གནས་ཚུལ་གཏོང་མཁན། དོན་འགྲུབ་བཀྲ་ཤིས།
ཟླ་འདིའི་ཚེས་༦ རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ས་གནས་བདེ་སླར་སློབ་ཕྲུག་ཚོགས་ཁང་དུ། བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་གོ་སྒྲིག་འོག བོད་མིའི་མཉམ་འབྲེལ་ཁག་གི་ཁྲིམས་དང་སྒྲིག་གཞིའི་འགྲོ་སྟངས་ཐོག་ཟབ་སྦྱོང་ཞིག་ཉིན་གཉིས་རིང་འཚོགས་ཡོད་པ་རེད། ཐེངས་འདིར་ཟབ་སྦྱོང་སྤྲོད་མཁན་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་སློབ་སྟོན་པ་(Mr.C N parashivamurthy)དང་། བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ་པདྨ་བདེ་ལེགས། སྤྱི་མཐུན་མཉམ་འབྲེལ་གྱི་སྤྱི་ཁྱབ་འགན་འཛིན་བཀྲ་ཤིས་དབང་འདུས་བཅས་ཡིན་པ་རེད། ཟབ་སྦྱོང་ནང་རྒྱ་གར་ལྷོ་ཕྱོགས་ཀྱི་ས་གནས་མཉམ་འབྲེལ་ཁག་གི་གཙོས་ས་གནས་མཉམ་འབྲེལ་ཁག་གི་འགན་འཛིན་དང་འཐུས་མི་བཅས་ཁྱོན་མི་གྲངས་༦༠ ལྷག་མཉམ་ཞུགས་བྱས་ཡོད་པ་རེད།
བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་སྤྱི་ཁྱབ་འགན་འཛིན་བཀྲ་ཤིས་དབང་འདུས་ཀྱིས་བོད་མིའི་མཉམ་འབྲེལ་ཁག་གི་ཁྲིམས་སྒྲིག་དང་འབྲེལ་བའི་ཟབ་སྦྱོང་སྤྲོད་དགོས་པའི་དམིགས་ཡུལ་དང་འབྲེལ་པའི་སྐོར་ལ་གསུང་བཤད་གནང་སྐབས། ཕྱི་ལོ་༢༠༠༥ ལོར་བཀའ་ཤག་དང་ནང་སྲིད་ཀྱི་ཐད་གར་འཛིན་སྐྱོང་དང་ལམ་སྟོན་འོག བོད་མིའི་སྤྱི་མཐུན་མཉམ་འབྲེལ་ཟེར་བའི་ཚོགས་པ་ཞིག་དེབ་སྐྱེལ་བྱས་ཡོད་པ་དང་། སྐབས་དེར་མཉམ་འབྲེལ་ཁག་ལ་རོགས་སྐྱོར་སྡེ་ཚན་བཙུགས་ཡོད་པ་རེད། དེ་དག་གི་ངོས་ནས་མཉམ་འབྲེལ་ཁག་གི་ནང་ལ་ལོ་རེར་ཚོགས་འདུ་ཚོགས་ནས་བསམ་ཚུལ་བརྗེ་ལེན་དང་། མཉམ་འབྲེལ་ཁག་གི་རྩིས་པ་དང་མཉམ་དྲུང་བཅས་ལ་ཡང་ཟབ་སྦྱོང་སྤྲོད་རྒྱུ་དང་། གཞན་ཡང་ཆེད་མཁས་མི་སྣ་གདན་འདྲེན་ཞུས་ནས་གཞིས་ཆགས་ཁག་དང་སློབ་གྲྭ་ཁག སྡེ་ཚན་ཁག དེ་བཞིན་འགན་འཛིན་ལྷན་ཚོགས་བཅས་སུ་ཟབ་སྦྱོང་སྤྲད་རྒྱུ་དེ་གཙོ་བོ་བྱེད་ཀྱི་ཡོད་པ་རེད།
སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ་པདྨ་བདེ་ལེགས་ཀྱིས་ཐེངས་འདིའི་ཟབ་སྦྱོང་དང་འབྲེལ་པའི་སྐོར་ལ་གསར་འགོད་པའི་དྲི་བར་ལན་འདེབས་གནང་དོན། ཐེངས་འདིའི་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱིས་ངོས་ནས་འདི་ལྟར་ཟབ་སྦྱོང་སྤྲོད་དགོས་པའི་དམིགས་ཡུལ་གཙོ་བོ་ས་གནས་མཉམ་འབྲེལ་ཁག་བདུན་ཙམ་གྱི་ནང་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་གསར་པ་མང་པོ་འཕོ་འགྱུར་ཕྱིན་ཡོད་རེད། ཁོང་ཚོ་སྐད་བཏང་ནས་མཉམ་འབྲེལ་གྱི་ནང་ཁྲིམས་སམ་སྒྲིག་གཞི་བཅས་ངོ་སྤྲོད་དང་སྟངས་འཛིན་བྱེད་ཕྱོགས་སྐོར་ཡིན་པ་དང། གཞན་ཡང་དེ་སྔོན་དང་མི་འདྲ་བར་རྒྱ་གར་ཨ་རི་ན་ཅར་དང་སུ་ཀེམ་ཕྱོགས་བཅས་སུ་འདི་ག་དང་གཅིག་མཚུངས་མིན་པར་རྒྱ་གར་གཞུང་གི་མངའ་སྡེ་ཡོངས་རྫོགས་ཀྱི་མཉམ་འབྲེལ་གྱི་ཁྲིམས་སྒྲིག་དང་གཅིག་གྱུར་བྱས་ཡོད་པས། ཟབ་སྦྱོང་འདིས་ཕན་ཐོགས་ཡོང་ས་རེད་བསམ་ནས་གཙོ་བོ་མཉམ་འབྲེལ་ཁག་གི་འབྱུང་ཁུངས་དང་། སྒྲིག་གཞི། མཉམ་འབྲེལ་གྱི་ལྟ་གྲུབ་བཅས་དང། དེ་མིན་སྔོན་རྩིས་གཏན་འབེབས་བྱེད་ཕྱོགས་སྐོར་སོགས་ལ་ཟབ་སྦྱོང་ཐེངས་མང་སྤྲད་ཡོད་པ་རེད།
ལྷོ་ཕྱོགས་གསར་འགོད་པ་དོན་འགྲུབ་བཀྲིས་ནས་༢༠༡༤ ཟླ་༦ ཚེས་༡༠ དུས་ཚོད་༢:༢༤༠ ཕྱི་དྲོ།