གདུགས་དཀར་ཚེ་རིང་།
༄༅།།དབང་ཕྱུག་བརྒྱད་ལྡན་འཇམ་དཔལ་སྙིང་བོ་ཡི།།
མདོ་སྔགས་ཆོས་ཚུལ་མ་ལུས་ལེགས་རྟོགས་ནས།།
འགྲོ་ལ་ལམ་བཟང་སྟོན་པའི་གཉེན་གཅིག་པུ།།
རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས།།
ཤེས་བྱའི་མཁའ་དབྱིངས་ཟབ་ཅིང་ཡངས་པ་ལ།།
བློ་གྲོས་དཀྱིལ་འཁོར་རྒྱས་པའི་འོད་ཟེར་གྱིས།།
སྐྱེ་རྒུའི་མི་ཤེས་མུན་པའི་ཚོགས་རྣམས་ཀུན།།
སེལ་བྱེད་དབང་བོ་འཇམ་པའི་དབྱངས་ལ་འདུད།།
ཅེས་བླ་མ་དང་རྗེ་བཙུན་མཁྱེན་པའི་གཏེར་དབྱེར་མེད་པའི་ཞབས་ལ་གསོལ་བ་འདེབས་པ་སྔོན་དུ་སོང་ནས། འདིར་དགེ་བའི་བཤེས་གཉེན་ཆེན་པོ་བྱམས་པ་འཕེལ་རྒྱས་ལགས་ཀྱིས་བསྐུལ་ངོ་མ་བཟློག་པ་དང་། མདང་གསུམ་ཐོ་རེངས་རྨི་ལམ་ཞིག་གི་རྐྱེན་བྱས་ཏེ་དྲ་ཐོག་གི་དྲི་བའི་ལན་དུ་བྱ་བ་ལ།
ཐོག་མར་ཐོ་རེངས་ཐ་མའི་ཐུན་གྱི་ཚེ། གྱི་ན་བ་བདག་རྒྱ་ནག་གི་གྲོང་ཁྱེར་ག་གེ་མོ་ཞིག་གི་ཇ་ཁང་ན། རྒྱ་ཇ་མེ་ཏོག་ཡོངས་འཛིན་ལ་རོལ་ཞིང་ཅི་མི་སྙམ་པར་ཡོད་ཙ་ན། དེ་སྔ་སྐབས་བཅུ་གཅིག་པའི་སྤྱི་འཐུས་ཚུལ་ཁྲིམས་བསྟན་འཛིན་དང་། སྤྱི་འཐུས་འཆི་མེད་རྡོ་རྗེ། སྤྱི་འཐུས་འཆི་མེད་རྣམ་རྒྱལ་གསུམ་འཕྲོ་རིམ་འཕྲོར། རླུང་འཚུབ་འཚུབ་ངང་ཚུར་ཡོང་བ་མཐོང་ངོ་། སྤྱི་འཐུས་ཚུལ་ཁྲིམས་བསྟན་འཛིན་གྱིས་བོད་ཆས་སྤུས་དག་ཅིག་སྤྲས་འདུག་པ་དང་། ཚུར་ཕེབས་ཞོར་ལ་ཁ་ཕྱིར་འཁོར་ཏེ་ལྭ་བའི་ཕུ་སྣེ་རྒྱབ་ལ་གཡུགས་བཞིན། ཕེ་་་ཕ་རོ། རྒྱ་མི་འདི་ཚོ་ལས་སྡུག་པ་ཅིག་མི་འདུག་ཅེས་དང་། འཆི་མེད་རྣམ་གཉིས་ཀྱང་གདོང་ལ་ཤིན་ཏུ་འུ་ཐུག་པའི་ཉམས་དང་བཅས་ཕར་ཞིག་ལ་དེངས་སོ།།
ཚུལ་དེ་མཐོང་ནས་གྱི་ན་བ་བདག་གིས་འདི་སྙམ་དུ་སེམས་ཏེ། ཡ་ ད་ཕར་བལྟས་ན་བོད་རྒྱ་ཞི་མོལ་མཚམས་ཆད་པ་འདྲ། ང་སོང་ནས་ཅང་ཙེ་མིན་ལ་གདོང་དང་གདོང་ཐུག་གིས་སྐད་ཆ་གསལ་བོ་ཞིག་འདྲི་དགོས། གཅིག་བྱས་ན། གོང་གསལ་སྤྱི་འཐུས་རྣམ་པས་ཕན་ཚུན་གོ་བརྡ་ཡག་པོ་ཞིག་མ་འཕྲོད་པ་ཡིན་ཤས་ཆེ། ང་རང་གིས་རྒྱ་ནག་སྐད་རང་གི་ཐོག་ནས་ཁོང་ལ་སྐད་ཆ་གསལ་བོ་ཞིག་ཅིས་ཀྱང་འདྲི་བར་བྱའོ་ཞེས་སེམས་ཐག་བཅད་དེ། ཅང་ཙེ་མིན་ག་ལ་བ་དེར་ཐུག་པར་སོང་བ་ན། ཁོང་ཚོམས་ཆེན་ཞིག་གི་དཀྱིལ་ན་རྐུབ་སྟེགས་ཤིག་གི་སྟེང་དུ་ལྷོད་དལ་དུ་བསྡད་འདུག
ཐོག་མའི་མཐོང་སྣང་ལ། ལུས་ལ་ཕྱི་གླིང་གི་ལྭ་བ་སྤུས་གཙང་ཞིག་གྱོན་ཞིང་གྲུང་རིག་རིག་དུ་འདུག་ནའང་། ལུས་ཟུངས་ཟད་དེ་སྟོབས་ཞན་པ་གདོང་ཡང་སྐམ་རིད་སྔོ་སངས་ངེ་བ་ཞིག་ཏུ་མཐོང་ངོ་། ཁོང་གིས་ང་ཡོང་བ་མཐོང་མ་ཐག་གདོང་ལ་འཛུམ་དང་བཅས་ག་ལེར་ཡར་ལངས་ནས་ཚུར་གོམ་པ་གང་སྤོས་ཏེ་་ང་ལ་ལག་པ་བསྲིངས་བཞིན་་你好吗?ཞེས་མཚམས་འདྲི་བྱས་པར། ངས་ཕར་ལག་པ་མ་བཏང་བར། ཁ་རི་ཁ་ཐུག་གིས་འདི་ལྟར་དྲིས་སོ། 你们到底怎么想的?为什么每次谈判都没有任何结果?达赖喇嘛尊者的中间道路到底有什么不对?我们已经让步让得再也没有地方可让了。你们已经把我们逼到梁山了,你们到底想怎样?འདི་བོད་སྐད་དུ་འགྱུར་ན། ཁྱོད་ཚོས་ཡང་སྙིང་ག་རེ་བསམ་གྱི་ཡོད། བོད་རྒྱ་ཞི་མོལ་ལན་དགུ་ཆད་མཐུད་དུ་བྱས་ཀྱང་གྲུབ་འབྲས་འདི་ཡིན་སྟོན་རྒྱུ་མེད་པ་ཅི་རེད། ༧གོང་ས་ཏཱ་ལའི་བླ་མའི་དབུ་མའི་ལམ་གྱི་དགོངས་གཞི་ལ་ཡང་སྙིང་མི་འགྲིག་པ་ག་རེ་འདུག ད་ཆ་ང་ཚོ་མར་འབབ་ས་མེད་ན་མ་གཏོགས་ཆ་ཚང་བབས་ཟིན་པ་ཡིན། འདི་ལས་ལྷག་གཉོམ་ཁུར་རྒྱུ་དང་གུ་བཤང་བྱེད་རྒྱུ་མེད་སར་བསྐྱལ་བ་རེད། ཁྱོད་ཚོས་ཡང་སྙིང་ག་རེ་བྱེད་རྩིས་ཡིན། ཞེས་དྲིས་པར། ཁོས་ང་ལ། བྲེལ་བ་མ་བྱེད། རླུང་མ་ལངས། སྔོན་ལ་ངས་ཁྱེད་རང་དེང་རབས་ཀྱི་སྒྱུ་རྩལ་འགྲེམ་སྟོན་ཁང་ཞིག་ལ་ཁྲིད་ཀྱི་ཡིན། དེ་ནས་ང་ཚོ་རྐུབ་སྟེགས་ཐོག་ཏུ་བསྡད་ནས་སྐད་ཆ་བཤད་ཆོག་གི་རེད། ཅེས་པར། ངས་ལན་དུ། ང་དེ་རིང་འདིར་སྒྱུ་རྩལ་འགྲེམ་སྟོན་ལ་བལྟ་བར་ཡོང་བ་མིན། བོད་རྒྱ་ཞི་མོལ་གྲུབ་འབྲས་ལྡན་པ་ཞིག་བྱེད་དང་མི་བྱེད་ཀྱི་ལན་ཁ་གསལ་བོ་ཞིག་དགོས་པ་ཡིན། ཞེས་བརྗོད་པ་ཞིག་རྨིས། གཉིད་ལས་སད་དུས། ད་དུང་པེ་ཅིན་ན་ཡོད་པའི་སྣང་བ་ཞིག་ཤར་བྱུང་བས། འདི་ནས་དགེ་བཤེས་ལགས་ཀྱི་དྲི་བར་ལན་ཐུང་ཙམ་ཞིག་འབུལ་ཐུབ་ན། གཅིག་བྱས་ན། བོད་དོན་ལ་ཕན་ཐོགས་འདྲ་ཡོད་ལས་ཆེ་བསམས་ནས་ངལ་བ་ཅུང་ཟད་བསྟེན་པར་བྱ།
བོད་རྒྱ་ཞི་མོལ་གྱིི་བྱུང་རིམ་དང་རྒྱབ་ལྗོངས་སོགས་མང་ཆེ་བས་རོབ་ཙམ་མཁྱེན་གྱི་ཡོད་པ་གཞིར་བཞག་གིས། དེ་རིང་འདི་ནས་བོད་རྒྱ་ཞི་མོལ་མཚམས་ཆད་པ་དང་། ད་དུང་ཡང་བསྐྱར་མཐུད་ཐུབ་ཀྱི་མེད་པའི་སྐོར་ལ་རང་ཉིད་ཀྱི་བསམ་ཚུལ་ཤིན་ཏུ་བསྡུས་པ་ཞིག་འགོད་པར་བྱ་བ་ལ། ད་ཕན་གྱི་བྱུང་རབས་ཁག་ལ་ཕྱི་མིག་ཅིག་བལྟས་ན། བོད་ཕྱོགས་ནས་བོད་རྒྱ་གྲོས་མོལ་ལ་རེ་བ་ཆེན་པོ་ཞིག་བརྒྱབ་པ་དང་། རྒྱ་དམར་གཞུང་གིས་གྲོས་མོལ་ལ་དོགས་པ་རྣམ་རྟོག་ཆེན་པོས་སྣང་ཆུང་ཁྱད་གསོད་བྱས་པ་ཡིན་ཙང་། རེ་དོགས་བར་ནས་བོད་རྒྱ་ཞི་མོལ་ལ་གྲུབ་འབྲས་གང་ཡང་མ་བྱུང་བར་མཚམས་ཆད་པ་རེད་སྙམ། རྒྱ་དམར་གཞུང་གིས་མངོན་གསལ་དོད་པོས་ཀུན་ལ་བསྒྲགས་དང་སྒྲོག་བཞིན་པ་ནི། ཏཱ་ལའི་བླ་མའི་ལམ་དབུ་མ་ཟེར་བ་ནི། རྣམ་པ་འགྱུར་བའི་རང་བཙན་དང་ཕྱེད་རང་བཙན་དོན་དུ་གཉེར་བ་དང་། དེ་ཡང་གཙོ་བོ་མེས་རྒྱལ་ཁ་ཕྲལ་ཐབས་ཁོ་ན་རེད་ཅེས་བསྙོན་འཛུགས་ལྟར་སྣང་བྱེད་བཞིན་ཡང་། དོན་དམ་དུ་དེ་ལྟ་མ་ཡིན་པར་རྒྱུ་མཚན་གཙོ་བོ་གཞན་ཁ་ཤས་ཡོད་པར་འདོད།
དང་བོ་ནི། རྒྱ་དམར་གུང་ཁྲན་ཏང་གི་འགོ་ཁྲིད་ཚོ། ༧རྒྱལ་བ་རིན་པོ་ཆེ་ལ་ཧ་ཅང་ཞེད་ཀྱི་ཡོད་ཙང་། གལ་ཏེ་ཉིན་ཞིག་༧རྒྱལ་བ་རིན་པོ་ཆེ་དངོས་སུ་རྒྱ་ནག་དང་བོད་དུ་ཆིབས་སྒྱུར་ཞབས་སོར་འཁོད་པ་ཡིན་ན། དེའི་རྗེས་འབྲེལ་གྱིས་རྒྱ་ནག་དང་བོད་ནང་ལ་གནས་ཚུལ་ག་རེ་ལྷགས་རྒྱུ་ཡིན་མིན་ཚོད་དཔག་ཐུབ་ཀྱི་མེད་པ་གསལ་བོ་འདུག མངོན་གསལ་གྱི་དཔེ་ཞིག་ནི། ལོ་འགའི་སྔོན་ང་ཨ་རིའི་མཚོ་གླིང་ཧ་ཝ་ཡེ་ན་ཡོད་དུས་གསར་འགྱུར་ཞིག་གི་ནང་། དེང་སང་བོད་ནང་། ༧རྒྱལ་བ་རིན་པོ་ཆེ་རྗེ་སྐུ་འབུམ་ལ་ཕེབས་ཡོད་པ་རེད་ཟེར་བ་ཞིག་གོ་ནས་བོད་མི་ཧ་ཅང་མང་བོ་ཞིག་འཚང་ཁ་ཤིག་ཤིག་གིས་མཇལ་ཁ་ཞུ་བར་སོང་བའི་གནས་ཚུལ་འདིའི་ཐོག་ནས་བལྟས་ན། དེ་ནི་རྒྱ་དམར་གཞུང་གིས་ཚོད་ལྟ་ཐེངས་ཤིག་བྱས་པ་གསལ་བོ་རེད་འདུག
རྒྱལ་བ་རིན་པོ་ཆེའི་མཚན་སྙན་དང་གཟི་བརྗིད། བྱིན་རླབས་དང་ནུས་མཐུ་ཉིན་རེ་བཞིན་ཆེ་ནས་ཆེ་རུ་འགྲོ་བ་འདིས། རྒྱ་དམར་གཞུང་ལ་ཧ་ལས་པའི་སྔངས་སྐྲག་འབྱུང་གི་ཡོད་པ་རེད། ཁོ་བ་ཚོས་འདི་ལྟར་བསམ་གྱི་མེད་འགྲོ་བསམ་པ་ཞིག་རྟག་པར་ངའི་སེམས་ལ་དྲན་ཡོང་གི་འདུག
གལ་ཏེ་ཉིན་ཞིག་༧ཏཱ་ལའི་བླ་མ་དངོས་སུ་རྒྱ་ནག་དང་བོད་དུ་ཕེབས་པ་ཡིན་ན། མི་ཡོམ་ཆེན་པོ་ཞིག་རྒྱག་ཉེན་ཆེ་བ་དང་། དེ་མུར་གུང་ཁྲན་ཏང་གི་ཡོད་ཚད་སྐར་མ་ཁ་ཤས་ནང་ལ་མེད་པ་ཆགས་ཉེན་ཡོད་མེད་ཁ་ཚོན་ཆོད་ཀྱི་ཡོད་པ་མ་རེད་། ཚོད་ཐིག་གི་མེད་པ་རེད། ཁོ་བ་ཚོར་ཉམས་མྱོང་གསལ་བོ་ཞིག་བྱུང་ཡོད་པ་ནི། བར་ལམ་རྒྱ་ནག་ནང་གློ་བུར་དུ་དར་ཁྱབ་ཆེན་པོ་བྱུང་བའི་ཆོས་འཁོར་སྒོམ་སྒྲུབ་བམ་རྒྱ་ནག་སྐད་དུ་་ ཕཱ་ལུང་གུང་་ཟེར་བ་དེ་དང་། དེའི་སྟོན་པ་སྐུ་ཞབས་ད་ལྟར་ཡང་ཨ་རི་ན་འཚོ་ཞིས་གཞེས་པ་ལི་ཧོང་ཀྲི་ཞུ་བ་ཁོང་རེད། ཁོ་བ་ཚོའི་སེམས་ལ། ལོ་བཅུ་ཕྲག་འགའི་སྔོན་ལ་གསར་དུ་གློ་བུར་དུ་བྱུང་བའི་མི་ཞིག་ལ་ནུས་པ་འདི་འདྲ་ཆེན་པོ་ཞིག་ཡོད་ན། ༧ཏཱ་ལའི་བླ་མའི་ནུས་པ་ནི་དེ་བས་ཨ་ཅང་ཅང་སྙམ་ནས། འཇིགས་སྣང་དང་རྣམ་རྟོག་ཇེ་ཆེ་ནས་ཇེ་ཆེར་འགྲོ་བཞིན་པ་འདི་རྒྱུ་མཚན་གཙོ་བོ་གཅིག་ཆགས་ཀྱི་མེད་འགྲོ་དྲན་གྱི་འདུག
གཉིས་ནས། རྒྱ་དམར་གུང་ཁྲན་ཏང་གིས་སྲིད་དབང་བཟུང་ནས་ད་བར་བྱུང་མ་མྱོང་བའི་དཀའ་ངལ་ཉེན་ཁ་ཧ་ཅང་ཆེན་པོ་ཞིག་གི་སྒང་ལ་ཡོད་པ། ཧུའུ་ཅིན་ཐའོ་དང་ཞི་ཅིན་ཕིན་གཉིས་ཀས་སྔ་རྗེས་སུ་ཏང་གི་ཚོགས་ཆེན་སྟེང་ཁ་གསངས་ཏེ་ཁས་བླངས་ཡོད་པ་རེད། དཔེ་མཚོན་གསལ་ཤོས་ཤིག་ནི། གཞེས་ནིང་ལོར་ཝང་ལི་ཅོན་ཨ་རིའི་གཞུང་ཚང་ཁང་དུ་བྲོས་པ་དང་། པཱོ་ཞི་ལེ་ཚེ་བཙོན་དུ་སྤྱུགས་པ། ཀྲིག་ཡུང་ཁཱང་བཟང་བཙོན་དུ་བཀག་པ། ཉིན་ཤས་སྔོན་ནས་ཚིན་ཆིན་ཧོང་ལའང་འགྲོ་འདུག་རང་དབང་དེ་ཙམ་མེད་པ་བཟོས་ཡོད་པ་བཅས། དེ་སྔ་ཡིན་ན། རྒྱ་དམར་མཐོ་རིམ་དབང་འཛིན་པ་ཚོའི་བར་གྱི་དབང་རྩོད་དེ་མངོན་གསལ་མིནཔར་ནག་ཁུང་ནང་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་རྒྱུན་མི་ཆད་དུ་བྱས་དང་བྱེད་བཞིན་ཡང་། ཝང་ལི་ཅོན་གྱི་དོན་རྐྱེན་གྱི་རྗེས་ནས་རིམ་གྱིས་ལྷང་ལ་བུད་དེ། ཞི་ཅིན་ཕིན་དང་ཧུའུ་ཅིན་ཐཱའོ་གཙོ་བོར་གྱུར་བའི་ཏང་ཀྲུང་དབྱང་གཅིག་དང་། ཅང་ཙེ་མིན་དང་ཙིན་ཆིན་ཧོང་། ཀྲིག་ཡུང་ཁཱང་། པཱའོ་ཞི་ལེ་གཙོ་བོར་གྱུར་བའི་མངོན་པར་མི་གསལ་བའི་ཏང་ཀྲུང་དབྱང་གཅིག་སྟེ། ཏང་ཀྲུང་དབྱང་གཉིས་བར་གྱི་འགལ་བ་ནི་ཧ་ཅང་ཛ་དྲག་དང་རྣོ་ངར་ལྡན་པ། སྐྱ་འཐབ་པ་སྟེ། ད་སྔ་ཕན་ཆད་གུང་ཁྲན་ཏང་གི་ལོ་རྒྱུས་སུ་བྱུང་མ་མྱོང་བའི་དཀའ་ངལ་དང་ཉེན་ཁ་ཆེན་པོ་ཞིག་གི་གནས་སུ་གྱར་ཟིན་པས། བོད་དོན་འདི་ཐག་གཅད་དགོས་བསམ་ནའང་བསམ་ལོང་དྲན་ལོང་དང་། བྱ་དབང་བྱེད་དབང་མེད་པའི་ཚོད་དུ་བསླེབས་ཡོད་པ་གསལ་བོར་མཐོང་ཐུབ་པ་འདུག
གསུམ་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཏེ། གཙོ་བོ་ཨ་མེ་རི་ཀ་ལ་མཚོན་ན། དབྱི་རག་ལ་དམག་བརྒྱབ་པའི་རྗེས་ནས་རིམ་པས་ཨ་རིའི་འཐབ་བྱུས་ཁ་ཕྱོགས་དེ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་བསྒྱུར་བ་འདི་ང་ཚོ་ལ་མཚོན་ན། མཐུན་ཕྱོགས་ཀྱི་འགྱུར་བ་ཧ་ཅང་གལ་ཆེན་ཞིག་ཡིན་པ་རེད། ཨ་རིས་དེ་ལྟར་གནང་དགོས་པའི་རྒྱུ་མཚན་གཙོ་བོ་ནི། རྒྱ་ནག་གུང་བྲན་གཞུང་ལ་ཐུག་ཡོད་པ་རེད། བར་ལམ་ཞིག་ནས་རྒྱ་ནག་གུང་ཁྲན་གཞུང་འདི་དཔལ་འབྱོར་ཐད་སྟོབས་ཆེན་པོ་ཆགས་ནས་འཛམ་གླིང་གི་དཔལ་དང་འབྱོར་བའི་བདག་པོ་ཨང་དང་བོ་ཆགས་གྲབས་བྱེད་ཀྱི་ཡོད་པ་རེད་ལ། དེས་རྐྱེན་པས། རྒྱ་དམར་གཞུང་གི་སྤོབས་པ་འཕར་ཏེ། ཨེ་ཤ་ཡའི་ཁྱིམ་མཚེས་རྒྱལ་ཁབ་ཚོར་ཐུབ་ཚོད་སུན་གཙེར་རྒྱུན་མི་ཆད་པར་བྱས་ཡོད་པ་སྟེ། ཉི་འོང་དང་རྒྱ་གཞུང་བར་གླིང་ཕྲན་རྩོད་ཉོག་སོགས་ཀྱིས་མཚོན་ཐུབ་པ་དང་། རྒྱ་གར་དང་བོད་ཀྱི་ས་མཚམས་སུའང་སུན་གཙེར་བཟོ་རྒྱུ་སྔར་ལས་ཇེ་མང་དུ་ཕྱིན་ཏེ། ཨེ་ཤ་ཡའི་ནང་ཆེ་བཙན་འགྲན་ཟླ་མེད་པ་ལྟ་བུ་ཆགས་པ་མ་ཟད། ཨ་རི་ལའང་དངོས་ཤུགས་བརྒྱུད་གསུམ་ནས་འགྲན་སློང་དང་སུན་གཙེར་ཡང་ཡང་བྱས་སྟབས། ཨ་མེ་རི་ཀའི་གཞུང་གིས་དབྱིན་སྐད་དུ་ Asia-Pacific rebalancing དང་། རྒྱ་ནག་སྐད་དུ་ 亚太再平衡 བོད་སྐད་དུ་འགྱུར་ན། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་སྟོབས་ཤུགས་དོ་སྙོམས་འཐབ་བྱུས། ཞེས་འབོད་པ་ལག་ཏུ་བསྟར་མགོ་བརྩམས་པ་རེད།
འཐབ་བྱུས་དེའི་དམིགས་ཡུལ་ཡང་རྒྱ་དམར་གྱི་མགོ་གནོན་རྒྱུ་དང་། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་རྒྱལ་ཁབ་ཚོའི་བདེ་འཇགས་ལ་སྲུང་སྐྱོབ་གནང་རྒྱུ་དེ་རེད། འདི་ང་ཚོ་ལ་མཚོན་ན་དོན་བཟང་ཞིག་དང་མཐུན་ཕྱོགས་ཀྱི་འགྱུར་བ་ཞིག་ཏུ་ངོས་འཛིན་གནང་ན་འགྲིག་པ་ཞིག་དང་། འདིའི་ཐོག་ནས་རྒྱ་དམར་ཁོ་བ་ཚོ་ཕྱི་ནང་གཉིས་ཀ་ན་དཀའ་ཉེན་ཆེན་པོར་ཐུག་སྟེ་གྲོགས་མེད་ཁེར་རྐྱང་དུ་གྱུར་ཡོད་པ་མཚོན་ཡོད་པ་རེད།
མདོར་ན། གུང་ཁྲན་ཏང་གི་སྲིད་གཞུང་འདི་མགྱོགས་པོར་རྩ་འཐོར་འགྲོ་ཉེན་ཡོད་པ་ཁོ་བ་ཚོ་རང་གིས་གསལ་བོར་ཤེས་པའི་ཐོག་ནས། ད་ཆ་རང་གི་དངུལ་དངོས་དང་ནང་མི་དེ་ཚོ་ཨ་རི་སོགས་རང་དབང་ཡུལ་གྲུར་བཏང་དང་གཏོང་བཞིན་པ་དྲ་ལམ་ཁུངས་ལྡན་གསར་འགྱུར་འཕྲིན་ལམ་ཁག་ནས་ཡང་ཡང་མཐོང་རྒྱུ་ཡོད་པ་དེ་ལྟར་དང་། ཡུན་རིང་བོར་རྒྱ་ནག་སྐོར་ལ་ཉམས་ཞིབ་གནང་མཁན་ཨ་རི་སོགས་ནུབ་ཕྱོགས་ཀྱི་ཆེད་ལས་མཁས་པ་མང་ཆེ་བས་ཁ་གཅིག་གྲགས་ལྟ་བུར། ད་ལོ་དང་ཡང་ན་སང་ལོ་་སྟེ། ཕྱི་ལོ་༢༠༡༥ ལོར་རྒྱ་ནག་གུང་ཁྲན་ཏང་གི་གཞུང་འདི་རྩ་འཐོར་འགྲོ་ངེས་ཀྱི་ཚོད་དཔག་གནང་བཞིན་པ་བཅས་གོང་གསལ་རྒྱུ་མཚན་འདི་དག་བཞི་ལ་བཞག་ནས་སྡོམ་ཞིག་བརྒྱབ་པ་ཡིན་ན།
ད་ལྟའི་གུང་ཁྲན་ཏང་གི་སྲིད་གཞུང་འདི་ལ། བོད་དོན་ཐག་གཅོད་པའི་ལྷག་བསམ་དང་བློ་ཁོག རྣམ་དཔྱོད་དང་ནུས་པ་གང་ཡང་མེད་པ་གསལ་མཐོང་ལ་བརྟེན། ད་ལྟ་ལམ་སེང་བོད་རྒྱ་ཞི་མོལ་མཐུད་མ་ཐུབ་ཀྱང་གནད་འགག་དེ་ཙམ་མ་མངོན་ལ། ད་ནས་ལོ་གཉིས་གསུམ་བར་ངང་བསྒུགས་ཀྱིས། རྒྱ་ནག་ནང་གི་འགྱུར་བ་ལ་དཔག་པའི་གྲ་སྒྲིག་འཐུས་ཚང་ཞིག་ང་ཚོའི་ངོས་ནས་ངེས་པར་གནང་གལ་ཆེ་བ་མཐོང་བཞིན་པ་བཅས། བཀྲལ་ཏེ་བརྗོད་ན་མང་ཡང་། ཤིན་ཏུ་མདོར་བསྡུས་པའི་ཚུལ་གྱིས་ཤར་མར་བྲིས་ཏེ་དྲ་ལམ་དུ་བསྟར་བ་འདིས་ཀྱང་། དགེ་བཤེས་ལགས་དང་། ང་རང་གཙོས་གཞིས་བྱེས་བོད་མི་ཡོད་དོ་ཅོག་གི་འདོད་དོན་མྱུར་དུ་འགྲུབ་པའི་རྒྱུར་སྨོན་པ་ལགས་ན། དེ་དེ་བཞིན་དུ་འགྲུབ་པར་སྐྱབས་གནས་བསླུ་བ་མེད་པ་དཀོན་མཆོག་གསུམ་གྱི་བདེན་པས་བྱིན་གྱིས་བརླབ་ཏུ་གསོལ།།
ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མའི་དཔལ། །འཆར་བར་ངེས་སོ་དམ་ལྡན་སྙིང་མ་ཞུམ། །དྲི་བ་ལ་ལན་ཕུལ་ཚར་བ་ཡིན། སྐར་མ་བཅོ་ལྔའི་རིང་ལ་གསོལ་ཇ་བར་གསེང་ཡིན། དཀྲུགས་ཇ་ཞིམ་པོ་ཞིག་མཆོད་ཨཱ་་་་་་
རྒྱུ་མཚན་འདི་དག་བཞི་ལ་་་ཞེས་པ་་གཞི་ལ་འཆོས།
་་་་་་་་ བོད་རྒྱ་ཞི་མོལ་ལན་དགུ་ཆད་མཐུད་དུ་བྱས་ཀྱང་གྲུབ་འབྲས་འདི་ཡིན་སྟོན་རྒྱུ་མེད་པ་ཅི་རེད། ༧གོང་ས་ཏཱ་ལའི་བླ་མའི་དབུ་མའི་ལམ་གྱི་དགོངས་གཞི་ལ་ཡང་སྙིང་མི་འགྲིག་པ་ག་རེ་འདུག ད་ཆ་ང་ཚོ་མར་འབབ་ས་མེད་ན་མ་གཏོགས་ཆ་ཚང་བབས་ཟིན་པ་ཡིན། ་་་་་་་་་
རྨི་ལམ་འདི་འདྲ་དགྱ་དམར་གྱི་དཔོན་རབས་ལྔ་ཡི་རིང་ལ་རྨིས་ནས་བསྡད་པ་རེད། རྨི་ལམ་འདི་འདྲ་ལ་བརྟེན་ནས་རང་གི་གོང་ཚད་རང་ཉིད་ཀྱིས་ཧ་ཅང་དམའ་བོར་ཕབ་ཏེ་ད་ལྟ་དམངས་གཙོ་མི་དགོས་པའི་དགྱ་འོག་གི་ཐོབ་ཐང་ཅིག་ཅིག་བརྗོད་ནས་སྡོད་ཀྱིན་ཡོད་པ་དེ་རེད།
བོད་དགྱ་གྲོས་མོལ་ཞིག་ཕར་ཞོག འབྲེལ་མོལ་ཙམ་ཡང་བྱེད་མ་ཐུབ་པར་སྲིད་སྐྱོང་གི་ལོ་ཡུན་གསུམ་པ་དེ་རྫོགས་ཉེར་སླེབས་ཡོད། རྡ་ས་ནས་དགྱ་འོག་གི་ཅིག་ཅིག་མུག་མུག་རྩད་འཚོལ་བྱེད་ཀྱིན་ཡོད་སྟབས། ད་ཆ་དགྱ་གཞུང་གིས་སྔར་ལས་ཀྱང་རྣམ་འགྱུར་མཁྲེགས་བཟུང་གིས་རྨི་ལམ་འདི་རིགས་དགྱ་དམར་ནང་ཁུལ་གྱི་དོན་དག་ཅིག་ཏུ་བརྩིས་ནས་བོད་ཀྱི་གནད་དོན་ཟེར་བ་ཞིག་ལོགས་སུ་མེད་ཚུལ་བརྗོད་བཞིན་རྡ་ས་ལ་ཁ་ཡ་བྱེད་ཀྱི་ཡོད་པ་མ་རེད།
གལ་སྲིད་མ་འོངས་པའི་དུས་སྐབས་ཤིག་གི་ནང་དུ་དགྱ་དམར་གུང་ཁྲན་གཞུང་འདི་རྩ་འཐོར་གྱི་འགྱུར་བ་ལྟ་བུ་བྱུང་དབང་དུ་བཏང་ཡང་། དེ་ཙམ་གྱིས་བོད་ཀྱི་གནད་དོན་ལས་སླ་བོར་རང་སེལ་དུ་འགྲོ་བ་ཞིག་གཏན་ནས་མིན་ངེས་ལ། དེ་སྐབས་ཀྱི་དགྱ་ནག་གི་ཡོད་ཚད་ནི་བཟང་ཕྱོགས་དང་མཐུན་ཕྱོགས་ཀྱི་འགྱུར་བ་ཞིག་མིན་ངེས་པ་ཡང་འདས་པའི་ལོ་རྒྱུས་ཀྱི་བསླབ་བྱ་དང་བདེན་དཔང་མྱོང་གསུམ་གྱིས་གསལ་སྟོན་མང་དུ་བྱས་ཡོད་པ་རེད།
དགྱ་དམར་གུང་གཞུང་ཕུད་པའི་དགྱ་རིགས་མི་མང་རྣམས་སམ། ཡང་ན་དགྱ་རིགས་མང་ཆེ་ཤོས་དེ་བོད་དོན་ལ་བསམ་ཤེས་གཏོང་མཁན་རྐྱང་ཨེ་ཡིན་ནམ།
བཀའ་དྲིན་ཆེ། ཕན་ཐོགས་ཆེན་པོ་བྱུང་སོང། གདུགས་དཀར་ཚེ་རིང་ལགས་ནི་བཙན་བྱོལ་ནང་མདོ་སྨད་པའི་གྲས་ཀྱི་དོན་དམ་པའི་མཁས་པ་དང། ཆབ་སྲིད་པ་གནས་ཚད་ལོངས་བསྡད་པ་དེ་འདྲ་རེད་ཅེས་མཁས་དབང་ཞིག་གིས་བཀའ་གནང་བ་དེ་དེ་རིང་བསྐྱར་དུ་ཡིད་ལ་འཁོར་བར་གྱུར། དེང་སང་ངྷ་སའི་མཚོན་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བོང་བ་རྟ་བརྫི་རེ་འགའ་རླུང་རྟ་རྒྱུགས་ནས། མཁས་དབང་དང་རྩོམ་པ་པོ་ཞེས་སྦིར་གྲགས་ཆེ་ནའང། ཁྱེད་ཀྱི་མདུན་སར་ཅི་མི་སྙམ་པར་མགོ་བོ་ཐུར་དུ་དཔྱངས་ལོས་འགྲོ་བསམས་པ་ཞིག་འདུག བཀའ་དྲིན་ཆེ་རྒན་ལགས།
ཤར་ཁུག་ལགས།
རྒྱ་གར་པ། བ་རྫི་ནག་མོ་འཁོལ་ལྟ་བུ་ཞེས་མཁས་དབང་སྐད་གྲགས་ཅན་ཆགས་ཆོག་པ་ལ། བོད་པའི་བོང་རྫི་དང་། རྟ་རྫི་དེ་ཚོ། ཕྱི་རྒྱལ་ནང་ལ་བོད་རིག་པའིམཁས་པ་ཆགས་མི་ཆོག་ཅི་ཡིན་ནམ། ལགས།
བོད་མི་ལ། བོད་མྱི་དང་། བོད་རྒྱ་ལ། བོད་དགྱ་ཞེས་འབྲི་སྟངས་ལ། རྒྱབ་སྐྱོར་མེད་ལ། ངོ་རྒོལ་ཡོདདོ།། །།
བརྗོད་སྙིང་ནང་དཔེར་ན། ༼ ད་ཆ་ང་ཚོ་མར་འབབ་ས་མེད་ན་མ་གཏོགས་ཆ་ཚང་བབས་ཟིན་པ་ཡིན། འདི་ལས་ལྷག་གཉོམ་ཁུར་རྒྱུ་དང་གུ་བཤང་བྱེད་རྒྱུ་མེད་སར་བསྐྱལ་བ་རེད། ༽ ལྟ་བུ་ལ་གུས་པར་མི་མཐུན་པའི་བསམ་ཚུལ་འདུག་ཀྱང། ད་ལྟ་དྲན་སོས་པ་ཞིག་ལ། དེ་སྔོན་ ༢༠༡༠ ལོར་གངས་སྐྱིད་ནས་ཉན་ཞིབ་དོགས་འདྲའི་ཚོགས་འདུའི་ནང་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས་ཀྱང་བཀའ་འདྲི་འདི་འདྲ་ཞིག་སྐབས་དེའི་བཀའ་བློན་ཁྲི་པར་ཕུལ་ཡོད། དོན་དམ་པར་བོད་ལ་མར་འབབ་ས་ཡོད་མེད་ཀྱི་གནས་བབ་སྐོར་བཀའ་ལན་གནང་བ་དེ་ཅིག་གཟིགས་ཐུབ་པ་ཡིན་ན། རྣམ་རྟོག་གི་སྤྲོས་པ་འདི་འགག་གི་མེད་འགྲོ་སྙམ། དེ་བཞིན། གཉོམ་ཁུར་རྒྱུ་ཟེར་པ་འདིའི་ཐད་ནས་ཀྱང་ཞིབ་ཏུ་འདི་དང་གན་ཞེས་བརྗོད་པ་ཡིན་ན། དབུ་མའི་ལམ་གྱི་སྲིད་བྱུས་བཟུང་བས་གཉོམ་ཁུར་བ་དང་གུ་བཤངས་བྱས་པ་ཞིག་བྱུང་རབས་དང་ད་ལྟའི་དངོས་ཡོད་གཉིས་ཀ་ནས་ཧ་ལས་པ་དེ་འདྲ་ངས་ནི་མཐོང་མ་སོང་བ་སོགས་ནི་བསམ་ཚུལ་ཙམ་ཡིན། བཀའ་དྲིན་ཆེ།
བླ་མ་རྡོ་རྗེ་འཆང་མཁྱེན། རྒན་གདུགས་དཀར་ཚེ་རིང་ལགས་ལ། ལྷ་ལྷ་མོ་གང་རུང་ཞིག་གི་ལུང་བསྟན་བབས་དང་ཟིག། ད་ཡང་ལོ་གསུམ་ལ་སྒུག་དགོས་བ་འདྲ། ཨ་ཡ་བོ་ཧོ་ཟིག་ལ!!! མངོན་མཁྱེན་འདི་ཚོ་ཐུག་པོ་བྱུང་ན། འེད་ཁ་ཚང་གི་ལས་འདི་གཙོག་གི་ཨ།
ཤར་ཁུག ༼གདུགས་དཀར་ཚེ་རིང་ལགས་ནི་བཙན་བྱོལ་ནང་མདོ་སྨད་པའི་གྲས་ཀྱི་དོན་དམ་པའི་མཁས་པ་༽ཡིན། ཧེ་ཧེ་ཧེ་་་་་་་་ མགོ་ན་རྒྱལ་ཚབ་རྗེའི་ཚིག་རྐང་རེ་ཟུང་རྐུ་གཡར་བྱས་ཡོད་པས་ཡིན་ནམ། ཧ་ཧ་ཧ དེང་སྐབས་ད་ལྟད་མོ་མང་ག
སྤྲང་རྒན་བདག་ལ། མཁས་པ་དང་། ཆབ་སྲིད་པ་ཅེས་པའི་ཆོ་ལོ་འདི་མི་འཛའ། ད་ལྟ་ཆོས་མ་གཏོགས་བསམ་རྒྱུ་མེད་མཁན་ཞིག་ཆགས་བསྡད་ཡོད། འོན་ཀྱང་༧གོང་ས་ཆེན་པོས་བོད་དོན་ལ་འོ་བརྒྱལ་བཞེས་སྟངས་དང་། བོད་ནང་གི་བོད་མི་ཚོས་རང་ལུས་མཆོད་མེར་སྒྲོན་པའི་སྙིང་སྟོབས། ལས་ངན་ནང་གིའང་ལས་ངན་དོལ་རྒྱལ་རྗེས་འབྲངས་པ་ཉུང་ཤས་ཀྱིས་དྲིན་ལན་ལོག་མཇལ་དང་སྙིང་རུས་ཕྱིན་ཅི་ལོག་གི་ངན་སྤྱོད་དག་མཐོང་སྐབས། གྱི་ན་བ་བདག་ཤམ་པ་ལ་དང་། ཟངས་མདོག་དཔལ་རིའི་ཕོ་བྲང་གི་སྒོ་འགྲམ་དུ་ཐེངས་འགར་བསླེབས་ཀྱང་ཁ་ཕྱིར་འཁོར་ནས་ཡོང་དགོས་བྱུང་སོང་། ད་རེ་ཞིག་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་འདི་ནས་ཐར་ས་མ་རེད་ལགས། ཀུ་རེ་ཡིན་ཏེ།
བདེ་བ་འདོད་ཀྱང་གཏི་མུག་པས། །རང་གི་བདེ་བ་དགྲ་ལྟར་འཇོམས། །
སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང་། །སྡུག་བསྔལ་ཉིད་ལ་མངོན་པར་རྒྱུགས། །
འཇིག་རྟེན་རྒུད་པ་ཇི་སྙེད་པ། །དེ་ཡི་རྩ་བ་མ་རིག་སྟེ། །
གང་ཞིག་མཐོང་བས་དེ་ལྡོག་པ། རྟེན་ཅིང་འབྲེལ་བར་འབྱུང་བར་གསུངས། །
ཁྱོད་ནི་འགྲོ་བའི་དོན་གྱི་ཕྱིར། །ཅུང་ཟད་ཙམ་ཡང་མི་ངལ་ཞིང་། །
འགྲོ་བ་རྣམས་ཀྱང་ཁྱོད་ཀྱི་ནི། །ཡོན་ཏན་བརྗོད་ལ་ངལ་མ་གྱུར། །
མདའ་མཚོན་གོ་ཆ་མ་བཟུང་བར། །རང་ཉིད་གཅིག་པུས་བྱེ་བའི་བདུད། །
མ་ལུས་ཕམ་མཛད་གཡུལ་གྱི་ལས། །ཁྱོད་ལས་གཞན་པ་སུ་ཡིས་ཤེས། །
བསམ་བརྗོད་བྲལ་ལ་མཐོང་བ་གང་མེད་ཀྱང་། །མ་མཐོང་ལྷག་མར་གྱུར་བ་གང་ཡང་མེད། །
རང་སེམས་ཁོ་ཐག་ཆོད་པ་ཟབ་མོའི་དོན། །མཚོན་པར་དཀའ་བའི་དེ་ཉིད་རྟོགས་པར་ཤོག །
རང་རིག་གདོད་མའི་གཞི་ལ་འཕོ་འགྱུར་ནི་མི་འདུག །གང་ཤར་ཆོས་སྐུའི་རྩལ་ལ་བཟང་ངན་ནི་མི་གདའ། །
ད་ལྟའི་ཤེས་པ་སངས་རྒྱས་མངོན་སུམ་དུ་འདུག་པས། །གུ་ཡངས་བློ་བདེའི་བླ་མ་སྙིང་དབུས་ནས་རྙེད་བྱུང་། །
གསུང་འདི་དག་ནི་བདག་གི་སྙིང་དབུས་ན་ཡོད་པའི་ཡིད་བཞིན་ནོར་བུ་དབང་གི་རྒྱལ་བོ་སྟེ། ས་ག་ཟླ་བའི་ནང་ནོར་བུ་འདི་དག་འདོད་པ་རྣམས་ལ་ཆོས་སྦྱིན་གྱི་ཚུལ་དུ་ཕུལ་བ་ཡིན་ནོ།།
མཁས་དབང་དགེ་བསྙེན་གདུག་དཀར་ཚེ་རིང་ལགས་ཀྱིས་ལེགས་རྩོམ་འདིར་སྤེལ་བར་ཐུགས་རྗེ་བཀའ་དྲིན་ཆེ་བྱུང་ཞེས་ཞུ་བ་ལགས་སོ།།
ད་རྒྱ་དམར་འདྲ་བོ་འདི་ཚང་ཝིད་ཏི་ནམ་དང་ཅིག་མི་འགྲིགས་ནས་བསྡད་འདུག ལོ་སྔོན་ན་ཉི་ཧོན་དང་མ་འགྲིགས་ནས་འུར་འུར་ཟིང་ཟིང་བྱས་བྱས་ནས་མཐའ་མ་ཁོ་རང་ཚང་དང་ཐའེ་ཝན་གཉིས་ཀ་ནང་འཁྲུགས་ཤིག་ལངས་གྲབས་བྱས། ངོ་ཚ་ཁ་སྐྱེངས་ནས་འཇམ་ཅག་གེར་འཇོག་དགོས་ཐུག་པ་རེད། བར་སྐབས་ཤག་ལ་ཧྥི་ལི་པིན་གྱི་སྟེང་ལ་ངར་ངར་རྫིགས་རྫིགས་བྱས་ཁུལ་བྱས་སོང་། ཧྥི་ལི་པིན་གྱི་དམག་སྤྱི་དེས་དབྱིན་སྐད་ཆག་རོ་དེ་བཤད་ནས་ངེད་ཚང་གིས་རྒྱ་ནག་གི་རྣམ་གྱུར་ལ་བལྟས་ཡོད། ང་ཚོར་དེ་ལན་དེས་འཇལ་གྱི་གྲ་སྒྲིག་ཆ་ཚང་ཡོད་ཅེས་དཔའ་གཏམ་ཚ་ཐག་ཆོད་ཅིག་འཐེན་རྗེས་སུ་རྒྱ་དམར་ཚང་ཁུ་སིམ་མེར་བསྡད་སོང་། འབྲུག་དང་རྒྱ་གར་གཉིས་ཀའི་ས་མཚམས་ནས་ཚུར་རྐུན་མ་རྒྱུག་རྒྱུག་རེ་བྱེད་གི་རེད། འདི་ཅི་རེད་ཟེར་ནས་རྩད་གཅོད་རེ་བཏང་དུས་ཕར་བྲོས་འགྲོ་གི་འདུག ད་ངོ་མ་བཤད་ན་རྒྱ་དམར་ཚང་འདི་འདྲ་སྡར་མ་རེད།
རྩོམ་ཡིག་བསམ་བློ་གཏོང་ས་ཡོད་པ་ཞིག་འདུག རྒྱ་མིའི་ལ་རྒྱུས་ཡོད་ཤ་སྟག་ཅིག་རེད་བསམ། སྐབས་འདིར་མི་རྒན་ཉམས་མྱོང་ཅན་མཐའ་དག་གིས་འདི་ལྟར་འགྲེལ་བརྗོད་རེ་གནང་ཡ་ནི་སྐབས་སུ་བབས་པ་ཞིག་རེད།
རྨི་ལམ་ཞིག་གི་འཆར་ཚུལ་ཡིན་གྱི་ལྷ་དང་ལྷ་མོའི་ལུང་བསྟན་མིན། །
མངོན་གསུམ་རྗེས་དཔགས་ཚད་མས་གཞལ་གྱི་བྱུང་རྒྱལ་བབ་ཅོལ་སྨྲ་བ་མིན། །
བོད་ལ་ཕན་སེམས་འབའ་ཞིག་ཡིན་གྱི་ཁེ་གྲགས་དོན་དུ་གཉེར་བ་མིན། །
དོན་གྱི་བདག་པོར་མཆོད་པ་ཡིན་གྱི་མཁས་པའི་གྲལ་དུ་འཚང་འདོད་མིན། །
འཇམ་དཔལ་དཔའ་བོའི་དངོས་གྲུབ་ཡིན་གྱི་ཤེས་རབ་འཆལ་བའི་འདོད་གཏམ་མིན། །
སྨྲ་བའི་སེང་གེའི་འཕྲིན་ལས་ཡིན་གྱི་སྨྲ་ལྕེ་རྒོད་པའི་ངག་ཀྱལ་མིན། །
བོད་རྒྱའི་དཀའ་རྙོག་མཁྱེན་པས་ཡིན་གྱི་མ་ཤེས་བྱུང་རྒྱལ་སྨྲས་པ་མི་འདུག།
དབུ་མའི་གཏེར་ཆེན་ཡོལ་གོར་འཁྱིལ་གྱི་དྲི་ཙམ་ཚོར་པའི་བྱིས་གཏམ་མ་རེད།།
སྨྲ་བའི་ཉམས་ལ་རང་དབང་རྫོགས་ཀྱི་མཁས་བརྫུའི་ཉམས་ཀྱི་ཞེད་སྣང་ཡལ་འདུག།
མདོར་ན་མདོ་ཁམས་སྨད་ཀྱི་གྲས་ནས་བཙན་བྱོལ་ལོ་ངོ་ལྔ་གསུམ་རིང་ལ།།
རྒྱ་བོད་གནད་དོན་ལག་མཐིལ་བླངས་ཤིང་འཛིན་སྐྱོང་དར་རྒུད་ཆུ་གཉེར་རི་མོ།།
ཁྱེད་ལས་གཞན་ཞིག་འཇོག་རྒྱུ་མེད་པ་སྤོབས་པ་ཆེན་པོས་སྨྲས་པ་འདི་ཀོ།།
སྟོང་བའི་གཏམ་གྱི་ངོ་བསྟོད་མིན་ལ་ཟིག་རྫུར་སུན་པའི་གད་རྒྱངས་ཡིན་ནོ།།
རིག་པའི་དཔའ་བོའི་རྣམ་ཐར་བསྐྱངས་པའི་བདེན་གཏམ་གསར་བུའི་དཔའ་གཏམ་ཡིན་ནོ།།
རྒན་ལགས་ཀྱིས་ཁ་སང་ང་བླ་མ་ཟེར་བ་ཞིག་གསུང་སོང་། དེ་རིང་འདིར་ང་སྤྲུལ་སྐུ་ཞིག་ཕེབས་ཤག བཤད་སྟངས་ལྟར་ན། མི་འདི་གཉིས་ཕ་ཡུལ་གཅིག་པ་རེད་ལབ་སོང་། ག་རེ་ཡིན་ན་སུས་ཤེས།
མ་སྐྱེས་པ་ལས་ཐམས་ཅད་སྐྱེས་པ་དང་། །མི་འཁྲུལ་བ་ལསཐམས་ཅད་འཁྲུལ་བ་སྟེ། །
དབྱིངས་རིག་མ་བུ་ངོ་མ་འཕྲོད་པའི་འགྲོ། །ཕ་མ་སྤུན་མཆེད་ས་ཞེན་རིགས་ཞེན་གྱིས། །
ཕན་ཚུན་རྩོད་ཅིང་དམན་ལ་འཚེ་བའི་ཚེ། །རང་ཉིད་སྤྱན་རས་གཟིགས་སུ་སྤྲུལ་བྱས་ནས། །
ཚད་མེད་བཞི་ཡི་ངང་ནས་སེམས་བསྐྱེད་དོ། །ཀརྨ་བློ་གསལ་ལ་སོགས་མ་རིག་འགྲོ།
བློ་མི་གསལ་བས་བདེན་རྫུན་མ་ཤེས་ཏེ། །ང་བླ་ང་སྤྲུལ་ཕ་ཡུལ་གཅིག་གོ་ཞེས། །
སྨོད་པར་བརྩོན་ལ་ཞུ་བྱ་དབེན་ནའང་། །རྨོངས་མུན་གཉིད་ལས་ད་ནི་སད་རན་ཞེས། །
བུ་གཅིག་ཨ་མའི་བྱམས་དང་བརྩེ་བ་ཡིས། །སྐུལ་བརྡ་དང་བོ་དེ་རིང་འདི་ན་བསྒྲགས། །
བུ་ཁྱོད་འདོད་ཆགས་ཞེ་སྡང་གཏི་མུག་དང་། །ང་རྒྱལ་ཕྲག་དོག་གཞན་ཟེར་རྗེས་འབྲངས་ཏེ། །
དམྱལ་བ་མཐོང་སའི་གཡང་ན་ལྷུང་ལ་ཁད། །སྔར་འགྱོད་ཕྱི་སྡོམ་དམ་ལ་གནས་གྱུར་ན། །
སེམས་ཅན་གཅིག་གི་ཕྱིར་དུ་དམྱལ་བ་ལ། །ཐེངས་སྟོང་ཕེབས་ཀྱང་མི་སྐྱོ་བརྩེ་བ་ཡི། །
ལྕགས་ཀྱུ་རྣོན་པོ་ཁྱོད་ཀྱི་ཐོད་དུ་དཔྱངས། །འགྱོད་གདུང་དྲག་པོའི་མིག་གིས་ཡར་ལ་ལྟོས། །
ནམ་མཁའི་ཁྱོན་ཀུན་འགེངས་པའི་འོད་ཟེར་དང་། །སྙིང་རྗེའི་འོ་ཆར་རྒྱུན་མི་ཆད་པ་ཡི། །
སྤྱན་རས་གཟིགས་དབང་བྱེ་བ་ཕྲག་བརྒྱ་ཡིས། །ལས་ངན་སེམས་ཅན་ན་རག་དམྱལ་བ་ལས། །
ཡང་ཡང་འདྲེན་ཡང་སླར་ཡང་ལྟུང་བ་ཡི། །ཚུལ་འདི་སོམས་ལ་རང་སེམས་རང་གིས་གཅུན། །
ད་ནི་བདག་གིས་ཅི་ནས་ནོར་འཁྲུལ་རིགས། །སྤོང་ཞིང་ལས་ངན་སྡིག་སྒྲིབ་རྒྱུན་བཅད་དེ། །
ཡང་དག་ལྟ་དང་གཞན་ཕན་བྱང་ཆུབ་སེམས། །སྨོན་ཙམ་མ་ལགས་དངོས་སུ་ཞུགས་པ་ཡིས། །
སྙིགས་མའི་འགྲོ་བ་ཚེ་ཐུང་ནད་མང་ཞིང་། །མགོན་མེད་སྐྱབས་བྲལ་འོ་དོད་འབོད་པ་རྣམས། །
ཅིས་ཀྱང་བསྐྱབ་ཐབས་བདག་གིས་བྱའོ་ཞེས། །སེམས་དཔའ་ཆེན་པོའི་བརྟུལ་ཞུགས་ལེན་ཡང་རིགས། །
རང་ལས་ལྷག་ལ་ཞུ་འོས་མ་མཆིས་ཀྱང་། །གཡུལ་ས་འདི་ན་འཐབ་ཅིང་རྩོད་པ་ཡི། །
སྐྱེ་བོ་འགའ་ལ་ཕན་དུ་རེ་ནས་བྲིས། །ཞུ་ཐལ་གྱུར་ན་འཐོལ་ཞིང་བཤགས་པར་བྱ། །
གདུགས་ཚེ་འདི་སྔོན་རྡ་ས་ནས་སྤྱི་འཐུས་ཡིན་བཞིན་ཨ་རི་ལ་སོང་ནས་སྐྱབས་བཅོལ་ལ་སྡོད་མཁན་དེ་མ་རེད་དམ།
རྨི་ལམ་བཟང་།
ཞི་མོལ་དགོས།
ཆེད་རྩོམ་བཟང་།
བགྲོ་གླེང་དགོས།
མཆན་བཅོ་བརྒྱད་པ་དེ་གནད་འགག་རེད་འདུག་པས། དྲ་གྲོགས་ཚོས་བརྗོད་གཞི་དེ་ནས་ཁ་བརྡའི་གླིང་གར་ཕེབས་ན་བཟང་།
རྨི་ལམ་ཐུན་ཞིག་དང་། ཨ་རིར་སླེབས་པ། ཁ་བརྡ་ཚང་གི་རྩོམ་ཡིག་དེའི་མགོ་བརྗོད་བརྗེས་པོ་རྒྱག་རོགས།
རྨི་ལམ་གློག་དང་སྤྲིན་ལྟ་བུར། །འདུས་བྱས་ཆོས་རྣམས་དེ་ལྟར་ལྟ། །གསུངས་པ་ལྟར་རེད། ཁྱད་མི་འདུག
བཅོམ་ལྡན་འདས་ཀྱིས། རབ་འབྱོར་ལ་བཀའ་བསྩལ་བ། རབ་འབྱོར།
ཇི་ལྟར་ཡང་དག་པར་རབ་ཏུ་མི་སྟོན་པ་དེ་བཞིན་དུ། ཡང་དག་པར་རབ་ཏུ་སྟོན་པ་སྟེ། དེས་ན་ཡང་དག་པར་རབ་ཏུ་སྟོན་པ་ཞེས་བྱ་བའོ།།
རང་ཁ་གསར་གྱི་སྒོ་མོ་དེ་ལ་བདག་པོ་མེད་པ་གང་ནས་ཡིན།
ཆབ་སྲིད་མཁས་བ་མིན་རབས་སོ་སོ་རང་གིས་མྱི་ལ་བཤད།
བཤད་ཚད་འཆལ་གཏམ་མི་འདོད་ཤེས་མདོག་ཡི་གེ་འཕྲེང་དུ་རྒྱུད།
དོན་གྱིས་ཨ་དགའ་དགུགས་དཀར་གཞན་གྱིས་མི་ཐུབ་ཁྱོད།
མཁྱེན་རྟོག་ཐོས་བ་ཅན་གྱི་བླ་མ་སུའི་སྤྲུལ་ཡིན། ཧ་ཧ་ཧ།
ཡང་ཉིན་ཞིག་བཅོམ་ལྡན་འདས་ཀྱིས། གློ་བུར་དུ་རབ་འབྱོར། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོའི་ཆ་ཤ་སུ་འགྱུར་པའི་ཡུལ་རྡ་རམ་ས་ལ་ནི། ཤིན་ཏུ་ནས་མྱ་ངམ་གྱི་གྲོང་དུ་འདུག་སྟེ། གློག་ཡག་པོ་མེད་པ་དང་། ཆུ་ཡག་པོ་མེད་པ། གཞུང་ལམ་ཡག་པོ་མེད་པ་མ་ཟད། ཁང་གླ་མཐོ་བ། ཟས་གོང་མཐོ་བ། སྐུ་ངོ་ཚོའི་སྣང་བ་མཐོ་བ་སོགས་ཀྱི་དཀའ་ངལ་དུ་མ་འདུས་ཡོད། དེས་ན་ཁྱོད་རང་ཀྱང་མགོ་བོ་རྨོངས་ནས་མི་སྡོད་པར་གང་བྲོས་པར་བྱ་བའི་གནས་ཏེ། ཨ་རི་དང་། ཁེ་ཎ་ཌ། ཨོ་སི་ཀྲུ་ལི་ཡ་སོགས་ཀྱི་ཞིང་ཁམས་སུ་རབ་ཏུ་འབྱོར་བར་བྱའོ་ཞེས་བཀའ་བསྩལ་ཏོ། དེར་རབ་འབྱོར་གྱིས་བཅོམ་ལྡན་འདས། དེས་ན་དག་པའི་ཞིང་ཁམས་དེ་ཚོར་ཇི་ལྟར་བྲོས་དགོས་སམ་ཞེས་འདྲིས་པར། རབ་འབྱོར་ཁོ་རེ། དེ་ནི་གང་རང་དོན་ཉི་ཚེ་བར་འབད་པའི་མདོར་རབ་ཏུ་འབྱོར་ནས། བོད་གཞུང་གི་རྐུབ་སྟེགས་བེད་སྤྱོད་བྱེད་པ་དང་། གཞུང་བྲེལ་མ་ཡིན་པའི་ཚོགས་པའི་དངུལ་ལོར་བེད་སྤྱོད་བྱེད་པ། མགྲོན་ཤོག་རྫུན་མ་ཐབས་ཤེས་གཏོང་བ། ཆང་ས་རྫུན་མ་རྒྱག་པ། མགོ་སེའི་སྦྱིན་བདག་ལ་སྡུག་བསྔལ་བརྗོད་པ་སོགས་བྱ་བར་རིགས་སོ། ད་དུང་ཉོན་ཞིག་རབ་འབྱོར། གང་དུ་བྲོས་ཟིན་རྗེས། ཕྱིར་ལོག་མི་ཉན། རང་བཙན་ལག་དེབ་ཀྱི་དངུལ་སྤྲོད་མི་ཉན། གྲོགས་པོ་ཚོར་འབྲེལ་བ་བྱེད་ཉན། སྦྱིན་བདག་དང་འབྲེལ་བ་བྱེད་མི་ཉན་སོགས་ནན་ཏན་གྱིས་གསུངས་མཚམས་རབ་འབྱོར་གྱིས་ཀྱང་ལེགས་སོ་ལེགས་སོ་ཞེས་གོ་བའི་བརྡ་ལ་མགོ་བོ་ལན་དུ་མར་འདུད་དོ།།
ད་མ་རྩོམ་གྱི་ནང་དོན་དང་འབྲེལ་ནས་བགྲོ་གླེང་བྱེད་ཐུབ་ན་ཡག་ངེས་རེད།
དབྱེ་ཞིབ་གསལ་བོ། བརྗོད་སྟངས་གསར་བ། ཀློག་མཁན་དག་ལ། ཐུགས་ཕན་གསོ་ངེས།
འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོའི་ཆ་ཤ་སུ་འགྱུར་པའི་ཡུལ་རྡ་རམ་ས་ལ་ནི།
འདི།
འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོའི་ཆ་ཤས་སུ་འགྱུར་པའི་ཡུལ་དྷ་རམ་ས་ལ་ནི།
ཆོས་ཕྱོགས་ཀྱི་བློ་སྦྱོང་ལ་ཕན་པའི་ལེགས་བཤད་ནི་ཏིལ་འབྲུ་ཙམ་ཡང་མེད།
ཆབ་སྲིད་ཀྱི་འཐབ་རྩོད་ལ་དགོས་པའི་མན་ངག་ནི་བ་སྤུ་ཙམ་ཞིག་ཀྱང་མི་བདོག
ང་ཆེ་ང་བཟང་གི་ལབ་ཉོག་རི་རྒྱལ་བོའི་གཏོས་དང་མཉམ་ལ་རྒྱ་མཚོའི་ཆུ་ལྟར་མང་།
ལ་བརྐུས་ལུང་བརྐུས་ཀྱི་རྩོམ་ལུགས་ས་པཎ་གྱིས་མཐོང་ནའང་ངོ་གནོངས་བའི་ཚོད་རེད།
གདུགས་དཀར་ཚེ་རིང་འདི་མི་རྒན་ལྷག་བསམ་ཅན་ཞིག་ཡིན་པའི་ཚོར་བ་སྟེར།