཆོག་ཁྱེད་ཞབས་པད་བརྟན་པར་མཛོད། །
སྲས་བཅས་རྒྱལ་བ་རྒྱ་མཚོས་བྱིན་རླབས་དང་། །
ཁྱད་པར་གངས་རིའི་མགོན་པོ་པད་དཀར་འཆང་། །
མཚོ་སྐྱེས་རྒྱལ་བའི་ཐུགས་བསྐྱེད་བདེན་པའི་མཐུས། །
ཇི་ལྟར་སྨོན་པའི་དོན་ཀུན་འགྲུབ་པར་ཤོག།
ཅེས་པ་དེང་གངས་ལྗོངས་སྨད་ཀྱི་ཆར་ཐུབ་བསྟན་རིན་པོ་ཆེ་མི་ནུབ་པའི་རྒྱལ་མཚན་དགུང་དུ་སྒྲེངས་བ་ལ་སྔོན་གྱི་ཐུགས་བསྐྱེད་དང་སྨོན་ལམ་གྱི་མཐུ་སྨིན་པས་གསེར་རྟ་བླ་རུང་རིག་ནང་བསྟན་སློབ་གླིང་གི་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱི་ཞབས་བརྟན་སྨོན་ཚིག་འདི་བཞིན། གསེར་རྟ་བླ་རུང་སྒར་ཁའི་འདུས་ཚོགས་དང་། འཛམ་གླིང་ཡུལ་གྲུ་དུ་མར་ཉིད་ཀྱི་སློབ་མར་གཏོགས་པ་ཀུན་དང་། གསེར་རྟ་བླ་རུང་སྒར་ནས་འབྱོར་བའི་མཁན་པོ་ཐུབ་བསྟན་ཉི་མ་དང་། ཚེ་རིང་བཀྲ་ཤིས་གཉིས་ནས་རེ་བསྐུལ་བགྱིས་དོན་དང་། མཁན་ཆེན་ཉིད་ཀྱི་བསྟན་འགྲོར་སྨན་པའི་མཛད་བཟང་ཐག་རིང་ཡུལ་ནས་རྣ་བར་སོན་པས་ཡི་རང་སྤྲོ་བ་དང་བཅས་འདུ་བགྱིས་པ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ་ཏཱ་ལའི་བླ་མ་བསྟན་འཛིན་རྒྱ་མཚོས། བོད་རབ་བྱུང་བཅུ་བདུན་ས་གླང་ལོའི་ཟླ་ ༡༡ ཚེས ༢༠ དང་། ཕྱི་ལོ་ ༢༠༡༠ ཟླ་ ༡ ཚེས་༥ ལ།།
ན་མོ་མ་ཧཱ་་གུ་རུ་བུདྡྷ་ཤཱི་ལ་མ་ཏི་ཡ།
འདི་རིགས་ལེགས་པོ་མ་ཤེས་ན་མ་བྲིས་ན་ལེགས། མགོ་རྐང་ཆ་མི་ཚང་པ་འདི་དག་
ན་མོཿ ཕྱག་འཚལ་ལོ།
མ་ཧཱ ཆེན་པོ
གུ་རུཿ བླ་མ
བུངྔྷ་ཿ་སངས་རྒྱས
ཤཱི་ལཿ མར་མེ་(འདི་དག་ཆ་དང་སྡེབ་གཉིས་ཆ་ནོར་འདུག
མ་ཏི་ཡཿ བཟང་བོ་འམ་བཟང་མོ་
ལེགས་སྦྱར་བྲིས་ན་དགེ་མཚན་ཆེ་བར་སྐད་ལ་བག་ཆགས་འཇོག། རྒྱུད་ལ་བྱིན་རླབས་ཞུགས། དུས་གསུམ་སངས་རྒྱས་ཀྱི་ཕ་སྐད་ལྟ་བུ་ཡིན་པས་དགེ་མཚན་ཆེ་བས་ཤིན་ཏུ་བཟང་ངོ་། དེས་ན་་་ན་མོ་ཕྱག་འཚལ། མ་ཧཱ་ནི་ཆེན་པོ། གུ་རུ་བླ་མ། བུངྔྷ་སངས་རྒྱས། ཤཱི་ལ་ཚུལ་ཁྲིམས།། མ་ཏི་བློ་གྲོས། ཡ་ནི་རྒྱ་གར་གྱི་རྣམ་དབྱེ་བཞི་བ་རེད། བོད་སྐད་དུ། ཀུན་མཁྱེན་བླ་མ་ཆེན་པོ་ཚུལ་ཁྲིམས་བློ་གྲོས་ལ་ཕྱག་འཚལ་ལོ། ཡིན་ས་རེད། གོང་གི་དཔྱད་པ་དེས་་་ཕ་བོང་ཁས་གུ་རུ་སིདྡྷི་འགྲེལ་ལོག་བྱས་པ་ལ་དྲན་གསོ་བྱས་མི་འདུག་གམ།
གངས་བུ་རྩེ་རྒྱལ།་ལགས་ཀྱིས་མཆན་བཏབ་པ།:
November 18th, 2011 at 6:44 AM
ཀ་དག་རིག་པ་རང་བྱན་ཆུབ་པས་མདོ་རྒྱུད་རྒྱ་མཚོ་གླུ་རུ་བླངས། །
ཁ་བ་རི་པའི་ལས་དབང་དགོངས་ནས་བརྩོན་པའི་གོ་ཆ་ལྷག་པར་བཞེས། །
ག་ལེར་བཞུགས་པའི་གོ་སྐབས་ཙམ་མེད་བོད་པ་སྤྱི་ཡི་ལས་ལ་བྲེལ། །
ང་ཅག་འདྲེན་པ་ཚུལ་ཁྲིམས་བློ་གྲོས་གངས་ཅན་མགོན་གཅིག་དགྱེས་པའི་བུ། །
ཅ་ཅོའི་གཏམ་གྱི་ལབ་གླེང་མི་མངའ་གནང་དེང་རིག་པའི་ལེགས་བཤད་འཆད། །
ཆ་ལུགས་ངུར་སྨྲིག་རྒྱལ་མཚན་འཆང་བ་མཉམ་མེད་ཤཱཀྱའི་སྲས་གཅིག་པུ། །
ཇ་སོགས་འཚོ་བའི་དངོས་པོ་ཙམ་ལས་འདོད་ཡོན་གནས་ལ་ཞེན་པ་མེད། །
ཉ་ཉུང་ཟས་ཀྱིས་ཀུན་ནས་ཆོག་ཤེས་བཀའ་གདམས་གོང་མའི་རྣམ་ཐར་འཛིན། །
ཏ་ཐཱ་ག་ཏའི་བསྟན་པའི་སྙིང་པོ་ཐབས་དང་ཤེས་རབ་ཡ་མ་བྲལ། །
ཐ་དག་འགྲོ་བའི་མོས་བློ་དང་འཚམས་ཆོས་ཀྱི་སྦྱིན་པ་གྲངས་མེད་བསྩལ། །
ད་དུང་ཐུགས་ལ་བསྙེལ་བ་མི་མངའ་གདུལ་བྱའི་དོན་རབ་མཛད་པ་ནི། །
ན་ཀྲ་གནས་པའི་ཆུ་བོའི་གཏེར་གྱི་རླབས་ཕྲེང་དུས་ལས་ཡོལ་མེད་བཞིན། །
པ་གོར་བཻ་རོ་ཙ་ནའི་མཛད་པ་སླར་ཡང་ཁྱེད་ཀྱི་ཕྲག་ཏུ་བཞེས། །
ཕ་རོལ་མི་བསྲུན་སྐྱེ་བོས་དམོད་སྐུར་ཞི་བའི་ཐུགས་ལ་འཁྲུགས་པ་མེད། །
བ་གླང་ལྟ་བུའི་བླུན་པོའི་ཚོགས་ཀྱིས་འཁྱོག་བཤད་གཏམ་གྱིས་རྒོལ་ན་ཡང་།།
མ་ལྟར་བརྩེ་བའི་རང་བཞིན་མི་དོར་སེམས་དཔའ་ཆེན་པོའི་ཁྱད་ཆོས་ཡིན། །
ཙ་རི་བསྐོར་བའི་ཆོས་པ་དག་ཀྱང་ཁྱེད་མཚན་ཐོས་པས་ཐལ་མོ་སྦྱོར། །
ཚ་གྲང་ཐུབ་པའི་བྱ་བཏང་དག་ཀྱང་ཁྱེད་ཀྱི་མདུན་ནས་གདམས་ངག་གསན། །
ཛ་ལང་སྤྱོད་པའི་དམུ་རྒོད་དག་ཀྱང་ཁྱེད་ཉིད་མཇལ་བས་དད་པ་འཕེལ། །
ཝ་ལེར་བསམ་ན་སྐྱེས་བུ་ཁྱེད་འདྲ་དེང་གི་དུས་སུ་ཉིན་སྐར་ཙམ། །
ཞྭ་མོའི་ཁ་དོག་མི་མཚུངས་ཙམ་ལས་དོན་ལ་བུ་རམ་ཤིང་པའི་བསྟན། །
ཟ་ཆོག་ཙམ་ལས་མི་ཤེས་དག་ལ་གོ་བརྡ་འཕྲོད་པ་དཀའ་མོད་ཀྱང་།།
འ་ཅག་བོད་པའི་བློ་གསལ་དག་ལ་དགོངས་པའི་བབ་སོ་གཅིག་ཏུ་བསྒྲུབས། །
ཡ་མཚན་མཁས་པའི་གཟིགས་མོ་འདི་ཡང་སྲིད་ཞིའི་རྒྱན་དུ་མི་ཆེའམ། །
ར་རིས་གོས་པའི་ཉམ་ཐག་འགྲོ་བ་རྒུད་པའི་གཡང་ས་ཆེན་པོ་ལས། །
ལ་མོར་སྐྱོབ་པའི་ལྷག་བསམ་དཀར་པོ་ཟླ་བའི་འོད་ཀྱིས་མཚོན་ནུས་མིན། །
ཤ་ཟན་བོད་ལ་ལྷག་པར་བརྩེ་བའི་དྲི་མེད་མཛད་བཟང་ལྷུར་བཞེས་པར། །
ས་སྟེང་འདི་ན་མིག་མི་འཛུམ་ལས་གཞན་གྱི་དོ་ཟླ་དམིགས་སུ་མེད། །
ཧ་ཅང་ཡོན་ཏན་བརྗོད་ཀྱིས་མི་ལང་མཁས་པའི་བགོ་སྐལ་ཉིད་དུ་དབང་།།
ཨ་མདོ་ཞི་ལིའི་ངག་ལས་ཐོན་པ་རེ་ཞིག་འདི་ཙམ་ཉིད་དུ་སེམས། །
༧ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས་དཔལ་བཟང་པོའི་བསྟོད་གསོལ་གཉུག་མའི་རང་སྒྲ་ཞེས་བྱ་བ། །
ཨེ་མ་ཧོ། །
རབ་འབྱམས་རྒྱལ་ཀུན་སྤྱི་གཟུགས་པདྨ་འབྱུང་། །
མདོ་སྔགས་བསྟན་པའི་བདག་པོ་ཞི་བ་འཚོ། །
བསྟན་སྲིད་རིག་པའི་རྒྱལ་པོ་ཁྲི་སྲོང་རྗེ། །
ཀུན་འདུས་ཀུན་མཁྱེན་བླ་མ་རྒྱལ་གྱུར་ཅིག །
མགོན་ཁྱེད་ཆོས་རྗེ་བླ་མའི་ཐུགས་སྲས་མཆོག །
ཟབ་རྒྱས་གདམས་པའི་མཛོད་འཛིན་རྒྱལ་བ་དངོས། །
བསྟན་འགྲོར་ཕན་བདེ་སྒྲུབ་པའི་དེད་དཔོན་རྗེ། །
འཇིག་རྟེན་མུན་པ་བསལ་བའི་ཉི་ཟླར་མཚུངས། །
མཁས་བཙུན་བཟང་པོའི་མཚན་ལྡན་དགེ་བའི་བཤེས། །
འཆད་རྩོད་རྩོམ་པའི་ལེགས་བཤད་སྒྲ་བརྒྱའི་དབྱངས། །
ཐོས་བསམ་སྒོམ་པའི་གྲུབ་འབྲས་མཐར་སོན་པའི། །
ཀུན་མཁྱེན་རྒྱལ་བ་གཉིས་པ་ཁྱེད་མིན་སུ། །
ཆོས་བརྒྱད་དྲི་མས་མ་གོས་བླ་མ་རྗེ། །
ཆོས་ཀུན་དེ་ཉིད་གཟིགས་པའི་ཆོས་ཀྱི་རྗེ། །
ཆོས་སྲིད་ལམ་བཟང་སྟོན་པའི་སྐྱབས་གནས་རྗེ། །
རྗེ་བཙུན་རིག་འཛིན་བླ་མ་ཞབས་བརྟན་གསོལ། །
མཚོ་སྐྱེས་རྒྱལ་བ་འཁྲུངས་པའི་དུས་བཟང་དང་། །
ཚོགས་གཉིས་བསགས་པའི་དུས་ཆེན་རྟེན་འབྲེལ་ལ། །
སྐུ་ཉིད་མཚན་དཔེ་བཞད་པའི་བསྐལ་བཟང་འདི། །
སྐྱེ་དགུ་བསོད་ནམས་སྨིན་པའི་དགེ་ལེགས་ཕུལ། །
འཛམ་གླིང་གོ་ལ་ཟླུམ་པའི་ཡོངས་སྟེང་རུ། །
ཆོས་བཞིན་སྤྱོད་པའི་རྒྱལ་བ་གཉིས་པ་ཁྱེད། །
གསང་གསུམ་བསྟན་པའི་རྒྱན་དུ་ཡོངས་ཤར་བ། །
མཇལ་བའི་སྐལ་བཟང་ངེད་ཅག་བསོད་ནམས་ཆེ། །
ཚུལ་ཁྲིམས་རྣམ་དག་གནས་བརྟན་དགེ་སློང་ཆེ། །
བློ་གྲོས་མཚུངས་མེད་རྗེ་བཙུན་འཇམ་དཔལ་དབྱངས། །
མཁས་གྲུབ་རིག་འཛིན་རྒྱལ་པོ་ཀུན་ཏུ་བཟང་། །
ཀུན་མཁྱེན་བླ་མའི་བཞེད་དོན་ལྷུན་གྲུབ་ཤོག །
སྐུ་མཆོག་གཡོ་མེད་རྟག་བརྟན་རྡོ་རྗེའི་སྐུ། །
གསུང་དབྱངས་འགགས་མེད་ཚངས་དབྱངས་དྲུག་ཅུའི་གསུང་། །
ཐུགས་རྗེ་དྲི་མེད་སྤངས་རྟོགས་ཡེ་ཤེས་དཔལ། །
ཕྲིན་ལས་ཟླ་མེད་འཁོར་འདས་རྒྱན་ཏུ་ཤོག །
ཅེས་པ་འདི་ཡང་རབ་རྒྱན་ཆུ་སྦྲུལ་ཆུ་སྟོད་ཟླ་བའི་ཡར་ཚེས་བཅུ་ཉིན་སྤྲུལ་སྐུ་པདྨ་དབང་ཆེན་རིགས་པའི་རྒྱལ་པོའི་གསུང་བསྐུལ་བཞིན་དུ་གང་དྲན་བཅོས་བསྒྱུར་མེད་པར་མགོན་པོ་གང་གི་སློབ་བུ་ཐ་ཤལ་བ་ཤྲྰི་སྨྱོན་པས་ཝ་ཡེལ་ཚན་རིག་དུས་སྟོན་ཚོགས་གྲལ་ནས་གསོལ་བ་འདེབས་པར་ཁ་པར་ནང་ནས་མགྱོགས་བྲིས་བགྱིས་པར་དགེའོ། །
མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་ལ་བསྔགས་པའི་ཀ་ཕྲེང་ཁ་གསལ་དོན་ལྡན་མ་ཞེས་བྱ་བ།
ཀླུ་སྨྱོན་ཧེ་རུ་ཀ
ཀ་མ་ལ་ཡིས་ཕྱག་གི་འཁྲི་ཤིང་མཛེས་པའི་མཆོག་ཏུ་སྤུད་པ་ཡི། །
ཁ་བ་རི་བའི་ལྷ་སྐལ་གཅིག་བུ་འཕགས་མཆོག་མིག་མི་འཛུམ་པ་ཞེས། །
ག་ས་གང་དུ་འཕྲིན་ལས་རྒྱ་མཚོ་དུས་ལས་ཡོལ་མེད་འཕྱུར་བ་དེར། །
ང་ཅག་མགོ་ནག་བོད་པ་ཡོངས་ཀྱིས་ཉིན་མཚན་ཀུན་ཏུ་ཕྱག་འཚལ་ལོ། །
ཅ་ཅོའི་རྩོད་ལྡན་སྙིགས་མ་ལྔ་ཡི་ཆུ་སྤྲིན་ནག་པོ་འཁྲིགས་པའི་མཁར། །
ཆ་ཤས་ཡོངས་རྫོགས་ཚུལ་ཁྲིམས་གཙང་མའི་རི་བོང་གཟུགས་ཀྱིས་མཛེས་པ་དང་། །
ཇ་ཆང་འདོད་ཡོན་གྲིབ་མས་ཡོངས་བཏང་བློ་གྲོས་འོད་དཀར་ཕྱོགས་བརྒྱར་འགྱེད། །
ཉ་གང་ཟླ་བའི་མཛེས་སྡུག་འབར་བའི་མཁན་ཆེན་གང་དེ་རྒྱལ་གྱུར་ཅིག །
ཏཱ་ལའི་འདབ་འདྲའི་ཆོས་གོས་གསོལ་བའི་མཚན་དཔེ་རྫོགས་པའི་སྐུ་གཟུགས་ཙམ། །
ཐ་མལ་གདུལ་བྱས་མཇལ་ཙམ་ཉིད་ནས་ཐར་པའི་ས་བོན་བསྐྲུན་མཛད་ཅིང་། །
ད་ལྟའི་དུས་འདིར་ཆོས་རྗེ་བླ་མའི་རྒྱལ་ཚབ་ཆེན་པོ་འདི་ཉིད་ལས། །
ན་ནིང་དོ་ཚིགས་འགྲན་ཟླ་བྲལ་བའི་སྐྱེས་བུ་གཞན་ཞིག་ངས་མ་མཐོང་། །
པ་སངས་ལྟ་བུའི་ཐུགས་རྗེ་ཆེན་པོས་དུད་འགྲོ་དུང་ཕྱུར་སྲོག་ལས་བསྐྱབས། །
ཕ་རོལ་ཕྱིན་གཞུང་རྒྱ་མཚོའི་ངོགས་སུ་ཤེས་རབ་ཆེན་པོའི་གྲུ་གཟིངས་བསྐྱོད། །
བ་ལང་ལྟ་བུའི་བོད་པ་ཚོ་ལ་དགེ་བཅུའི་ཁྲིམས་ཀྱི་གསེར་སྲབ་བསྐོན། །
མ་ལུས་འགྲོ་བའི་སྐྱབས་གཅིག་ཁྱེད་ཉིད་ཨོ་རྒྱན་ཆེན་པོ་ངུར་སྨྲིག་ཟོལ། །
ཙ་རི་བསྐོར་བའི་སྒྲིབ་སྦྱོང་དེ་ཚོ་ཁྱེད་གསུང་བརྩིས་ན་དེ་གས་འཐུས། །
ཚ་གྲང་དམྱལ་བའི་སྡུག་བསྔལ་དེ་དག་ཁྱེད་གསུང་བརྩིས་ན་དེ་གས་སྐྱོབ། །
ཛ་དྲག་དུས་ཀྱི་རྒུད་པ་མ་ལུས་ཁྱེད་གསུང་བརྩིས་ན་དེ་གས་སེལ། །
ཝ་ལེར་ཁྱེད་ཀྱི་སྐུ་གསུང་ཐུགས་ཡོན་དྲན་པའི་ཚེ་ན་མཆི་མ་བཞུར། །
ཞྭ་མདོག་ཙམ་གྱི་གྲུབ་མཐའི་ཕྱོགས་རིས་ས་འོག་རིམ་པ་དགུ་རུ་སྦས། །
ཟ་འཐུང་ཉི་ཚེའི་ལྟ་བ་ངན་པ་རྒྱང་རིང་ཕུགས་བསམ་ཆེན་པོས་མནན། །
འ་ཅག་བོད་པའི་ཆོས་དང་རིག་གཞུང་གསར་ཞེན་དག་ལ་ངོ་སྤྲད་དེ། །
ཡ་མཚན་མཛད་འཕྲིན་ཉི་ཟླའི་འོད་ཀྱི་རྗེས་འགྲོ་མཁན་ཆེན་ཁྱེད་ལ་འདུད། །
རྭ་ཅོ་མེད་ཀྱང་ཕྱུག་ལས་བླུན་པའི་འབྲོག་རྒན་དག་ལ་ཆོས་སྦྱིན་བསྩལ། །
ལ་ལུང་བོང་བུའི་རྨིག་རྗེས་འཚོལ་བའི་རོང་རྒན་ཚོ་ལ་རིག་སྦྱིན་བསྩལ། །
ཤ་ཟན་མགོ་ནག་བོད་པ་སྤྱི་ལ་མི་རིགས་སྐྱོབ་པའི་ཐབས་ལམ་བསྟན། །
ས་སྟེང་འདི་ན་མཁན་ཆེན་ཁྱེད་ལས་བཀའ་དྲིན་ཆེ་བ་སུ་ཞིག་བདོག །
ཧ་ཅང་དད་གུས་དྲག་པོ་ཞིག་ནི་སྔོན་ནས་ཁོ་བོར་མཆིས་ན་ཡང་། །
ཨ་ལགས་ཐུབ་བསྟན་ནོར་བུ་མཆོག་གིས་ཐེ་ཝན་མཚོ་གླིང་ནས་བསྐུལ་ཏེ། །
ཀླུ་སྨྱོན་རྒན་པོའི་སོར་མོ་བཅུ་བོ་གློག་ཀླད་གྲུ་བཞིའི་མཐེབ་གཞུང་དུ། །
སྐར་མ་བཅུ་ལ་བར་མེད་རྩེན་པའི་རྗེས་ཤུལ་དེ་ནས་འདི་ཙམ་རྙེད། །
ས་སྒང་ན་དཀོན་པའི་དུས་བབས་ཀྱི་རྒྱལ་སྲས།
སྐུ་འགྲན་བྲལ་གྱི་དེད་དཔོན་དམ་པ། གསུང་འཚེ་མེད་ཀྱི་ཞི་བའི་ལམ་སྟོན། ཐུགས་བྱང་བགྲོད་ཀྱི་སངས་རྒྱས་གསོན་པོ། ཤར་ཀློང་ཆེན་པའི་རྒྱལ་སྲས་ངོ་མ། ཡབ་ཁྱུང་ཆེན་གྱི་བུ་རྒྱུད་དག་མ། འཁོར་བུ་སློབ་གྱི་རེ་བའི་མ་མ། ཨེ་མ་དེ་བས་ཀྱང་ཡིད་དགའ་བའི་ཁྱད་མཚར་གྱི་ཤོག་ལྷེ་ཞིག་དང་སེམས་སྤྲོ་བའི་དད་འདུན་གྱི་མེ་ཏོག་ཞིག་ནི། ཉེར་གཅིག་དུས་རབས་ཀྱི་བག་གསར་མགྲོན་དུ་འོང་ཞིང་ཚན་རྩལ་རིག་གནས་ཀྱི་གཤོག་ཟུང་དལ་གྱི་བརྐྱངས་ཏེ། མི་རྣམས་འགྲན་རྩོད་ཀྱི་བློ་མིག་ཧྲིག་ཧྲིག་བྱེད་དུས། གང་གིས་འཕྲིན་ལས་ཀྱི་དུས་བབས་ཆེན་པོས་འོད་དཀར་གྱི་ཟེགས་མ་རེ་རེས་མུན་ནག་གི་དུར་ཐང་སྣང་བར་བྱས་ཤིང་། མཚུངས་བྲལ་གྱི་མཛད་པ་རེ་དང་ཚད་གྲུབ་གྱི་བདེན་གསུང་རེ་རེས་མཐའ་འཁོབ་གྱི་དབུ་འཕང་མཐོ་བར་བྱས། ཕྱི་རབས་ཀྱི་རྒྱལ་སྲས་རྣམ་པ་ཚོས་ལྟོས་དང་ཁྱད་མཚར་གྱི་ལོ་རྒྱུས་འོད་དཀར་གྱི་ལམ་བུ་མེ་ཏོག་གི་དགའ་ཚལ། མཛེས་སྡུག་གི་འཇའ་ཚོན་དཀར་དམར་གྱི་ལང་ཚོ། ད་དུང་ཞི་དུལ་གྱི་རྣམ་པ། སྒོ་གསུམ་གྱི་རང་ཚུགས། གཞུང་དྲང་གི་གཤིས་ཀ ཡ་རབས་ཀྱི་ཀུན་སྤྱོད། དཔྱོད་ཤེས་ཀྱི་བློ་མིག འཚོལ་ཤེས་ཀྱི་ཤེས་རབ་སོགས་བོད་ཕྱི་རབས་པའི་མིག་ལྟོས་དམ་པ། ས་མཐོ་སྒང་གི་རེ་བའི་སྐར་ཆེན། ཡུལ་གདོང་དམར་པའི་སྣེ་ཁྲིད་བཟང་པོ། སྡེ་འབངས་མི་ཚོ་སེམས་ཀྱི་ཁེན་ས། དགོན་གྲྭ་མང་ཚོའི་རེ་བའི་ལྗང་སྨྱུག བོད་སིལ་ཆད་ཀྱི་མཛངས་མི་དང་པོ། གཞུང་སྐད་རིགས་ཀྱི་ལོ་ཙྭ་ཐོག་མ། གངས་ཅན་པ་སྨྲ་བའི་དབང་ཕྱུག རི་མཐོ་སྒང་གི་གཞོན་ནུ་རྣམས་ཀྱིས་ཉོན་དང་། དུས་རབས་ཀྱི་འགྲོས་དང་མཐུན་ཞིང་མི་རིགས་ཀྱི་བློ་དང་འཕྲོད་པ། ལྷ་ཆོས་ཀྱི་གཞུང་དང་མཐུན་ཞིང་མི་ཆོས་ཀྱི་ལུས་དང་འཚམ་པ། རྩ་ཁྲིམས་ཀྱི་གནད་དང་མཐུན་ཞིང་རང་བསྟན་ལ་དགོངས་འགལ་མེད་པའི་དུས་བབས་ཀྱི་ཞལ་ཏ་རེ་རེ་ནི་བསླུ་མེད་ཀྱི་རྒྱལ་བའི་བཀའ་ལུང་། ཚད་གྲུབ་གྱི་སྐྱེས་བུའི་ཞལ་ལུང་། རྫུན་བྲལ་གྱི་བདེན་པའི་གསུང་གླེང་རྣ་བ་ལ་སྙན་འཇེབས་སྟེར་བའི་ཚངས་པའི་གླུ། ཡང་ན་དྲི་ཟའི་ངག སེམས་ཁུངས་ལ་བདེ་སྐྱིད་བསྩོལ་བའི་བདུད་རྩིའི་ཐིགས་པ། ཡང་ན་ཚེ་ཡི་ཆང་། གང་ལྟར་ཁྱེད་ནི་རང་བཞིན་གྱི་མཁས་པ་དཀྱུས་མ་ཞིག་མ་ཡིན་ཏེ་འགྱུར་མེད་ཀྱི་སྙིང་སྟོབས། ཞུམ་མེད་ཀྱི་སྤོབས་པ། ཉམས་མེད་ཀྱི་འཕྲིན་ལས། བླ་མེད་ཀྱི་ཤེས་རབ་འདི་ལྟ་བུ་ཞིག་ཇི་ལྟར་རྒྱས་པ་ཡིན། རམ་འབྱམས་པ་ཚུལ་ཁྲིམས་བློ་གྲོས། ཨེ་མ་ངོ་མཚར་བའི་རང་བྱུང་གི་རི་མོ་འོད་འཚེར་བའི་དགེ་མཚན་གྱི་ལོ་རྒྱུས། ཁྱེད་ནི་གནའ་དེང་གཞུང་ལུགས་ལ་མངའ་དབང་བསྒྱུར་བའི་གོང་མ་ཞིག ཁྱེད་ནི་ཁེངས་པ་སྤངས་ཤིང་དྲེགས་པ་མེད་པའི་སྐྱེས་བུ་ཞིག ཁྱེད་ནི་སྙིགས་མ་དོར་ཞིང་སྙིང་བཅུད་ལེན་པའི་མཁས་པ་ཞིག ཁྱེད་ནི་མཐའ་གཉིས་ཀུན་བསལ་གྱི་དབུས་ལམ་དགྱེས་པའི་དྲང་བདེན་གཙིགས་འཛིན་གྱི་བཤེས་གཉེན་ཞིག ཁྱེད་ནི་ལུས་སེམས་གཙང་ལ་ལང་ཚོ་ལྡན་པའི་མི་བུ་ཞིག ཁྱེད་ནི་གཞུང་ལུགས་རམ་འབྱམས་སྐྲུན་པའི་བུམ་བཟང་ཞིག ཁྱེད་ནི་དམ་ཆོས་ཀྱི་རྒྱལ་མཚན་སྒྲེང་བའི་ལུང་ཟིན་གྱི་སྐྱེས་བུ་ཞིག ཁྱེད་ནི་བླ་མ་ཡི་རྒྱལ་སར་བཀོད་པའི་ཚབ་མཚོན་གྱི་མི་སྣ་ཞིག ཁྱེད་ནི་མེ་དཔུང་གི་ཚྭ་གཟེར་འཇོམས་པའི་དངོས་གྲུབ་གྱི་ཆར་རྒྱུན་བསིལ་མ། ཁྱེད་ནི་མུན་ནག་གི་འཁོར་ཡུག་སྣང་བའི་འོད་དཀར་གྱི་སྒྲོན་མེ་རྐང་གཅིག ཁྱེད་ནི་ཚན་རྩལ་གྱི་ཀོང་ཇོ་བསུ་བའི་གནམ་འོག་གི་རྒྱལ་སྲས་དམ་པ། ཁྱེད་ཀྱི་སྐུ་ཚེ་ཡི་དུས་ཡུན་ནང་ལ་གངས་ཅན་པའི་དར་རྒུད་འདུས་ཡོད། ཁྱེད་ཀྱི་ལོ་རྒྱུས་ཀྱི་ཤོག་ལྷེའི་སྟེང་ན་གདོང་དམར་པའི་འཕེལ་འགྲིབ་འཁོད་ཡོད། ཁྱེད་ཀྱིས་མཛད་པ་ཡི་བཞུར་རྒྱུན་རིང་མོའི་ང་ཚོ་ལ་རྒྱལ་ཁ་དང་གཟི་བརྗིད་གནང་ཡོད། ཁྱེད་ཀྱིས་བཀའ་སློབ་གྱི་ཞལ་ཏ་སྙན་མོས་ང་ཚོ་ལ་སྐུལ་མ་དང་སྙིང་སྟོབས་བསྩལ་ཡོད། ཁྱེད་ཀྱིས་ཐུགས་རྗེ་དང་བརྩེ་བ་ཟབ་མོས་ང་ཚོ་ལ་བདེ་སྐྱིད་དང་དགོད་སྒྲ་གནང་ཡོད། དེའི་ཕྱིར་ང་ཚོ་ནི་ཁྱེད་ཀྱི་འགྲོས་དང་བསྟུན་ནས་མདུན་དུ་བསྐྱོད་ན་འདོད། ང་ཚོ་ནི་ཁྱེད་ཀྱི་རྒྱུན་དང་འགྲོགས་ནས་སྔོན་དུ་ཆས་ན་འདོད། མི་དབང་གི་ལྷ་ཡི་སྲས་པོ། ཁྱེད་མེད་ན་འགོས་ཁྱབ་རང་བཞིན་གྱི་ཨེ་ཛི་ལ་ཉེན་བརྡ་ཇི་ལྟར་གཏོང་། ཚེ་སྲོག་ཀུན་འཇོམས་ཀྱི་ནད་ཡམས་ལ་བཀག་རྒྱ་ཇི་ལྟར་བྱེད། ཡ་མེད་འཆི་བདག་གི་གདོན་འདྲེ་ལ་རྒོལ་ལན་ཇི་ལྟར་སྤྲོད། ངེས་དོན་གྱི་མ་ཧ་པཎྜི་ཏ་ཁྱེད་མེད་ན་སྐད་ཡིག་གི་ཚེ་སྲོག བརྡ་སྤྲོད་ཀྱི་ལུས་ཟུངས། རྒྱུན་བཀོལ་གྱི་ཐ་སྙད་སོགས་ཟུངས་ཟད་ཀྱི་ནད་པ་བཞིན་འཆི་ལ་ཉེ། བཙོན་རའི་ཉེས་ཅན་བཞིན་བསོད་ལ་ཉེ།བཤས་ར་ཡི་བཤའ་ལུག་བཞིན་ཚར་ལ་ཉེ། མཚུངས་བྲལ་གྱི་སྐྱབས་མགོན་ཆེན་པོ་ཁྱེད་ཀྱིས་ཤར་ནུབ་གྱི་རྣམ་བཞག རིག་གཞུང་གི་སྐྱེ་འཆི། ལེགས་ཉེས་ཀྱི་བླང་དོར། དགེ་སྡིག་གི་ལྕི་ཡང་། འཚོ་གནས་ཀྱི་རྐང་ལམ། རེ་བསྙེག་གི་འཐབ་རྩོད། ཐོབ་ཤོར་གྱི་བཟང་ངན། རྒྱལ་ཕམ་གྱི་གོང་འོག་སོགས་དགོས་གལ་རང་བཞིན་གྱི་བཀའ་སློབ་བསྩལ། བདེན་པ་ར་སྤྲོད་ཀྱི་སྒོ་མོ་ཕྱེས། གནས་ལུགས་ངོ་སྤྲད་ཀྱི་གདམས་པ་གནང་། གནའ་དེང་གི་སློབ་དཔོན་ཆེན་པོ། ཁྱེད་མེད་ན་དྭངས་གཙང་གི་ཕ་སྐད་གང་ནས་འཚེར། སྦྲག་སྐད་ཀྱི་བསྟན་པ་ཅི་ལྟར་སྣུབ། དགེ་བཅུ་ཡི་མཚན་སྙན་གང་ནས་འོང་། དཀར་ཟས་ཀྱི་དགེ་མཚན་གང་ནས་དར། དམར་ཟས་ཀྱི་མགོ་རྟིང་ཇི་ལྟར་སློག མདོར་ན་ཁྱེད་ཀྱིས་རྣམ་དཀར་གྱི་མཛད་རྗེས་ནི་རྩིས་མཐའ་ཡས་པའི་དུང་མདོག་གི་སྐར་ཚོམ། བགྲང་མཐའ་ཡས་པའི་དཀར་དམར་གྱི་མེ་ཏོག གུས་པ་ངས་རྟོག་གེའི་བློས་གཞལ་ག་ལ་ཐུབ། ཕྲན་ཆུང་ངས་ཆུ་མིག་གིས་མཐོང་ག་ལ་ནུས། གང་ལྟར་སྔ་འགྱུར་པའི་བསྟན་པའི་མངའ་བདག ཁྱེད་མེད་ན་ཕ་ཤུལ་སུ་ཡིས་འཛིན། ཕ་ཁྱིམ་སུ་ཡིས་སྐྱོང་། ཕ་མཁར་སུ་ཡིས་བརྩེགས། ཕ་གཞིས་སུ་ལ་བཅོལ། དེས་ཕྱིར་ས་སྒང་སྤྱི་དང་ཁྱད་པར་གངས་ཅན་པའི་བསོད་ནམས་ཀྱི་སླད་དུ་སྐུ་ཚེ་བསྐལ་བརྒྱར་དང་ཞབས་ཕུད་ཁྲི་ལོར་ཤོག། མཁྱེན་དཔྱོད་ཡངས་པ་ནམ་མཁའི་མཐའ་དང་མཉམ།། ཐབས་དང་ཤེས་རབ་ཉི་ཟླ་ཟུང་གཅིག་ལ།། མཛངས་པ་རྒྱུ་སྐར་དབུས་ཀྱི་ཐོ་རེངས་སྐར།།མཁས་པ་གཞན་རྣམས་སྲིན་བུ་མེ་ཁྱེར་འདྲ།། དམ་པ་ཁོང་གི་མཛད་པ་དང་འཕྲིན་ལས་རེ་ཟུང་ཞིག་ཡིད་ཡུལ་དུ་ཤར་བའི་རྐྱེན་བྱས་ཏེ་རྫ་པདྨ་དབང་རྒྱལ་ནས། གླིང་སྲས་བོད་ཡིག་དྲྭ་ཚུགས་ཀྱིས། འཕྲིན་ཕྲན་གྱི་སྦྲེལ་གནས།
མཁན་རིན་པོ་ཆེ་ཚུལ་ཁྲིམས་བློ་གྲོས་མཆོག་བདེ་བླག་ངང་དབྱིན་ཡུལ་དུ་ཕེབས་ནས་བསྟན་འགྲོའི་བདེ་དོན་ལ་མཛད་པ་འཕྲིན་ལས་རྒྱ་ཆེན་པོར་མཛད་པར་སེམས་གཏིང་ནས་ཡི་རང་དང་། ས་ག་ཟླ་བའི་འབུམ་འགྱུར་གྱི་དུས་ཚོད་རླབས་པོ་ཆེ་འདིར། ཉིད་ཀྱི་དགེ་བའི་མཛད་པ་མཐའ་དག་ལ་ཡི་རང་དང་། དགོངས་བཞེས་མཐའ་དག་ལྷུན་གྱིས་གྲུབ་པར་སྨོན།
ཇི་ལྟར་རྗེ་ཙོང་ཁ་པ་ཆེན་པོས། རང་དང་གཞན་གྱི་དགེ་བ་ལ། ཡི་རང་ཆེ་ཆེར་འབད་པ་འདི། རླབས་ཆེན་ཚོགས་རྣམས་མ་ལུས་པར། བདེ་བླག་སྒྲུབ་པའི་མན་ངག་ཆེ། ཞེས་གསུངས་པ་ལྟར། མཁན་རིན་པོ་ཆེའི་མཛད་པ་རླབས་ཆེན་པོ་དེ་དག་ལ་ཡི་རང་བྱེད་པ་ནི། ས་ག་ཟླ་བ་འདི་ལ་དགེ་བ་ཆེན་པོ་གསོག་པའི་སྒོ་ཞིག་ཡིན་པས། ཚང་མས་འདི་ལ་ཐུགས་སྐྱེད་མཛོད་རོགས།
སྟོན་པ་འཇིག་རྟེན་ཁམས་སུ་བྱོན་པ་དང་། བསྟན་པ་ཉི་འོད་བཞིན་དུ་གསལ་བ་དང་། བསྟན་འཛིན་ཕུ་ནུ་བཞིན་མཐུན་པ་དང་། བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག
བསྟན་པའི་དཔལ་འགྱུར་བླ་མའི་སྐུ་ཚེ་བརྟན། བསྟན་འཛིན་སྐྱེ་བུས་ས་སྟེང་ཡོངས་ལ་ཁྱབས། བསྟན་པའི་སྦྱིན་བདག་མངའ་ཐང་རྒྱས་པ་ཡིས། བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག
ཅིག་གིས།
་་་་་་ ཤཱི་ལཿ མར་མེ་(འདི་དག་ཆ་དང་སྡེབ་གཉིས་ཆ་ནོར་འདུག
མ་ཏི་ཡཿ བཟང་བོ་འམ་བཟང་མོ་་་་་་་ ཟེར།
ཡང་ཅིག་གིས།
་་་་་་་ བུངྔྷ་སངས་རྒྱས། ཤཱི་ལ་ཚུལ་ཁྲིམས།། ་་་་་་་་ ཟེར།
མར་མེ་ལ་ལེགས་སྦྱར་སྐད་དུ་ཨ་ལོ་ཀེ བཟང་པོ་ལ་བྷ་དྲ། མཆོད་ཡོན་སོགས་ཡོངས་གྲགས་རེད། རྒྱ་གར་སྐད་དུ། ཨརྱ་བྷ་དྲ་ཞེས་འཕགས་པ་བཟང་པོ་ལས་་་དེ་
བསྟན་པའི་དཔལ་གྱུར་བླ་མའི་ཞབས་པད་བརྟན། བསྟན་འཛིན་སྐྱེ་བུས་ས་སྟེང་ཡོངས་ལ་ཁྱབ།། བསྟན་པའི་སྦྱིན་བདག་མངའ་ཐང་འབྱོར་པ་རྒྱས།། བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །
མཁན་ཆེན་མཆོག་སྐུ་ཚེ་བརྟན་།