ཨ་ར་དཀར་པོ།
ངོ་ཤེས་བུད་མེད་ཅིག་གིས་རང་གི་ཤ་ལས་ཆད་པའི་བུ་གཅིག་པུར་གཡུག་ནས་སྐྱེས་པ་གཞན་ཞིག་དང་ལྷན་དུ་ཕྱིར་ཕ་ཡུལ་དུ་བྲོས་སོང་། དེ་རྗེས་ལོ་གཅིག་གཉིས་རིང་བུ་དེ་ཕ་ཡར་གྱིས་བདག་སྐྱོང་བྱས་ཀྱང་བུ་ཁོ་རང་སྤྱོད་ངན་ཞིག་ཡིན་ཁར་སློབ་གྲ་འགྲིམས་རིང་ལག་པའང་མི་གཙང་བ་ཞིག་ཏུ་གྱུར་འདུག་པས་གཡས་གཡོན་ཁྱིམ་མཚེས་དང་ངོ་ཤེས་གྲོགས་མཆེད་སོགས་ཀྱི་ནང་འཛུལ་ནས་རྐུ་བྱེད་རྒྱུ་བསྒྱུར་ཐབས་མ་བྱུང་ལ། དེའི་ཁར་ཕ་ཡར་དེའང་བུད་མེད་གཞན་དང་གཉེན་སྒྲིག་གིས་ཡུལ་གཞན་དུ་ཕྱིན་སྟབས་བུ་དེ་བདག་མེད་ཁེར་རྐྱང་དུ་གྱུར། མུ་གེའི་སྒང་ལ་ཟླ་ལྷག་གི་དཔེ་ལྟར་ཕ་མ་ཉེ་འབྲེལ་སུ་གང་མེད་པའི་བུ་དེ་སློབ་གྲས་ཀྱང་ཕྱིར་འབུད་བྱས་སོང་། ཕྱིར་འབུད་བྱེད་དོན་ཡང་རྐུ་བྱས་པའི་སྟབས་ཀྱིས་རེད། ལོ་ན་ཕྲ་ཞིང་སྤྱི་ཚོགས་ཀྱི་ཉམས་མྱོང་དང་འཚོ་བར་ཆ་རྒྱུས་མེད་པའི་བུ་ཕྲུག་ཅིག་འདི་ལྟར་གློ་བུར་ངང་སློབ་གྲ་ནས་ཕྱིར་འབུད་བཏང་དུས་འཆག་ས་བརྟེན་ས་མེད་པའི་བུ་དེ་གང་དུ་འགྲོ་དགོས་སམ། སུ་ཞིག་འཚོལ་དགོས་སམ། ཅི་ཞིག་བྱེད་དགོས་སམ།
དྲི་བ་འདི་དག་ང་ཚོ་བྱེས་ཀྱི་སྤྱི་ཚོགས་དང་བུ་ཁོ་རང་གི་སློབ་གྲྭ ལྷག་པར་དུ་ཡང་བོད་མིའི་སྒྲུག་འཛུགས་གཞུང་ལ་འདྲི་དགོས་པ་ཞིག་རེད། དུས་རྒྱུན་ང་ཚོས་ང་ཚོ་བོད་པ་མི་གྲངས་ཉུང་ཉུང་རེད། ང་ཚོས་མི་གྲངས་འཕེལ་རྒྱས་གཏོང་དགོས་ཟེར་བཞིན་ད་དུང་གཞུང་གིས་བུ་ཕྲུག་གསུམ་བཞི་སྐྱེས་མཁན་ཚོར་འཚོ་བའི་ཐད་དམིགས་བསལ་རོགས་རམ་ཡང་ཡོད་པ་ཡག་པོ་རེད་མོད། ཡོད་བཞིན་པའི་བུ་ཕྲུག་འདི་ཚོར་ཅིའི་ཕྱིར་བདག་སྐྱོང་མ་བྱས་པ་རེད་དམ།
འདི་དག་གི་མདུན་ལམ་ལ་འགན་བླངས་ནས་སྤྱོད་ལམ་ལེགས་བཅོས་ཐད་ཅིའི་ཕྱིར་ཤུགས་མ་བརྒྱབ་པ་རེད། འགྲོ་ས་སྡོད་ས་མེད་པ་ཤེས་བཞིན་དང་མི་ཚེ་འཕྲོ་བརླག་ཏུ་འགྲོ་བ་ཤེས་བཞིན་དུ་མགོ་སྐྲངས་སྒང་ལ་ཁུ་ཚུར་གཞུ་བ་ལྟར་ཕྱིར་འབུད་བཏང་བ་རེད། འདི་ལྟར་ཕྱིར་འབུད་བྱས་པ་འདི་གཅིག་པུ་ག་ལ་ཡིན། ཕ་མ་རྒྱ་གར་ན་ཡོད་མཁན་ཡིན་ན་དྲགས་མོད་བོད་ན་ཡོད་མཁན་ཡིན་ཚེ་ཅི་བྱ། ཕ་མ་མེད་མཁན་ཡིན་ཚེ་ཅི་བྱ། བུ་ཕྲུག་གི་མདུན་ལམ་ཆེད་མ་ཤི་གསོན་བྲལ་བྱས་ནས་རྒྱ་གར་དུ་བཏང་། བོད་གཞུང་དང་རྒྱལ་བ་རིན་པོ་ཆེ་ལ་ཡིད་ཆེས་བློས་འགེལ་བྱས་ཀྱང་ཐ་མ་དེར་བུ་ཕྲུག་མྱོས་རྫས་ངན་གོམས་ཅན་ཞིག་གམ་ལག་སྡོད་ཚུགས་མེད་པའི་རྐུན་མ་ཞིག་བསྐྱེད་བསྲིངས་བྱས་ནས་ལོ་ན་སོན་ལ་མ་སོན་གོང་ནས་ཉེས་པ་བགྲང་སྟེ་ཕྱིར་འབུད་བཏང་ཚེ་ཆུང་ས་ནས་བུ་ཕྲུག་དེའི་མདུན་ལམ་ལ་འགན་མ་ཁུར་བས་མ་ཚད་ཆེ་ས་ནས་སྤྱི་ཚོགས་དང་རང་གི་མི་རིགས་ལ་འགན་མ་ཁུར་བ་རེད།
ལྷག་པར་དུ་ད་ལྟའི་གཉན་ཕྲེང་ཅན་གྱི་དུས་ཞེས་ཀུན་གྱིས་མ་ཎི་ལྟར་བགྲང་བའི་དུས་འདི་འདྲར་མི་བུ་རེ་རེ་ཡིན་ཡང་སྤུས་དག་ཅིག་དང་། རབ་ཡིན་ན་རྒྱལ་ཁབ་དང་མི་རིགས་ལ་ཕན་ཐོགས་མཁན་ཞིག གལ་སྲིད་དེ་འདྲ་མ་བྱུང་ཡང་རང་མགོ་རང་གིས་ཐོན་མཁན་ཞིག་ཡོང་ཐབས་ལ་ངེས་པར་དུ་ནུས་པ་ཡོད་ཚད་འདོན་དགོས་པ་ལས་བྱས་ཉེས་ཆུང་ཙག་བགྲང་ནས་མདུན་ལམ་རྦད་དེ་མེད་པ་བཟོས་ན་ག་ལ་འགྲིག
གོང་དུ་བཤད་པའི་བུ་དེ་སློབ་གྲས་ཕྱིར་འབུད་བཏང་ནས་ཅང་མ་འགོར་བར་ཉེན་རྟོགས་པས་འཇུ་བཟུང་བྱས་འདུག འཇུ་བཟུང་བྱེད་དོན་ཡང་རྐུས་བྱས་པའི་སྟབས་ཀྱིས་རེད་ཟེར། ཟླ་ངོ་འགའི་རྗེས་ནས་ངོ་ཤེས་ཤིག་ལ་བུ་དེའི་སྐོར་འདྲི་དུས། དེང་སྐབས་བུ་དེར་ཞི་བདེ་ཁང་གསར་གྱིས་བདག་པོ་བརྒྱབ་འདུག་ཟེར། ཞི་བདེ་ཁང་གསར་ནི་ཡེ་ཤུའི་ཚོགས་པ་ཞིག་རེད་ལ། ང་ཚོར་མ་དགོས་པར་ཕ་མས་བོར། སློབ་གྲས་བོར། སྤྱི་ཚོགས་ཀྱིས་བོར་བའི་བུ་ཕྲུག་མང་པོ་ཞིག་ཚོགས་པ་འདིས་བདག་སྐྱོང་གིས་ལྟ་རྟོགས་བྱས་དང་བྱེད་མུས་རེད། ཁོ་ཚོའི་སློབ་གསོ་དང་བྱམས་སྐྱོང་འོག་དུག་རྫས་ངན་གོམས་ལས་ཐར་ནས་རེ་ལྟོས་བྱ་རིན་ཆོག་པའི་མི་བུ་གསར་པ་ཞིག་ཏུ་གྱུར་དང་འགྱུར་བཞིན་པའང་མང་མང་རེད། གོང་གི་བུ་དེས་ངན་གོམས་དབང་གིས་ཞི་བདེ་ཁང་གསར་ནས་ཀྱང་རྐུ་ཐེངས་གཅིག་གཉིས་བྱས་འདུག་མོད་ཕྱིར་འབུད་བཏང་མི་འདུག
ངས་འདིར་བཤད་འདོད་པ་ནི་ང་ཚོ་བོད་པའི་གཞིས་ཆགས་ཁག་དང་སློབ་གྲ་ཁག་ནང་དུག་རྫས་སྤྱད་ནས་ངན་གོམས་སུ་གྱུར་པ་དང་རྐུ་བྱས་ནས་ལང་ལ་ཤོར་བ་མང་པོ་ཞིག་ཕ་མར་མ་དགོས། སློབ་གྲར་མ་དགོས། སྤྱི་ཚོགས་ལ་མ་དགོས་པར་ཀུན་གྱིས་བོར་བས་ཐ་མ་དེར་བལྟས་བལྟས་རིག་རིག་ལ་འཆག་ས་བརྟེན་ས་མེད་པར་གྱུར་ནས་མི་ཚེ་འཕྲོ་བརླག་ཏུ་འགྲོ་དང་འགྲོ་བཞིན་པའི་བུ་ཕྲུག་མང་པོ་ཞིག་གང་ས་གང་དུ་མཐོང་རྒྱུ་འདུག་ལ། དེ་དང་དེ་ལྟ་བུའི་གནས་ཚུལ་དབང་གིས་སློབ་གྲ་ནས་ཕྱིར་འབུད་བཏང་བ་དེ་འདྲའང་འདུག
ལྷག་པར་དུ་ཕ་མ་བོད་ན་ཡོད་མཁན་ཡིན་ཚེ་རང་གི་གཅེས་པའི་བུ་འམ་བུ་མོས་རྒྱ་གར་རང་དབང་ལུང་བར་རྒྱལ་བ་རིན་པོ་ཆེའི་སློབ་གྲ་ན་སློབ་སྦྱོང་བྱེད་བཞིན་ཡོད་ཤག་ཡིན་ཡང་མ་བསམ་ས་ནས་གཅེས་ཕྲུག་དེར་སློབ་གྲ་ནས་དགོས་རྒྱུའི་ཡོན་ཏན་མ་འབྱོར་བར་མི་དགོས་རྒྱུའི་རྐུ་བྱེད་རྒྱུ་དང་དུག་རྫས་སྤྱོད་རྒྱུ་གོམས་ཏེ་ད་ཆ་སློབ་གྲས་རྒྱང་འཕུད་བཏང་བས་མ་ཚད་བོད་མིའི་སྤྱི་ཚོགས་ཀྱིས་ཀྱང་མི་གྲལ་ལ་མི་འཇོག་པའི་ཕུང་གསུམ་པ་ཞིག་ཏུ་གྱུར་ཟིན་པ་གོ་འོངས་དུས་ཅི་ཞིག་བསམ་སྲིད་དམ། སྤྱོད་ངན་འདི་རིགས་ན་ཚ་ཞིག་ཡིན་པའི་དབང་དུ་བྱས་ན། ན་ཚ་ཐོག་མར་འགོས་ས་དེ་སློབ་གྲའི་ཁོར་ཡུག་ཡིན་པས་སློབ་གྲས་ཐ་མ་དེར་སྐྱོན་ཚང་མ་ཕྲུ་གུའི་མགོར་གཡོགས་ནས་ཕྱིར་འབུད་བཏང་བས་གནད་དོན་ཡོད་ཚད་ཐག་ཆོད་པ་ཡིན་ནམ།
ང་ཚོའི་གཞུང་དང་ཚོགས་པ་ཁག དགོན་སྡེ་ཁག་བཅས་ནང་འདི་འདྲའི་ཐད་ཁ་ཡོད་ལག་ཡོད་ཀྱི་ནུས་པ་འདོན་མཁན་དང་ལས་ཀ་བྱེད་མཁན་ཅི་ཙམ་ཡོད་དམ། སྔོན་ཆད་ཟམ་གདོང་བླ་མའི་བཀའ་ཤག་གིས་སློབ་གྲ་སོ་སོའི་ནང་མྱོས་རྫས་ངན་གོམས་ཅན་ཇི་ཙམ་ཡོད་མེད་རྩད་གཅོད་སྐབས་སློབ་གྲའི་དབུ་འཛིན་དང་སློབ་སྤྱི་སོགས་ཀྱིས་སློབ་གྲའི་མིང་ཙམ་ལ་བསམས་ནས་ང་ཚོའི་སློབ་གྲའི་ནང་དེ་འདྲ་རྩ་བ་ནས་མེད་ཅེས་ཁས་ལེན་མ་བྱས་སྐད།
དེ་བཞིན་ཚོགས་པ་ཁག་དང་དགོན་སྡེ་ཁག་ཡིན་ནའང་རང་གི་ཚོགས་པ་སྒྲིག་འཛུག་དེའི་ཁེ་ཕན་ཙམ་དང་མིང་ཙམ་དོན་གཉེར་བྱེད་པ་ལས་ཁ་ཡོད་ལག་ཡོད་ཀྱིས་གཞན་ཕན་གྱི་ལས་ལ་འཇུག་མཁན་ཧ་ཅང་ཉུང་ཉུང་རེད།
ཡིན་ནའང་སྟབས་ཡག་པ་ཞིག་ལ་ཡེ་ཤུའི་ཚོགས་པ་འདི་དག་གིས་ང་ཚོས་གད་སྙིགས་སུ་བཟོས་པའི་མི་བུ་མང་པོ་ཞིག་ལ་ལས་སྣོན་གྱིས་སླར་ཡང་མི་བུ་རྣལ་མ་ཞིག་ཏུ་བཟོས་ཏེ་ང་ཚོར་རྩིས་འབུལ་ཞུ་བཞིན་འདུག འདི་དག་ལ་ང་ཚོས་མིག་དཔེ་ལྟ་འོས་ལ་བཀའ་དྲིན་ཡང་ཞུ་འོས། དེ་མིན་སློབ་གྲ་ཁག་གི་ས་མིག་སྟོང་བཞིན་པ་དང་དགོན་སྡེ་ཁག་གྲ་བས་སྟོང་བཞིན་པར་མུག་ཤི་བགྲང་ནས་སྡོད་པ་ལས་ད་ལྟ་ཡོད་བཞིན་པ་འདི་ཚོ་འཕྲོ་བརླག་ཏུ་མ་བཏང་བར་བདག་སྐྱོང་ལེགས་པོ་ཞིག་བྱེད་ཐུབ་ན་ཅི་མ་རུང་ཨང་།
༢༠༡༤ ༦ ༤ ཉིན།
མིང་མེད་ཁྱིམ་ཚང་ཞིག་གི་རྟོག་སྒྲུང་ལ་ཡི་རང་མེད་ལ་་་་སེམས་ཁྲལ་ཀྱང་མེད་་་ཨ་ར་དཀར་པོས་རྟོག་སྒྲུང་འབྲི་རྒྱུ་སྦྱང་གི་ཡོད་ས་རེད་་་་་་
སྤྱི་ཚོགས་དཔྱད་བརྗོད་ཀྱི་རྩོམ་ཡིག་འབྲི་ན་ ་ཁ་ཤས་ཀྱིས་འགྲིག་གི་མི་འདུག་ཟེར་ནས་བརྒྱ་ཕྲག་བྲིས་ནས་སྤྱི་ཚོགས་དཔྱད་བརྗོད་ཡིན་ཟེར་བ་དེ་འདྲ་ཡིན་ན་རང་མགོ་རང་གིས་གཡོག་པ་རེད།
སུན་སོང་མི་འདི་ཚོས་གཞུང་གིས་མ་འགྲིག་རབ་ལས་རང་གིས་ཅི་ཞིག་བྱེད་ཀྱི་ཡོད་མེད་བསམ་བློ་ཙམ་ཡང་གཏོང་མྱོང་མེད། བུ་ཕྲུག་བདག་སྐྱོང་བྱེད་རྒྱུ་ནི་གཞུང་ཅིག་པུའི་འགན་ག་ལ་ཡིན། སྤྱི་ཚོགས་སྟེང་གི་མི་ཚང་མའི་འགན་རེད། ཉམ་ཐག་དེ་འདྲ་ཞིག་ཡོད་ན་ཨ་ར་དཀར་པོ་ཁྱོད་རང་གིས་བདག་སྐྱོང་བྱས་ན་ཅིས་མི་ཆོག
ལུང་རྟོགས་ལགས་ཀྱི་བཤད་པ་རྒྱབ་སྐྱོར་ཡོད། ཁྱེད་ཀྱི་ངོ་ཤེས་སམ་སྤུན་གྲོགས་སྤྱོད་ངན་དེ་འདྲ་ཞིག་གཞུང་གི་བདག་པོ་བརྒྱབ་ནས་རྐུན་མའི་ལས་ཁུང་འདྲ་པོ་ཞིག་ལ་གཏོང་ཐབས་བྱེད་དགོས་སམ། རྒྱལ་ཁབ་གང་ཞིག་ཡིན་རུང་སྤྱོད་ངན་དང་ལང་ཤོར་བ་གང་མང་ཡོད། ལར་ནས་ཁྱེད་ཀྱིས་རོགས་ཕན་འདྲ་མ་གནང་བ་གང་ཡིན་ནམ། ཁྱེད་རང་ལའང་འགན་མེད་པ་མ་རེད།
བོད་ནས་གསར་འབྱོར་ཞིག་ཡིན་ན། བལ་ཡུལ་ནས་མཉམ་འབྲེལ་རྒྱལ་ཚོགས་སྐྱབས་བཅོལ་ལས་ཁུངས་ལ་ཐོ་རྒྱག་གི་ཡོད། ལས་ཁུངས་དེས་སྐྱོབ་དངུལ་མི་རེ་ལ་ཧིན་སྒོར་ཁྲི་ཕྲག་དྲུག་ཅུ་རེ་སྣེ་ལེན་ཁང་བརྒྱུད་ནས་རྡ་སར་རེག་གི་ཡོད་པས། སུས་བདག་པོ་རྒྱག་དགོས་མིན་གསལ་པོ་མ་རེད་དམ། རྐུ་ངོ་ལོང་ལྟོགས།
ང་ཚོའི་སྤྱི་ཚོགས་ཆུང་ཆུང་འདི་དྲང་གཏམ་དང་དངོས་ཡོད་ས་བཤད་ས་ཞིག་མ་རེད།
དེ་ལས་ཁ་སྤོབས་ཆེན་པོ་དང་། མཐོང་ཡང་མ་མཐོང་མདོག་མདོག་བྱས་ནས་བསྡད་མཁན་ཞིག་རེད།
རྡ་ས་གཞུང་གིས་བོད་ནས་གསར་འབྱོར་ཚོ་དང་པོ་ས་མཚམས་ནས་གནམ་གྲུ་དང་བྷ་སི་ནང་ལ་བླངས། དེ་ནས་བལ་ཡུལ་སྣེ་ལེན་ཁང་དུ་སྡོད་རིང་ཁང་པ་དང་ཁ་ལག་སྤྲད། ད་དུང་མི་རེ་ལ་འགྲིམ་འགྲུལ་གླ་ཆ་མི་དགོས་པའི་སྟེང་ལ་བལ་སྒོར་སྟོང་གཉིས་རེ་སྤྲད་ནས་ལྡི་ལི་སྣེ་ལེན་ཁང་རྒྱུད་ནས་རྡ་ས་བར་དུ་བསྐྱལ་བ་མ་ཚད། སོ་སོ་གང་དུ་འགྲོ་དགོས་པའི་དགོན་སྡེ་དང་སློབ་གྲྭ་ཁག་ལ་འགྲོ་སོང་སྐར་གང་མི་དགོས་པར་བསྐྱལ། ད་དུང་སློབ་ཡོན་ཡིན་ཞེས་ཟླ་བ་རེ་རེ་བཞིན་དུ་སྒོར་མོ་སྤྲད་པ་དེ་དག་སྐྱག་པ་དང་མཉམ་དུ་གཏོང་ཚར་བ་ཡིན་ནམ་ཀརྨ་བློ་མི་གསལ་ལགས། མཉམ་འབྲེལ་རྒྱལ་ཚོགས་སྐྱབ་གཅོལ་ལས་ཁུང་ནས་རོག་དངུལ་རག་གི་ཡོད་ན་དེ་ཡང་རྡ་སའི་དབུ་ཁྲིད་ཚོའི་འཇོན་ཐང་ལ་རྟེན་ནས་རག་པ་ལས། གསར་འབྱོར་ཚོ་འཇོན་དྲག་ནས་རག་པ་མ་ཡིན་པ་ཤེས་པར་གྱིས་ཤིག
བོད་པ་སྐྱབས་བཅོལ་བ་ནི་རྒྱལ་ཁབ་ཤོར། གཉའ་གནོན་མ་ཐེག་པར་ཕྱི་ལོགས་སུ་བྲོས་ཡོང་མཁན་རེད། དེ་ནས་འཛམ་གླིང་མི་མང་རྒྱབ་ལ་གྱོན། ཁ་ལའང་ཟོས་ཡོང་པ་རེད། དེ་ནི་བོད་ནང་ནས་རྒྱུན་མ་ཆད་པར་ངོ་རྒོལ་གནང་པའི་འབྲས་བུ་རེད་མ་གཏོངས་བཙན་བྱོལ་བོད་པ་མི་རྐང་གཅིག་འཇོན་ཡོད་པ་མ་རེད། ད་མཁྱེན་སོང་ངམ།
འཛམ་གླིང་མི་མང་རྒྱབ་ལ་གྱོན་ཁ་ལ་ཟ་ཡ་རག་པ་འདི་རྡ་སའི་དབུ་ཁྲིད་ཚོས་འཛམ་གླིང་རྒྱལ་ཁབ་ཁག་དང་རོག་ཚོགས་ཁག་ལ་འབྲེལ་བ་བྱས་ནས་བྱུང་བ་རེད་མ་གཏོགས། གསར་འབྱོར་བ་ཚོས་རོག་རམ་རག་རྒྱུ་ཕར་ཞོག་བལ་ཡུལ་བརྒལ་ནས་འགྲོ་ཐུབ་པའི་ཆ་རྐྱེན་གང་ཡང་མེད་པ། ཐ་ན་ཟ་ཁང་ནས་ཁ་ལག་ཅིག་རག་རྒྱུ་དང་བརླང་འཁོར་གྱི་འཛིན་བྱང་ཞིག་ཉོ་དགོས་ན་ཡང་མི་རག་པ་དངོས་ཡོད་རེད། རྡ་སའི་གཞུང་དང་སྣེ་ལེན་ཁག་ཁག་གི་བཀའ་དྲིན་ལ་རྟེན་ནས་རྒྱ་གར་ལ་ཡོང་ཐུབ་པ་མ་ཟད། ད་དུང་དགོན་སྡེ་དང་སློབ་གྲྭ་ཁག་ནང་ལ་ལྟོ་གིས་སོགས་ཀྱི་སེམས་ཁྲལ་མེད་པ་དང་། སློབ་ཡོན་སྐར་གང་སྤྲད་མི་དགོས་པར་སློབ་སྦྱོང་གི་གོ་སྐབས་རག་པ་འདི་ཚོ་རྡ་སའི་གཞུང་གི་བཀའ་དྲིན་ཡིན་ཡང་། རང་མགོ་ཅུང་ཐོན་ནས་སྤུ་ཅུང་ཟས་སྐྱེས་ཡོང་དུས་དྲིན་ལན་ལོག་འཇལ་གྱིས་རྡ་སའི་གཞུང་གིས་མ་བྱས་མ་ལྟས་ཟེར་བ་འཇིག་རྟེན་མིའི་སྤྱོད་པ་ཞིག་མིན་ནོ།།
དེ་རིང་ངས་སྐུ་ཞབས་ལུང་རྟོགས་ཀྱིས་གསུངས་པ་དེ་ལ་ཡང་བདེན་ཆ་མང་པོ་འདུག་བསམ་སོང་།
དེ་རིང་ཅིག་པུ་ཨེ་ཡིན་ན་སྐུ་ཞབས་སྤོབས་པ་ལགས། ངས་བདེན་གཏམ་ལས་རྫུན་གཏམ་བཤད་པ་ཞིག་མི་དྲན་མོད། འོན་ཀྱང་བཞི་བརྒྱ་པའི་ནང་གི་ལོ་རྒྱུས་ཤིག་ལས་ཡུལ་གྱི་མི་ཚང་མས་སྨྱོ་ཆུ་འཐུང་ཞིང་རྒྱལ་པོ་ཅིག་པུ་སྨྱོ་ཆུ་མ འཐུང་ཡང་མི་ཚང་མས་རྒྱལ་པོ་སྨྱོན་པར་རྩིས་པ་བཞིན། སྨྱོ་ཆུ་འཐུང་ཚར་བའི་སྤྱི་ཚོགས་ཤིག་གི་ནང་ལ་བདེན་པ་ཅིག་པུ་ཞིག་ཐར་ཁག་ཙམ་འདུག་ག
ད་རིང་ལུང་རྟོགས་ལ་བདེན་ཁ་འདུག་ཀྱང་། སྐབས་རེ་ལུང་རྟོགས་ལ་རྨོངས་ཞེན་དང་། ཕྱོགས་ཞེན་གྱི་དྲི་མ་ཆེ་ཙམ་ཡོད་རེད་ད། ཧཧཧ་་་་སྐུ་རྩེད་ཡིན།
ཡང་འདི་རེད། སྐུ་ཞབས་ལུང་རྟོགས་འདི་གཟུགས་རིང་གི་ཟེར་དུས་ཕྱི་རྟིང་བཀྱག་ཡོང་གི ཁྱེད་རང་མ་གཏོགས་ཚང་མ་སྨྱོན་པ་རེད་ཟེར་ནས་ཁ་ཕོ་བཤད་མ་ཡོང་།
ལུང་རྟོགས་ལགས་ཀྱིས་གསུངས་པ་བཞིན་དུ། རྡ་སའི་གཞུང་ཟེར་ན་རེད། བཙན་བྱོལ་ནང་གི་ཚོགས་པ་ཚོས་མི་དེ་ལ་བདག་པོ་མ་བརྒྱབ་པ་ཞིག་རེད་མི་འདུག དཔེར་ན། དད་པའི་ཨ་ལོང་མེད་ན།།ཐུགས་རྗེ་ལྕགས་ཀྱུས་མི་ཟིན།།ཟེར་བ་བཞིན་དུ་ཐ་ན་ཁོ་རང་གི་ཕ་མས་ཀྱང་བདག་པོ་རྒྱག་མ་ཐུབ་པ་ཞིག་ཁག་པོ་ཡིན་རྒྱུ་རེད། ཨ་མེ་རི་ཁ་སོགས་ན་ཡང་ཁྱིམ་མེད་པར་སྲང་བར་ན་ཉལ་དགོས་ཐུག་མཁན་མང་པོ་ཡོད་པས་ཡོད་ཚད་གཞུང་དང་སྒྲིག་འཛུགས་ཀྱིས་བསྐྱབ་དགོས་ཟེར་ན་དེ་ཡང་ཐལ་ཆེ་བ་རེད་བསམ།
སློབ་གྲྭའི་ནང་དུ་རྐུ་བྱས་ན་ཕྱིར་འབུད་བྱེད་པ་དེ་སློབ་གྲྭའི་སྒྲིག་ལམ་ཡིན་རྒྱུ་རེད། སྒྲིག་ལམ་ཞིག་ཡོད་པ་དེ་དེ་ལུགས་བཞིན་དུ་འཛིན་སྐྱོང་བྱེད་དགོས་པ་མ་གཏོགས་དམིགས་བསལ་གཏང་ཟེར་བ་དེ་ཡང་ཁག་པོ་རེད་བསམ།
ཡེ་ཤུ་པ་ཚོས་ཁོ་རང་ཚོའི་ཆོས་སྤེལ་བའི་དམིགས་ཡུལ་གྱིས་འདི་འདྲ་བྱེད་ཀྱིན་ཡོད་འདུག དེ་ཡང་མཐའ་གཏུག་ན་དངུལ་དང་། སྒྱོ་དང་། དབང་ཤུགས་ཙམ་གྱི་དམིགས་ཡུལ་ཅན་དུ་གྱུར་ནས་ནུབ་ཕྱོགས་པ་གཞོན་སྐྱེས་ཕལ་མོ་ཆེས་ཡེ་ཤུའི་ཆོས་ཟེར་ན་སྣ་གཉེར། མགོ་གཡུགས། ཞེན་པ་གཏིང་ནས་ལོག་པའི་རྣམ་འགྱུར་སྟོན་པ་དེ་ཡང་ཡེ་ཤུ་པའི་ཆོས་ཚོགས་མང་པོས་འདི་འདྲ་གཡོ་སྒྱུའི་སྦྱོར་བ་མང་དུ་བརྩམས་པའི་སྐྱོན་རེད། ད་ཁར་སང་དེ་རིང་ཡེ་ཤུའི་གྲྭ་བ་ཚོ་བུ་ཆུང་འཛགས་པའི་ཁྲིམས་ལ་ཐོགས་ཡོད་མཁན་ཧ་ཅང་མང་པོ་རེད།
སྤོབས་མཐའ་ལགས།
ས་ག་ཟླ་བའི་ཚིག་བཟང་བུ་ཆུང་འཛགས་པའི་ཚིག་གི་གོ་དོན་ཤེས་བྱུང་ཡང་། ཡང་། སྒྱོ་ཟེར་ན་གང་རེད། འདི་ཡང་འཁྲིག་ཚིག་སྒྱོ་མིན་འགྲོ ལགས།
ནོར་བཅོས།
སྒྱོ་ཟེར་ན་གང་རེད། འདི་ཡང་འཁྲིག་ཚིག་༼སྒྱོ་༽མིན་འགྲོ ལགས།
འདི།
སྒྱོ་ཟེར་ན་གང་རེད། འདི་ཡང་འཁྲིག་ཚིག་རྒྱོ་མིན་འགྲོ ལགས།
དེ་རེད། དེང་སང་བོད་པ་མང་པོས་ཡེ་ཤུའི་ཆོས་ལུགས་པ་ཚོས་སྤྱི་ཚོགས་ལ་ཞབས་ཞུ་སྒྲུབ་སྟངས་དེ་ཞེ་པོ་ཞིག་རེད་ཅེས་ཧང་སང་སང་བྱེད་ཀྱི་འདུག་ཀྱང་། དོན་ངོ་མ་ཁོ་ཚོས་ལུང་པ་ཉམ་ཐག་ཁག་ལ་སྨན་ཁང་དང་སློབ་གྲྭ་འཛུག་པ་སོགས་སྤྱི་ཚོགས་ཞབས་ཞུ་སྒྲུབ་པ་ཕལ་མོ་ཆེ། གཞན་ཕན་གྱི་ཀུན་སློང་བཟང་པོ་ཞིག་གིས་སྒྲུབ་པ་མིན་པར། རང་ཉིད་ཀྱི་ཆོས་ལུགས་ཁྱབ་སྤེལ་བྱེད་རྒྱུའི་ཧམ་སེམས་རི་འདྲ་བ་ཞིག་ཁྱེར་ནས་བྱེད་ཀྱི་ཡོད་པ་མངོན་གསལ་ཡིན་པས། དེ་ནི་མིག་དཔེ་ལྟ་འོས་པའི་བཟང་སྤྱོད་ཅི་ཡང་མ་རེད།
བོད་མི་ལ་གསར་འབྱོར་དང་གཞིས་ཆགས་ཁྱད་པར་མེད་པར་རྐུ་ཇག་འཕྲོག་གསུམ་ལ་ཞུགས་ཕྱིན་ཁྱད་མེད་དུ་སྒྲིག་འཛུགས་དང་མཐུན་པར་སློབ་གྲའམ་དགོན་སྡེ་སོགས་ཚོགས་སྡེ་གང་དུ་ཡོང་རུང་གནས་དབྱུང་གཏང་དགོས་པ་ལས་ཁྱད་པར་ཕྱེ་དགོས་ན་ཕྱོགས་རིས་ཀྱི་བྱ་བ་ལས་མ་འདས།
ག་རེ་ལབ་ཀྱི་ཡོད། རྒྱལ་མཚམས་བརྒལ་ནས་ཐོན་མཁན་ཚང་མ་སྐྱབས་བཅོལ་བ་མིན་ན་ཇག་པ་རེད། གསར་ལམ་ཁག་ཏུ་ཐོན་བཞིན་པས། དེར་དམིགས་བསལ་ཁྱབ་བསྒྲགས་དགོས་ཀྱི་མ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལས་ཁུངས་དམིགས་བསལ་ས་ཆ་ཁག་ཏུ་ཡོད་པ་རེད་ལ། རིས་མེད་དུ་སྐྱབས་བཅོལ་བར་རོགས་པ་རྒྱག་གི་འདུག བོད་པ་མཚོན་ན། གོང་དུ་ཞུས་པ་ལྟར་རོགས་དངུལ་དེ་འདྲའི་འབོར་ཆེན་ཞིག་རེག་ཡོད་པས། ཕྲུ་གུ་མ་རབས་ལ་སློབ་གསོ་སྤྲད་ས྄་ཞིག་ལོགས་སུ་འཛུགས་མ་ཐུབ་པའི་དཀའ་ངལ་ཡོད་པ་མ་རེད། དེ་འདྲ་ཞིག་ཀྱང་མི་སྒྲུབ་དོན་ཅི། ཟ་ཤེས་པ་ལས་སྐྱོང་མི་ཤེས་པ་མ་རེད་དམ།
༄།ཨ་ར་དཀར་པོ་ཁྱོད་རང་ནས་ཁ་བདེ་པོ་ཅིག་པུ་ཕན་ཐོག་མེད། ཁྱོད་ནས་བུ་དེ་མགོ་བཞུག་བར་ལོ་མང་རིང་རྒྱུས་འདུག་པས་ཅིག་བྱེད་ན་ཁྱོད་རང་གི་ཉེ་དུ་འམ་ཡང་ན་ཕ་ཡུལ་ཅིག་པ་ཡིན་ཤས་ཆེ། གང་ལྟར་ཁྱོད་ནས་འབྲེལ་ཡོད་ལ་ཞཡ་གཏུགས་དང་། དྲ་རྒྱས་ཐོག་ལ་ཕ་ཡུལ་ག་ནས་ཡིན་མིན་དང་། ཨ་མ་འདྲེ་མོ་འདྲ་དེའི་མིང་དང་། ཁྱོད་རང་དངུལ་མེད་ཀྱང་ཞལ་འདེབས་སོགས་ཁ་གསལ་བྱེད་ན་རག་ངེས་རེད། སྤྱིར་གཏང་བོད་པའི་སྤྱི་ཚོགས་འདི་ཁ་ནས་མ་གྱུར་སེམས་ཅན་ཐམས་ཞེས་ཡང་ཡང་ལབ་ཀྱང་། དོན་དུ་མདུན་དུ་དཀར་ངལ་ནང་དུ་ལྷུང་པའི་བོད་མི་ཉམ་ཐག་འདི་ཚོ་ལ་རོག་པ་མ་བྱེད་པར་། སྐུ་མ་དང་ ཉལ་ཐ་འཐེན་མཁས། གཞང་བཙོན་ཅེས་མི་བྲལ་ནས་གནས་དབྱུང་གཏང་བ་འདི་སྐྱོ་ལ།
བོད་ཕྲུག་ཆུང་ཆུང་ཚོ་འཕྲོག་རླག་འགྲོ་བཞིན་པ་ནི་དབྱར་གྱི་ཆུ་བོའི་རྒྱུན་བཞིན་རེད་་་
རེ་རེ་བྱེད་ནས་བགྲངས་ཚོད་མི་འདུག
མ་ཟད་སློབ་གྲྭར་སྒྲིག་འཛུག་ཡོད་ནའང་་་་་་དམིགས་བསལ་ཞིག་ཀྱང་ཡོད་ཤག་རེད།
དེ་འདྲའི་བུ་ཕྲུག་ཚོར་སྐྱོང་མཁས་ལེགས་པོ་གནང་དགོས་པ་ནི་་་་
སློབ་གྲྭའི་འོས་འགན་ཞིག་ལུས་ཡིན།
འགན་མཁྱེར་མ་ཐུབ་ན་ལས་ཀ་གཞག་ན་ཡག་གི་རེད།
ཡེ་ཤུའི་ཆོས་པ་ཚོས་་་་མི་ལ་ལྟ་སྐྱོང་གནང་པ་དེ་ཧ་ཅང་གི་བཀའ་དྲིན་ཆེན་པོ་རེད།
ལྷག་དོན་དུ་དེ་འདྲའི་ཉམས་ཐག་པའི་བུ་ཕྲུག་དེ་ཚོར་རོགས་སྐྱོར་གནང་པ་དེ་ནི་ཧ་ཅང་གི་གཟི་བརྗིད་ཆེན་པོ་ཞིག་རེད་ལ་
བུ་དེས་མ་འོང་པར་བཀའ་དྲིན་དེ་ནམ་ཡང་བརྗེད་སྲིད་ཀྱི་མ་རེད།