གདུགས་དཀར་ཚེ་རིང་།
ཨེ་མ་ཧོ། ཆོས་སྐུ་སྐྱེ་མེད་བདེ་ཆེན་མཁའ་ལམ་ན། །
གཞན་ཕན་ཐུགས་རྗེའི་ཉི་གཞོན་འབུམ་དུ་གདལ། །
འཕྲིན་ལས་ལྷུན་གྲུབ་གདེངས་ཀའི་འོད་རྣོན་གྱིས། །
འགྲོ་ཁམས་རྒྱ་མཚོའི་སྙིང་ལ་མངའ་དབང་སྒྱུརད། །
གདོད་ནས་རྣམ་དག་གཞི་དབྱིངས་ཆོས་ཉིད་ཀློང་། །
རབ་འབྱམས་རྒྱལ་བའི་གསང་གསུམ་འགག་མེད་གདངས།།
རྡོ་རྗེ་ལུ་གུ་རྒྱུད་དུ་འཕོས་པ་ཡི། །
དཔལ་གྱི་དགེ་མཚན་ཆེན་པོས་ཤིས་པ་སྩོལད། །
འཕགས་པའི་ཡུལ་ན་སྟོན་པ་བཅོམ་ལྡན་འདས། །
ཨོ་རྒྱན་ཡུལ་ན་མཚོ་སྐྱེས་རྡོ་རྗེ་སྐུ། །
ཁ་བ་ཅན་ན་འཕགས་མཆོག་སྤྱན་རས་གཟིགས། །
བདག་སྙིང་དད་པའི་ཟེའུ་འབྲུར་རོ་གཅིག་ཉིད། །
བྱམས་དང་སྙིང་རྗེའི་གཏེར་ལ་ཟད་པ་མེད། །
མཁྱེན་བརྩེ་ནུས་པའི་ཟླ་གཞོན་བྲི་གང་མེད། །
རིགས་དྲུག་ཀུན་ལ་ཉེ་རིང་ཆགས་སྡང་མེད། །
བདག་གི་རྩ་བའི་བླ་མ་འགྲན་ཟླ་མེད། །
རྒྱལ་ཀུན་ཐུགས་རྗེ་འཕྲོགས་ཏེ་བདག་གིར་བྱས། །
འགྲོ་ཀུན་བུ་ལྟར་གཟིགས་ནས་སྙིང་ལ་སྦས། །
ཁམས་གསུམ་གདན་ལ་ཟླ་ཉི་ཕྱག་རྩེད་འགྱེད། །
དབང་ཆེན་འབར་བས་སྲིད་གསུམ་ཟིལ་གྱིས་ནོནད། །
རང་རིག་གཞོན་ནུ་དྲག་ཏུ་ཁྲོས་པའི་རྩལ། །
མཐིང་ནག་སྐུ་ཆེ་ནམ་མཁའ་མཉམ་པའི་གར། །
གསེར་འཁོར་རྩིབས་བརྒྱད་བྷྱོ་ཟློག་སྒྲ་བརྒྱ་ལྡིར། །
གཤེད་མ་རྦོད་གཏོང་རྦད་འདྲེ་དུས་གཅིག་ཟློགས། །
ཁྲག་འཐུང་རོལ་བའི་དུར་ཁྲོད་ཆེན་པོ་ནས། །
སྙིང་ཞག་རཀྟར་དགྱེས་པའི་ལང་ཚོ་ཅན། །
དམ་ལྡན་ཡེ་ཤེས་ལྷ་ཚོགས་མཆེད་འཁོར་རྣམས། །
ཉམས་པ་ཚར་ཆོད་དམ་ཅན་བུ་བཞིན་སྐྱོངས། །
རྒྱལ་ཀུན་མཁྱེན་རབ་གཅིག་འདུས་འཇམ་པའི་དབྱངས། །
གསུང་དབྱངས་ཡན་ལག་དྲུག་ཅུའི་བདག་མོ་སྟེ། །
དབྱེར་མེད་བླ་མ་སྨྲ་བའི་སེང་གེ་ཡིས། །
ཟབ་གསལ་མྱུར་དང་རྣོ་བའི་ཤེས་རབ་སྩོལད། །
གཟུངས་སྤོབས་ཏིང་འཛིན་ཟད་མི་ཤེས་པའི་བློས། །
རྒྱལ་བའི་དགོངས་པ་ཟབ་མོ་མྱུར་རྟོགས་ཏེ། །
འཆད་རྩོད་རྩོམ་དང་སྒྲུབ་པ་ཉམས་ལེན་གྱིས། །
འགྲོ་བ་སྒྲོལ་བའི་དེད་དཔོན་ཉིད་གྱུར་ཅིག །
ཚེ་རབས་སྔོན་ནས་བསྒྲུབས་པའི་ཡི་དམ་ལྷ། །
དུས་གསུམ་སངས་རྒྱས་ཀུན་གྱི་འཕྲིན་ལས་གཟུགས། །
རྗེ་བཙུན་སྒྲོལ་མའི་ལྷ་ཚོགས་དབྱིངས་ནས་བཞེངས། །
བོད་འབངས་སེམས་ཅན་འདོད་དོན་མྱུར་དུ་སྒྲུབས། །
བདེ་ཆེན་ཡངས་པའི་ཕོ་བྲང་ཆེན་པོ་ནས། །
བདེ་བའི་ཉམས་འགྱུར་སྙན་འཇེབས་རོལ་མོར་བཅས། །
བདེ་སྟོང་ཟུང་འཇུག་རྫུ་འཕྲུལ་ཐོགས་མེད་ངང་། །
བདེ་ལེགས་ཀུན་སྩོལད་འགལ་རྐྱེན་ལྷག་མེད་ཟློགས། །
ཆུ་ལ་ཉ་དང་མཁའ་ལ་བྱ་ལྟར་ལྡིང་། །
གངྒཱ་གནམ་འདྲེན་སྒྲུབ་ཕུག་མར་ལྟར་བཞུ། །
རི་བྲག་ཐོགས་མེད་དགོངས་པ་ཟང་ཐལ་ངང་། །
གྲུབ་ཆེན་བརྒྱད་ཅུས་བདག་ལ་གྲུབ་པ་སྩོལད། །
བསད་པའི་རོ་བསླངས་བྲག་ལ་ཕུར་བ་འདེབས། །
ཉི་ཟླ་དམ་འདོགས་ཉི་ཟེར་ཆིབས་སུ་བཅིབས། །
འདྲེ་སྲིན་བཏུལ་ནས་བོད་ཡུལ་བདེ་ལ་བཀོད། །
རྗེ་འབངས་ཉེར་ལྔས་བདག་ལ་བྱིན་ཆེན་ཕོབས། །
སྲིད་པའི་ལྷ་དགུ་བརྟན་མ་བཅུ་གཉིས་དང་། །
རྗེ་ཡི་མགུར་ལྷ་བཅུ་གསུམ་ཁྱད་པར་དུ། །
འདོད་ཁམས་བདག་མོ་དཔལ་ལྡན་རེ་མ་ཏི། །
ཐུགས་རྗེ་བསྐུལ་ན་སྡོང་གྲོགས་ཤུགས་མ་ཆུང་། །
སྣ་ཚོགས་ཐབས་དང་ཐུགས་རྗེ་ཚད་མེད་བློས། །
སྣ་ཚོགས་འགྲོ་བའི་ཁམས་དབང་མོས་པ་ལྟར། །
སྣ་ཚོགས་གཟུགས་ཀྱིས་གང་ལ་གང་འདུལ་དུ། །
སྣ་ཚོགས་ཆོས་སྲིད་བྱ་བ་སྒྲུབ་ལ་སྤྲོ། །
བསིལ་ལྗོངས་ཤར་ཕྱོགས་མདོ་སྨད་གཡར་མོ་ཐང་། །
གསེར་ལྗོངས་རིག་པ་འབྱུང་བའི་གྲོང་ཁྱེར་གྱི། །
གཡུ་འབྲུག་སྔོན་མོ་འཁྱིལ་འདྲའི་ཕང་བ་ན། །
ལྕང་སྐྱ་ཞེས་བྱའི་གཡང་སྡེ་ཕྱུག་མོ་མཛེས། །
ཤར་ན་མདུན་རི་ནགས་ཚལ་སྟུག་པོ་དང་། །
རྒྱབ་ན་གཏོར་ཟོར་དགྲ་ལ་འཕངས་འདྲ་བའི། །
སྐྱེས་ལྷ་གཉན་པོ་བཞུགས་པའི་ཕོ་བྲང་བརྗིད། །
དབང་དྲག་འབར་བའི་གནས་མཆོག་གཞན་ཡོད་མིན། །
གནམ་ལ་འཁོར་ལོ་རྩིབས་བརྒྱད་འོད་སྟོང་འབར། །
ས་ལ་པདྨ་འདབ་བརྒྱད་ཐགས་སུ་བཀྲ། །
ཕྱོགས་མཚམས་བཀྲ་ཤིས་རྟགས་བརྒྱད་རེ་ཁ་གསལ། །
དགེ་བཅུ་ཚང་བའི་ཡུལ་འདི་སྙིང་དུ་སྡུག །
རིགས་རུས་ཕུན་ཚོགས་བློན་ཆེན་མགར་གྱི་རྒྱུད། །
དཔའ་མཛངས་རྟུལ་ཕོད་བོད་ལ་བློ་དཀར་ཞིང་། །
ཆོས་སྲིད་སྐྱོང་མཁས་གཡུལ་གྱི་ལས་ལ་བྱང་། །
བཙན་པོའི་གཉའ་གནོན་ཉམ་ཆུང་དཔུང་དང་གཉེན། །
ཕ་རྒྱུད་སྨད་པ་འཇམ་གྱི་དཔོན་པོ་ལ། །
མ་རྒྱུད་ཀོའུ་སྡེ་དཔོན་ཚང་འདུས་པའི་ཁྱིམ། །
སྐྱེད་བྱེད་དར་རྒྱས་མ་མིང་བསོད་ནམས་སྐྱིད། །
ལྕང་སྐྱའི་འཇམ་དབྱངས་ཚང་ཞེས་གྲགས་པ་འབར། །
མེས་པོ་འབྲུག་རྒྱལ་ཁྱིམ་ནས་རབ་ཏུ་བྱུང་། །
དབུས་གཙང་དམ་པ་ཆོས་ཀྱི་ཞིང་ལ་སོང་། །
ཆོས་ཀྱི་ཞོར་དུ་ཚོང་ཡང་དོན་དུ་གཉེར། །
འབྱོར་བ་ཆེ་བས་ཆོས་མཛད་འབྲུག་རྒྱལ་གྲགས། །
ཨ་ཁུ་བཅུ་ཐུབ་རོང་བོ་དགོན་ཆེན་འགྲིམས། །
དཔའ་རྩལ་ཆེ་བས་གྲྭ་རྒྱགས་བཅུ་ཙམ་བཏུལ། །
གདུགས་དཀར་འདོན་བཞིན་ལུག་རའི་མེ་ཆེན་བསད། །
ཨ་མཆོད་གྲུབ་ཆེན་ཞིག་གི་མཚན་ཡང་ཐོབ། །
གྱོད་ལ་ཐུག་དུས་སྡེ་བའི་རུ་འདྲེན་དང་། །
རྐུན་ཇག་འཇོམས་ལ་དཔའ་བའི་བུ་རྒོད་མང་། །
ཕ་མེས་བརྒྱུད་ནས་གཙུག་ཏོར་གདུགས་དཀར་འདོན། །
ང་ཡི་མིང་ལ་གདུགས་དཀར་ཚེ་རིང་བཏགས། །
མིང་སྲིང་མང་ཙམ་སྔ་ཕྱིར་སྐྱེས་ནའང་། །
ད་ལྟ་ལྷག་པ་སྤུན་གསུམ་སྲིང་མོ་གཅིག །
ཀུན་ཀྱང་བོད་ལ་དགའ་ཞིང་ཆོས་ལ་དད། །
ཚུལ་མིན་ལས་ངན་སུས་ཀྱང་བརྩམས་པ་མེད། །
རང་ལོ་བདུན་ཙམ་ཉིད་ནས་སློབ་ཆུང་འགྲིམས། །
བློར་འཛིན་རྒྱུགས་སྤྲོད་དུས་ན་འགྲན་ཟླ་བྲལ། །
དགེ་རྒན་དགྱེས་ཏེ་བསྔགས་པ་ཡང་ཡང་བརྗོད། །
གླུ་གར་རྩེད་མོའི་རིགས་ལའང་ཧ་ཅང་དགའ། །
ཨ་མས་གསུངས་ན་ང་རང་སྐྱེས་མ་ཐག །
བསུང་ངད་ཞིམ་པོས་ཕྱི་ནང་ཁྱབ་པའི་མུར། །
བྱུང་མ་མྱོང་བའི་བདེ་སྣང་ཚོར་བ་ཞིག །
ཡུན་རིང་བར་དུ་ཡལ་བའི་སྐབས་མ་བྱུང་། །
ཆུང་ངུའི་དུས་ནས་རང་གཤིས་འཇམ་ཞིང་དུལ། །
ཕ་མ་བཀུར་ཞིང་རྒན་ལ་གུས་ཞབས་དང་། །
ཆུང་ལ་བྱམས་སེམས་ཆེ་བས་ཀུན་གྱི་བསྔགས། །
འཁོན་རྩོད་རྐུ་འཕྲོག་ལས་ལ་ཞུགས་པ་མེད། །
མལ་སྟན་རྩུབ་ཀྱང་ཚ་ཐབ་དྲོ་བ་དང་། །
ཨ་མའི་བྱམས་བརྩེའི་རུམ་ཁོང་འཇམ་པོའི་ནང་། །
བྱིས་པའི་དུས་རྫོགས་ལང་ཚོའི་ལྗོན་པ་རྒྱས། །
སློབ་འབྲིང་འགྲིམས་ནས་རིག་པའི་གནས་ལ་སྦྱངས། །
ཆུང་དུས་རང་ཉིད་གཅིག་པུ་ཉལ་བའི་ཚེ། །
ཐོད་སྐམ་རུས་རྒྱན་སྣ་ཚོགས་ཡང་ཡང་དུ། །
མིག་ལ་ཤར་ནས་གཉིད་ཀྱི་གོ་སྐབས་འཕྲོགས། །
སྣང་བ་འཇིགས་ཡེར་བ་དེ་ཨ་ཙ་མ། །
ཐ་མ་ཁ་དང་ཆང་གི་ཉེས་དམིགས་སོགས། །
སུས་ཀྱང་མ་བསྐུལ་དང་བས་དཔར་དུ་བཏབ། །
ཕ་རྒན་གྲོངས་དུས་གཟུངས་སྔགས་རྡོ་ལ་བརྐོས། །
མཛུབ་རྩེ་བརྡོལ་ནས་ཁྲག་གི་རྒྱུན་ཡང་བབས། །
མདོ་གདུགས་སྒྲོལ་གསུམ་རང་གི་ཁ་ཏོན་བྱས། །
གསུམ་བཟང་སློབ་མའི་གཟེངས་རྟགས་ཐེངས་མང་ཐོབ། །
དྲི་མེད་ཀུན་ལྡན་མགྲིན་སྔོན་ཟླ་བ་དང་། །
ཧོར་གླིང་གཡུལ་འགྱེད་ལ་སོགས་ཀློག་ལ་བྲེལ། །
སློབ་འབྲིང་མཐར་སོན་སློབ་ཆེན་རྒྱུགས་ལ་ཞུགགས། །
མཉམ་ཡོད་སློབ་གྲོགས་བརྒྱ་ཁ་མ་ལོང་ཙམ། །
ཉིན་འགར་བསྟུད་མར་རིག་པ་རབ་བསྒྲིམས་ཏེ། །
དྲི་ཤོག་རེ་རེ་ལན་གྱིས་ཡང་དག་བསྐངས། །
རྒྱུགས་སྤྲོད་ཡོ་ལང་གྲུབ་སྟེ་ཁྱིམ་ལ་ལོག །
ཞིང་འདབས་གན་རྐྱལ་ཉལ་ནས་ངལ་ཞིག་གསོས། །
གུ་ཡངས་བློ་བདེའི་ངང་ནས་གནམ་ལ་བལྟས། །
སྤྲིན་བྲལ་ནམ་མཁའི་ཁམས་འདི་མཛེས་པ་ལ། །
དེ་ཚེ་གྲུབ་པའི་གནས་མཆོག་མཁར་གོང་དང་། །
རྡོ་རི་ཁ་སོ་གཉིས་ཀྱི་བར་སྣང་ན། །
འཇམ་དབྱངས་ཞལ་དཀྱིལ་ལོ་ན་གཞོན་པའི་ཚུལ། །
དབུ་ལ་འོད་གོར་འཕྲོ་བ་འཁྱུག་ཙམ་མཇལ། །
རིང་བོར་མ་ཐོགས་སློབ་གྲོགས་ཀུན་བཟང་བསླེབས། །
ཁྱོད་རང་གཅིག་པུས་རྒྱུགས་ཆེན་འཕྲོད་འདུག་ཅེས། །
སྙན་པའི་གཏམ་གྱིས་བདག་ལ་དགའ་བ་བརྟས། །
ཕ་མ་སྤུན་མཆེད་མགུ་ནས་བྲོ་ཡང་བརྡུངས། །
རེབ་གོང་ཕྱོགས་ན་གསར་འགྱུར་ཆེ་བ་སྟེ། །
མང་མང་སྨོན་ལ་ཁ་ཅིག་ཕྲག་པའང་དོག །
དམ་པ་ཞིག་གི་སྤྲུལ་བར་ངེས་སོ་ཞེས། །
མཉམ་དཀྲོལ་རོལ་མོའི་གདངས་རྟ་ཅི་ཡང་སྒྲོགས། །
གཅེན་པོས་བསྐྱལ་ཏེ་སློབ་ཆེན་གླིང་ལ་བསླེབས། །
བོད་རྒྱ་སོག་གསུམ་སློབ་ཕྲུག་ཕོ་མོའི་ཚོགས། །
རྐང་དྲུག་ཚོགས་རྣམས་ཟེ་འབྲུའི་བཅུད་ལ་བཞིན། །
དགའ་བའི་ཉམས་དང་ག་ཞའི་སྒྲ་འང་འབྱིན། །
རྒྱ་དམར་ལྟ་སྤྱོད་པར་དུ་བཏབ་པའི་དེབ། །
མཱར་ལེ་ཙེ་ཏུང་རྫུན་ཚིག་བརྩེགས་པའི་ཕྲེང་། །
སློབ་ཅིང་སྦྱོང་ལ་དང་ག་མེད་ནའང་། །
གཞན་དབང་ལྕགས་སྒྲོག་གཏོར་ལ་ངལ་བ་ཆེ། །
དེ་ལྟ་ནའང་ཚེ་སྔོན་བཟང་བོའི་ལས། །
དུས་སུ་སྨིན་ལས་དགེ་བའི་བཤེས་གཉེན་ཆེ། །
ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོ་མཆོག །
ཟུར་དུ་བསྟེན་ཏེ་དམ་པའི་ཆོས་དང་མཇལ། །
ཆོས་ཀྱི་འགོ་མ་སྐྱབས་འགྲོའི་ཁྲིད་ལུང་ནས། །
སྤྱོད་འཇུག་ཆེན་མོའི་ཁྲིད་རྒྱུན་ལ་སོགས་པ། །
དམ་ཆོས་བདུད་རྩི་མྱངས་པའི་དུས་དེ་ནས། །
བྱང་ཆུབ་སེམས་དཔའི་སྤྱོད་པས་ཡིད་རབ་འཕྲོགས། །
སྤྱོད་འཇུག་སྨོན་ལམ་ངག་ཏུ་སྐྱོར་ཐེངས་རེར། །
མིག་ཆུའི་ཕྲེང་བ་ཆར་རྒྱུན་བཞིན་དུ་བརྡོལ། །
ལམ་རིམ་སྔགས་རིམ་མི་ཕམ་གསུང་འབུམ་གྱིས། །
བདག་ཡིད་མུན་པ་རབ་ཏུ་འཇོམས་པར་བྱས། །
གཞན་ཡང་གྲུབ་དབང་ནམ་མཁའ་འཇིགས་མེད་དང་། །
རྡོ་རྒྱལ་སྐུ་ལོ་དགེ་རྒན་བདེ་མཆོག་སོགས། །
ཉེ་བར་བསྟེན་ནས་རང་གི་རིག་གནས་ལ། །
བག་ཆགས་འཇོག་པའི་སྐལ་བཟང་མངོན་དུ་གྱུར། །
སློབ་གླིང་འདི་ན་ལུས་ཕྲ་མང་ནའང་། །
བརྩེ་ཞགས་འཕེན་པའི་གོ་སྐབས་ཤིན་ཏུ་ཕྲ། །
སྔ་དགོང་ཞིང་བར་ལུས་རྩེད་ར་བ་ན། །
བློ་འཛིན་སྐྱོར་སྦྱོང་སྐབས་སུ་ལྟད་མོ་མང་། །
གདོང་ནི་དེབ་ཀྱི་ཐད་དུ་ཕྱོགས་ནའང་། །
མིག་གཉིས་རྒྱང་རིང་མཛའ་མོའི་ཕྱོགས་སུ་ཤོར། །
གོམ་པའི་འདེག་འཇོག་ཧ་ཅང་དལ་ནའང་། །
སྙིང་གི་ལུ་གུ་བྲང་ནས་མཆོང་ལ་ཁད། །
རང་དང་ན་མཉམ་རི་དྭགས་མིག་ཅན་མ། །
རྡོ་རྗེ་མཚོ་མོ་ལྟ་ཐེངས་གཅིག་གིས་བཀུགས། །
གསང་ཡིག་སྤྲིངས་ཏེ་རང་སེམས་མཚོན་པར་བྱས། །
འགྲོགས་འདོད་བརྩེ་འཕྲིན་འབྱོར་ནས་གཉིད་དང་བྲལ། །
སྔོ་ལྗང་གཡུ་ལོ་འབར་བའི་དབྱར་གཞུང་དང་། །
གསེར་མདོག་མགོ་ལྕོག་ལྡེམ་པའི་འབྲས་ལྡན་དུས། །
གསང་བའི་དུས་བཏབ་འདིང་བ་འཇམ་པོའི་སྟེང་། །
མཉམ་དུ་བསྡད་དེ་འདོད་པའི་གཏམ་མང་བརྗོད། །
བརྩེ་བའི་མཆུ་འདབ་དང་བོ་སྦྱོར་བའི་ཚེ། །
གནམ་ས་འདི་ཡི་བར་ན་ངེད་གཉིས་ལས། །
འགྲོ་བ་གཅིག་ཀྱང་མེད་སྣང་ཚོར་འདུ་ཞིག །
རྐང་མཐིལ་གཉིས་ནས་སྤྱི་བོའི་གཙུག་ཏུ་ཁྱབ། །
བྲིས་ན་མི་ཚར་བཤད་ན་མི་རྫོགས་པའི། །
སེམས་གཉིས་གསང་བ་མཆུ་གཉིས་བར་ནས་རྫོགས། །
ཅི་ཆ་མི་འཚལ་ལུས་ལ་བདེ་དྲོད་འབར། །
གངས་ཀྱི་རི་བོའང་སྐད་ཅིག་བཞུ་སྙམ་བགྱིད། །
མཛའ་མོའི་བཞིན་རས་དུད་ཅིང་དམར་བའི་མདངས། །
འཇིག་རྟེན་འདི་ཡི་ངོ་མཚར་གཟིགས་མོ་སྟེ། །
འདི་འདྲའི་མཛེས་སྡུག་མཐོང་བ་ད་རེས་ཙམ། །
རང་སེམས་སོང་བའི་དགའ་མ་ལྷ་མོ་དངོས། །
འདོད་ཆགས་ཞེས་བྱའི་ཚོར་བ་སྟོབས་པོ་ཆེ། །
གཞོན་པའི་ལུས་ལ་ཡུན་རིང་སྦས་སྦས་ཏེ། །
དེ་རིང་གཅེར་བུར་ངོ་ཚ་སྤངས་ནས་ནི། །
སྲིད་པའི་བཤུལ་ལམ་རིང་མོར་རྒྱུགས་སོ་ལོ། །
དཀར་ཟླུམ་མཁྲང་ཞིང་འཇམ་པའི་བརླ་མདོ་ན། །
ཕག་ཏུ་ཡིབ་པའི་གསང་སྒོ་ཆུང་ངུ་ཞིག །
བདེ་བའི་གྲོང་ཁྱེར་ཆེན་པོར་འཇུག་འདོད་རྣམས། །
ངེས་པར་བགྲོད་བྱའི་འགག་འཕྲང་དང་བོ་ཡིན། །
དེ་ཉིད་འབྱེད་པའི་མན་ངག་དང་བོ་ནི། །
སྙན་པའི་ཚིག་གིས་མགུ་བ་རབ་བསྐྱེད་ཅིང་། །
ཆགས་ཚིག་རྗེན་པས་ངོ་ཚ་ཡང་ཡང་འཇོམས། །
དེ་ནས་བརྩེ་བའི་མཆུ་འདབ་དམ་དུ་སྦྱོར། །
རླུང་སེམས་ལས་སུ་རུང་བའི་རྣལ་འབྱོར་ལ། །
དྭངས་མ་ཟག་མེད་འདྲེན་པའི་རྩལ་རབ་རྫོགས། །
ཐབས་མཆོག་ལིང་ག་ཆེ་བའི་ང་རྒྱལ་གྱིས། །
བྷ་ག་ཡངས་པའི་གྲོང་ཁྱེར་ཆེན་པོར་ཞུགས། །
ཟུང་འཇུག་མཆོག་གི་སྐལ་བཟང་མངོན་དུ་གྱུར། །
སྲིད་པའི་རྩ་བ་གཅོད་པའི་རྟེན་འབྲེལ་འགྲིགས། །
གསང་མཆོག་བདེ་བ་ཆེན་པོའི་མཆོད་སྤྲིན་སྤྲོས། །
རྩ་བརྒྱུད་བླ་མ་ཡི་དམ་མཉེས་པར་བྱས། །
ནག་པོ་བདུད་ཀྱི་དུག་རླངས་འཕྱུར་བ་ན། །
དཀར་བོའི་ཆོས་ཆར་བདུད་རྩིས་གཞིལ་བར་བྱེད། །
ངན་པ་ཁ་རྒྱལ་བཟང་བོ་ཉམས་པ་ན། །
ལས་འབྲས་བསླུ་མེད་བདེན་པས་ཤན་ཡང་འབྱེད། །
བོད་འབངས་སེམས་ཅན་ལུས་སེམས་སྡུག་བསྔལ་ཚེ། །
སྤྱན་རས་གཟིགས་ཀྱི་ཐུགས་རྗེ་འཕྲིན་ལས་མྱུར། །
ངོས་ཀྱི་ཡུལ་དང་མི་མང་མཇལ་བའི་ཚེ། །
བདག་པོ་དྲན་ནས་མཆི་མས་སྔས་ཀྱང་བརླན། །
བོད་ཀྱི་སྲིད་དོན་རྒྱལ་རབས་བཀླགས་པའི་ཚེ། །
ཡུན་རིང་བྲལ་བའི་མ་བུ་ངོ་ཡང་འཕྲོད། །
མེས་པོ་གོང་མའི་གཟི་བརྗིད་མངའ་ཐང་དང་། །
ད་ལྟའི་བོད་མིའི་ལས་དབང་ཡིད་ལ་དྲན། །
ལོ་ངོ་བཞི་ཡི་སློབ་ཆེན་རིག་པའི་གླིང་། །
ཤེས་བྱའི་ཁོ་ལག་ཡོངས་སུ་རྫོགས་པའི་ཚེ། །
ངའོ་སྙམ་པའི་སྣང་བ་ཁྱུང་ཆེན་བཞིན། །
མི་ཡུལ་ཁམས་ལ་ལྟད་མོ་ལྟ་ཕྱིར་བསྐྱོད། །
བོད་སྐད་རླུང་འཕྲིན་ཁང་གི་རེ་འདུན་ལྟར། །
སློབ་མའི་དྭངས་རྩེ་དགོས་ན་འདི་ཁྲིད་ཅེས། །
དགེ་རྒན་དམ་པས་བརྩེ་བས་མཚམས་སྦྱར་ཏེ། །
དཀའ་ཚེགས་མེད་པར་གསར་འགོད་ལས་ལ་ཞུགས། །
རྒྱ་བོད་ལོ་ཙཱ་རྩོམ་སྒྲིག་འགན་ཁུར་བ། །
གསར་འགྱུར་སྡེ་ཚན་འགོ་ཁྲིད་གཞོན་པར་བདམས། །
མུ་མཐུད་བསྡད་ན་ད་དུང་གོ་དབང་སོགས། །
རིམ་གྱིས་སྤྲོད་འགྱུར་སྔོན་བརྡ་ཤུགས་ཀྱིས་བཏང་། །
འོན་ཀྱང་སྤྱན་རས་གཟིགས་ཀྱིས་ཨ་རི་ནས། །
ཞི་འཆར་དོན་ཚན་ལྔ་ཡི་བདག་ཉིད་བསྒྲགས། །
ལྷ་སའི་ཕྱོགས་ནས་ཞི་རྒོལ་མེ་ལྕེ་མཆེད། །
རེབ་གོང་ཕྱོགས་ནས་རྒྱབ་སྐྱོར་དར་ཞིག་བསྒྲེངས། །
རླུང་འཕྲིན་བརྒྱུད་ནས་སྤྱན་རས་གཟིགས་མགོན་ལ། །
མི་འདོད་སྐུར་འདེབས་ལས་ངན་གསོག་མགོ་བརྩམས། །
ཉན་མཁན་ཁྲོས་ནས་ཁ་རྡུང་དྲག་པོ་བཅས། །
བོད་མི་ཡིན་མིན་ཐེ་ཚོམ་དྲི་བ་དྲིས། །
སེམས་པ་སྐྱོ་ནས་མནོ་བསམ་ཡང་ཡང་བཏང་། །
བློ་ཐག་བཅད་ནས་ཡོད་ཚད་རྒྱབ་ཏུ་བསྐྱུར། །
གཞོན་ནུའི་གོམ་ཁ་འཕགས་ཡུལ་ཕྱོགས་སུ་བསྒྱུར། །
བོད་འབངས་སྡུག་བསྡལ་ཡིད་ལ་བཅངས་ཏེ་སོང་། །
གངས་རིའི་གཙུག་རྒྱན་ཉིན་བྱེད་ལག་པས་འཕྲོགས། །
ཉིན་སྲིབ་བར་གྱིས་ཟླ་བ་སྐྱབས་སུ་འགེལ། །
སྙིང་མུན་སེལ་བྱེད་སྤྱན་རས་གཡོས་ཙམ་གྱིས། །
རང་ནོར་འཚོལ་ལ་སེམས་དཔའི་བརྟུལ་ཞུགས་རྙེད།།
ནད་གདོན་མུ་གེས་ལུས་སེམས་མནར་བ་མིན། །
འཆལ་སྤྱོད་སྒྲོག་གིས་རྐང་ལག་བསྡམས་པ་མིན། །
གཞན་ཡུལ་ས་མཐར་འཁྱམས་ལ་དང་བ་མིན། །
ནང་མི་སྤུན་ཟླ་དགྲ་རུ་ལངས་པ་མིན། །
རང་ཁྱིམ་རང་བདག་ཟེར་བ་དོན་ལ་མེད། །
བོད་ཞེན་ཅན་ལ་བགྲོད་པའི་ལམ་བུ་མེད། །
ལ་རྒྱ་ཅན་ལ་ཡར་འགྲོའི་གོ་སྐབས་མེད། །
ཡོན་ཏན་ཅན་ལ་བདེན་གཏམ་བཤད་དབང་མེད། །
བླ་ཚོང་མཁན་ལ་གོ་གནས་དབང་ཆ་ཡོད། །
གླེན་པ་གླང་ལ་ངོ་སོ་གཟེངས་བསྟོད་ཡོད། །
མི་གསོད་ཤན་པར་བདེན་པའི་རྒྱབ་རྟེན་ཡོད། །
ཁྲག་མཚོ་དྲོན་མོར་བདུད་རྩིའི་ལོ་རྒྱུས་ཡོད། །
དེ་ལྟར་ཡིན་མིན་ཡོད་བཅས་བསྟན་དོན་གྱིས། །
རང་དབང་ཞི་བདེའི་ལམ་དུ་གོམ་ཁ་བསྒྱུར། །
ལྗོངས་གསུམ་བོད་འབངས་རྡོག་རྩ་ཆིག་བསྒྲིལ་ན། །
རང་དབང་གཙང་མའི་ལམ་ལ་ཐག་མི་རིང་། །
བཟའ་བཅའ་བཏུང་བ་འཛོམས་པའི་ཁང་བཟང་དུ། །
བློས་ཐུབ་གྲོགས་པོ་དཔལ་ལྡན་རྒྱལ་དང་ཐུག །
མ་གྲོས་བསམ་པ་གཅིག་མཐུན་གྲོས་ཤིག་བཏབ། །
གསང་བའི་སྒོ་ནས་གཟབ་སྟེ་ལམ་དུ་ཆས། །
མེ་འཁོར་བརྒྱུད་ནས་གོར་མོའི་ཕྱོགས་སུ་བསྐྱོད། །
གནའ་བོའི་མཁར་གྲོང་མཁའ་ལ་ན་བུན་གཏིབསས། །
སྐྱོ་བ་ལྷང་ལྷང་ཞེན་ཆགས་ཕྱིར་མིག་བཅས། །
ཉིན་མཚན་སྦྲེལ་ནས་ཉི་མ་ལྷ་སར་བསྙེགས། །
གདང་ལ་བརྒལ་དུས་མགོ་བོ་འགས་སྙམ་བྱེད། །
ལྷ་སར་བརྟོལ་དུས་དགའ་བདེ་རིག་པ་དྭངས། །
གཡག་གི་མགྲོན་ཁང་ནང་དུ་གནས་ཤིག་བཅས། །
གྲོགས་པོ་བརྒྱུད་དེ་ལམ་ཡིག་ཚེགས་མེད་ཐོབ། །
ལྷ་ལྡན་ཇོ་བོར་མཇལ་ཕྱག་འབུལ་ཐེངས་རེར། །
པོ་ཏ་ལ་ཡི་རྒྱ་ཕིབས་མཐོང་ཐེངས་རེར། །
ཆོས་རྒྱལ་གོང་མའི་སྐུ་མདུན་བཅར་ཐེངས་རེར། །
ལྔ་བ་ཆེན་པོའི་མཆོད་སྡོང་མཇལ་ཐེངས་རེར། །
ཞོལ་གྱི་རྡོ་རིང་འགྲམ་དུ་བསླེབས་ཐེངས་རེར། །
ནོར་བུ་གླིང་གར་ཡུན་གྱིས་བསྐོར་ཐེངས་རེར། །
གསེར་ཁྲི་སྟོང་བར་ཐོད་པས་བརྡུངས་ཐེངས་རེར། །
བདག་ཡིད་ཞི་བདེ་རྒྱ་མཚོ་སྐྱོམ་ཞིང་འཁྲུགས། །
ཞེས་པ་འདི་ནི་རང་གི་ཡིན་ལུགས་ལོ་རྒྱུས་སྲོང་བོར་བརྗོད་པའི་ངག་གི་ཕྲེང་བ་རི་མོར་བྱས་པ་སྟེ། གྱི་ན་བ་བདག་སྐྱེས་ནས་ད་བར་དུ་སློབ་གྲྭ་ཆུང་འབྲིང་ཆེ་གསུམ་རིམ་གྱིས་འགྲིམས་ཚུལ་དང་། བོད་དོན་འབའ་ཞིག་གི་ཆེད་ཡོད་ཚད་བློས་བཏང་ནས་ཕ་ཡུལ་དང་གྱེས། ལམ་བར་གྱི་དཀའ་ཉེན་འཇིགས་སྐྲག་མཐའ་དག་ཁྱད་དུ་བསད་དེ། རྒྱ་གར་འཕགས་པའི་ཡུལ་དུ་བརྟོལ། ༧རྒྱལ་བ་ཐམས་ཅད་མཁྱེན་པའི་ཞལ་མཇལ་གསུང་ཐོས། དབང་ལུང་ཁྲིད་གསུམ་ལན་མང་དུ་ཐོབ། སྐབས་བཅུ་གཅིག་པ་ནས་བཅུ་གསུམ་པའི་བར་བོད་མི་དམངས་སྤྱི་འཐུས་ཀྱི་ལས་ཁུར་དང་ལེན་དང་། མདོ་སྨད་ཚོགས་གཙོ་གཅིག་ལྕོགས་ཀྱིས་སྤྱི་དོན་སྲི་ཞུ་སྒྲུབ་པའི་རིང་། རང་གིས་དམ་བཅས་པའི་ཚིག་དོན་གཞིར་བཟུང་། དྲང་བདེན་ལྷག་བསམ་ཟོལ་མེད་དང་། འཇིགས་ཞུམ་ཆགས་སྡང་མེད་པར་རང་འཁྲིའི་ལས་དོན་མཐའ་དག་ཧུར་ཐག་གིས་བསྒྲུབས་པའི་ཚུལ་རྣམས། རང་རིགས་གཞོན་སྐྱེས་ཤེས་ཡོན་དང་རྣམ་དཔྱོད་ལྡན་པ་དག་ནས་མཁྱེན་རྟོགས་ཡོང་སླད་དྲ་ལམ་དུ་བསྟར་འབུལ་ཞུ་འདོད་འདུན་པ་བརྟས། རང་རིགས་ནང་ཁུལ་ཕན་ཚུན་གྱི་ལོ་རྒྱུས་དང་རྒྱབ་ལྗོངས། ཤེས་ཡོན་དང་ལྷག་བསམ། དགའ་ཕྱོགས་མཐོང་ཕྱོགས་དང་། ལྟ་བ་ལངས་ཕྱོགས། བསམ་པའི་འཁྱེར་སོ་དང་བློ་ཡི་འཆར་སྒོ་སོགས་ཕྱོགས་ཡོངས་ནས་ཤེས་རྟོགས་ཐུབ་ན། སྤུན་ཟླའི་བར་དོན་མེད་འཐེན་འཁྱེར་དང་། ཁ་རྩོད་ཚིག་རྩོད་ཀྱིས་ཕན་ཚུན་ཞེ་ཤ་གཅོད་རེས་བྱེད་མི་དགོས་པར་ཞི་མཐུན་མཉམ་གནས་ཀྱིས་རྡོག་རྩ་གཅིག་ཏུ་བསྒྲིལ་ཏེ། བོད་དོན་བདེན་མཐའ་གསལ་ཐབས་ལ་བརྩོན་ནུས་ན། ཕན་འབྲས་ཅི་བས་ཀྱང་ཆེ་བ་འབྱུང་རྒྱུ་གདོན་མི་ཟ་བ་ཆོས་ཉིད་ལྟར། དྲ་ཐོག་ཉུལ་སྐབས་ཀྱི་སེམས་བྱུང་སྐྱུར་མོ་ཞིག་གིས་རྐྱེན་བྱས་ཏེ། རང་གི་ཡིན་ལུགས་བརྗོད་པ་ཙམ་ལས། དམིགས་པར་བྱ་བ་གཞན་ཅི་ཡང་མེད་ལ། ས་ག་ཟླ་བའི་དུས་བཟང་ལ་སྡིག་སྤོང་དགེ་བ་སྒྲུབ་ལ་བརྩོན་པ་རྣམས་ལའང་། བར་སྐབས་ཀྱི་ངལ་གསོའི་རོལ་མོ་སྙན་འཇེབས་ལྡན་པ་ཞིག་ཏུ་འགྱུར་ཐུབ་ན་ཅི་མ་རུང་སྙམ་ནས། བར་སྣང་གི་ཚིགས་སུ་བཅད་པ་འདི་ཉིད་སོར་མོའི་འདུ་བྱེད་ཡུད་ཙམ་བསྐྱོད་དེ་དྲ་ལམ་དུ་བསྟར་བ་ལགས་པ། དེ་དོན་དགོངས་འཇགས་བཅས།
གདུགས་དཀར་ཚེ་རིང་གིས། ཕྱི་ལོ་ ༢༠༡༤ ཟླ་ ༠༦ ཚེས་ ༠༣། བོད་རྒྱལ་ལོ་ཉིས་སྟོང་བརྒྱ་དང་ཞེ་གཅིག་པ། ས་ག་ཟླ་བའི་དཀར་ཕྱོགས་དགའ་བ་དང་བོར། བྱང་ཨ་རིའི་རྒྱལ་ས་ཝ་ཞིན་ཌོན་གྱི་གནས་ཁང་ཉམས་དགའ་བར་ཐུན་གསེང་གི་དུས་སུ་བྲིས་པ་འདི་ཡང་། བོད་མི་ནང་ཁུལ་འཁྲུག་རྩོད་དམ་ཚིག་ཉམས་ཆག་གི་སྐྱོན་དང་ཉེས་པ་མཐའ་དག་མི་དམིགས་དབྱིངས་སུ་ཞི་སྟེ། ནམ་མཁའ་གཡའ་དག་ས་གཞི་རྡུལ་དག་གིས། དམ་ཚིག་གཟོང་ཁ་གཅིག་ཏུ་བསྒྲིལ་བའི་རྒྱུ་དང་རྐྱེན་དུ་འགྱུར་བར་སྨོན་པ་ལགས་ན། དེ་དེ་བཞིན་དུ་འགྲུབ་པར་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པས་དགོངས་ཤིང་བྱིན་གྱིས་བརླབ་ཏུ་གསོལ། །
ཚིག་ནི་སྙན། དོན་ནི་ཟབ། དངོས་ཡོད་རང་མྱོང་གི་བདེན་པ་ནི་མངའ། སྤྱི་དོན་ཕན་བདེ་ཡི་ལམ་སྟོན་ནི་ཟབ། འདི་ལྟར་བརྩམས་པར་རྗེས་སུ་ཡི་རང་དང་འབྲེལ་དྲ་བར་སྤེལ་བར་བཀའ་དྲིན་ཆེ་ཞིང་ཡག་བྱུང་ཞེས་ཞུའོ།།
ཤིན་དུ་ལེགས།
སྤོབས་པ་མཐའ་ཡས་ལགས་དང་། བསམ་ཤེས་ལགས་ལ་མཚམས་འདྲི་དང་། ཉིད་ནས་ཀྱང་ད་བར་དགེ་མཚན་ལྡན་པའི་དཔྱད་བརྗོད་དགོངས་འཆར་མང་དུ་སྤེལ་འདུག་པར། དགའ་བས་རྗེས་སུ་ཡི་རང་དང་། སླད་མའི་ཆར་ཡང་་རྣམ་པ་ཚང་མས་སྐུ་གཟུགས་འཕྲོད་བསྟེན་་ལ་ཐུགས་སྣང་མི་དམན་ཐོག ལེགས་འཆར་དུས་སུ་འཇོ་བའི་རེ་བ་དང་། སྐུ་ཚེ་རིང་ཞིང་བསམ་དོན་མ་ལུས་ལྷུན་གྱིས་འགྲུབ་པའི་སྨོན་ལམ་འདེབས་བཞིན་པ་བཅས། གདུགས་མིང་གིས།
རང་གི་རྟོགས་པ་བརྗོད་པ་ཤིནད་ཏུ་སྙན་ཞིང་འཇེབས་པས་ལེགས།
༡༽ སྲིད་པའི་ལྷ་དགུ་བརྟན་མ་བཅུ་གཉིས་དང་། །
༢༽ རྗེ་ཡི་མགུར་ལྷ་བཅུ་གསུམ་ཁྱད་པར་དུ། །
༣༽ འདོད་ཁམས་བདག་མོ་དཔལ་ལྡན་རེ་མ་ཏི། །
༤༽ ཐུགས་རྗེ་བསྐུལ་ན་སྡོང་གྲོགས་ཤུགས་མ་ཆུང་། །
འདིའི་ཚིགས་བཅད་ཀྱི་གོ་རིམ་ལ་ཅུང་ཟད་དོགས་ནས།
འདོད་ཁམས་བདག་མོ་དཔལ་ལྡན་རེ་མ་ཏི།༡།
སྲིད་པའི་ལྷ་དགུ་བརྟན་མ་བཅུ་གཉིས་དང་།༢།
རྗེ་ཡི་མགུར་ལྷ་བཅུ་གསུམ་ལ་སོགས་ལྷར།༣།
ཐུགས་རྗེ་བསྐུལ་ན་སྡོང་གྲོགས་ཤུགས་མ་ཆུང་།༤།
འདི་ལྟར་དགོས་སྙམ་ནས་བྱས་སོ།།
ཨ་ལ་ལ་ལ། སྙན་པ་ལ། བཤད་འབྲི་ཞིག་བྱེད་དགོས་ན། ཡ་ཞིག་ཡོད་ས་མ་རེད། ཆོས་འཇིག་རྟེན་གཉིས་ཀར་མྱིག་རེ་བཙུམ་དང་ན། ཆ་ཀྱུག་གེ་ལོས་ཡོད་འདོད་ཀི། སྦྱང་བ་ཅན་ཁྱེད་འདྲ། མཁས་བ་ཟེར་བ་དེ་མ་རེད་ཟེར་སར་མི་འགྲོ་འི། སྐུ་ལ་བདག་པོ་རྒྱོབས། གསུང་ལ་རང་དབང་སྤྲོད། ཁ་བརྡ་ཚང་གི་དམ་ཉམ་འགའི་ཁ་མྱིག་ཡར་ལྟ་བྱེད་སར། དུས་ཡུན་རིང་ཙམ་ལ་བཞུགས་རོགས། བཀྲ་ཤེས་བདེ་ལེགས་ཡོད།