འོས་སྦྱོར་བ། རྒྱང་མིག
དྲ་བའི་སྤྱིའི་ངོ་སྤྲོད།
ཚ་ལུ་མ་དྲ་བའི་མིང་ཆ་ཚང་ལ་ཚ་ལུ་མ་ཚན་རྩལ་རྒྱུན་ཤེས་དྲ་བ་ཟེར་བ་དང་། འདི་ནི་པེ་ཅིང་དུ་སློབ་གཉེར་བྱེད་ཀྱིན་པའི་སློབ་ཆེན་པ་འགའ་ཡིས་བོད་ཡིག་དེང་རབས་ཅན་དང་ཚན་རྩལ་རྒྱུན་ཤེས་ཁྱབ་བརྡལ་འོངས་ཆེད་དུ་བཟོས་ཤིང་། བོད་བརྙན་དྲ་བའི་ཡན་ལག་ཞིག་ཡིན། དྲ་བ་འདིའི་ནང་དོན་གཙོ་བོ་ནི་དེང་རབས་རང་བྱུང་ཚན་རིག་དང་ལག་རྩལ་ཐད་ཀྱི་རྒྱུན་ཤེས་ཡིན་ལ། དེ་ཚོ་མང་ཆེ་བ་རྒྱལ་ཁབ་ཕྱི་ནང་གི་ཚན་རྩལ་དང་འབྲེལ་བའི་དྲ་བ་ཁག་དང་། ཚན་རིག་རྒྱུན་ཤེས་ཀྱི་དཔེ་དེབ་སོགས་ནས་བསྒྱུར་གྱི་ཡོད་ལ། ཡིག་སྒྱུར་བ་རྣམས་ནི་པེ་ཅིང་གི་སློབ་ཆེན་ཁག་ནས་རང་མོས་ཀྱིས་ཞུགས་པའི་བོད་རིགས་སློབ་ཆེན་པ་དག་ཡིན།
འདིར་ཚ་ལུ་མ་ཞེས་མིང་འདོགས་དོན་ནི། གཅིག དེང་དུས་ཀྱི་དྲ་བ་དང་ཇུས་འགོད་རིག་གནས་ཀྱིས་ཤེས་བྱ་རྣམས་མི་ཕལ་པའི་འཚོ་བ་དང་ཐག་ཉེ་བའི་ལམ་ནས་བརྒྱུད་སྤྲོད་བྱེད་པ་དང་། གཉིས། གསོན་ཤུགས་དང་མཛེས་ཆོས་ཉིས་ཆ་ལྡན་པའི་ཅ་དངོས་ཀྱིས་མི་རྣམས་ལ་སྤྲོ་བ་སྐྱེད་ནུས་པས་ན། མཐར་ཚ་ལུ་མ་ཞེས་པའི་མངར་དགོས་པ་ལ་མངར་ཆ་དང་སྐྱུར་དགོས་པ་ལ་སྐྱུར་ཆའང་འདུས་པའི་ཤིང་ཏོག་འདི་མཚོན་བྱེད་དུ་བདམས་པ་ཡིན་ལ། དེ་ནི་སྟེས་དབང་གི་འཆར་སྒོ་ཞིག་ལས་བྱུང་བ་ཡིན་ཞེས་ཀྱང་མི་ཆོག་པ་མེད་དོ༎
དྲ་བ་འདི་འཛུགས་པའི་དགོས་པ་དང་དམིགས་ཡུལ།
གཅིག བོད་སྐད་ཡིག་འདི་མ་ཉམས་གོང་འཕེལ་ཡོང་དགོས་ན་ངེས་པར་དུ་དུས་རབས་ཀྱི་འགྲོས་དང་བསྟུན་ཐུབ་དགོས་ཤིང་། དེའི་ཆེད་དུ་དུས་རབས་གང་དེའི་ཡོངས་ཁྱབ་ཡིན་པའི་རིག་གཞུང་དང་ཤེས་བྱ་གང་མང་བོད་ཡིག་ཏུ་བསྒྱུར་ཏེ་སྐད་ཡིག་འདི་ལ་གསོན་ཤུགས་སྦྱིན་དགོས། དེས་ན་དྲ་རྒྱ་ནི་ལས་དེ་འདྲར་འཇུག་པའི་ལམ་གལ་ཆེན་ཞིག་ཏུ་འདོད།
གཉིས། དེང་རབས་ཚན་རྩལ་ནི་འཛམ་གླིང་དར་ཞིང་རྒྱས་པར་བྱེད་པའི་ཤེས་རིག་གཙོ་བོ་ཞིག་ཡིན། དེས་རང་བྱུང་ཁམས་དང་མིའི་ལུས་ཁམས་སོགས་ལ་མཐོང་ཆོས་མྱོང་འགྱུར་གྱི་གནས་ལུགས་དང་བཅས་པའི་འགྲེལ་བ་བརྒྱབ་ཡོད་ལ། འགྲེལ་བ་དེ་ཚོ་ལས་གྲུབ་པའི་རིག་གཞུང་ལག་ལེན་ཏུ་བསྟར་ནས་མིའི་རིགས་ཀྱི་བསམ་བློ་དང་འཚོ་སྟངས་ལ་སྔ་ན་མེད་པའི་ཤུགས་རྐྱེན་ཐེབས་ཡོད། མ་གཞི་ཚན་རིག་གིས་མིའི་རིགས་ཀྱི་དགོས་པ་ཡོད་ཚད་སྐོང་མི་ཐུབ་ལ། ཚན་རིག་ནི་མཐར་ཐུག་གི་བདེན་པ་ཡིན་པའི་ངེས་པ་ཡང་མེད་མོད། ཚན་རྩལ་གྱི་གྲུབ་ཆ་མང་ཆེ་བ་དངོས་ཡོད་འཚོ་བ་དང་གོམས་གཤིས་སུ་གྱུར་ཟིན་པའི་དུས་སྐབས་འདིར་ཚན་རྩལ་དང་བྲལ་ན་འཚོ་ཐབས་བྲལ་བ་དང་འདྲ་ཞིང་། མི་རིགས་ཤིག་གི་ངོས་ནས་བརྗོད་ན་དེ་ལྷག་པར་བདེན། ཡང་ཕྱོགས་གཞན་ཞིག་ནས་བརྗོད་ན། སྤྱི་དམངས་ལ་ཆེས་སྤྱིར་བཏང་གི་ཚན་རྩལ་རྒྱུན་ཤེས་མེད་ན། དེང་གི་འཛམ་གླིང་ནང་རྨོངས་པར་གྱུར་བ་བཞིན་རིག་གཞུང་བགྲོ་གླེང་ལ་འཇུག་མི་ཐུབ་ཅིང་། ཐ་ན་འཚོ་བའི་གོ་བརྡ་ཙམ་ཡང་འཕྲོད་དཀའ་བར་འགྱུར་སྲིད། དེ་བས། ངེས་པར་དུ་ཚན་རྩལ་རྒྱུན་ཤེས་ནས་མགོ་བཙུགས་ཏེ་ཁྱོན་ཡོངས་ཀྱི་ཚན་རྩལ་སློབ་གསོར་མཐོར་འདེགས་ཡོང་ཆེད་འབད་བརྩོན་བྱེད་དགོས་པ་རེད།
གསུམ། དེང་གི་རིག་གཞུང་དང་ཤེས་བྱ། ལག་རྩལ་སོགས་མང་ཆེ་བ་རིག་ཚན་གྱི་དབྱེ་བ་བཞིན་ཆེད་ལས་ཅན་ལ་ཤིན་ཏུ་ཕྱོགས་ཆེ་སྟེ། དེའི་རྒྱུ་མཚན་གཙོ་བོ་ནི། དེང་གི་ཤེས་རིག་གཞི་རྒྱ་ཤིན་ཏུ་ཆེ་བས་དེ་ཚོ་རང་རང་གི་ཁྱད་ཆོས་དང་ཁྱབ་ཁོངས་སོགས་ལ་བསྟུན་ནས་དབྱེ་འབྱེད་མ་བྱས་ཚེ་ཉོག་འགྲོ་ཞིང་ཤེས་བྱའི་འཕེལ་རྒྱས་ལ་སྐྱོན་དུ་འགྲོ་བ་དང་། ཕྱོགས་གཞན་ཞིག་ནས་གལ་སྲིད་ཤེས་བྱ་ཇི་སྙེད་པ་འདི་དག་གི་རྣམ་དབྱེ་ཞིབ་པར་མ་ཕྱེས་ཚེ། མི་སུ་ཞིག་གིས་ཀྱང་ཡོངས་སུ་དཔོག་མི་ཐུབ་པའི་གནད་དོན་ཡོད། དེ་བཞིན་ཤེས་རིག་གི་དབྱེ་བ་དེ་དང་དངོས་ཡོད་སྤྱི་ཚོགས་ཀྱི་ལས་རིགས་དབྱེ་འབྱེད་སོགས་ཀྱི་བར་ལ་འབྲེལ་བ་ཤུགས་ཆེན་ཡོད། དེར་བརྟེན་ང་ཚོས་འཛམ་གླིང་གི་སྤྱིའི་འགྲོ་ཕྱོགས་ལ་དཔེ་བལྟས་ནས་ཆེད་ལས་རང་བཞིན་གྱི་དྲ་བ་གང་མང་གཟུག་དགོས།
བཞི། སློབ་ཆེན་སློབ་མ་དག་ནི་དེང་རབས་རིག་གཞུང་ལ་འཇུག་མཁན་དང་མ་འོངས་ལམ་བུ་གཏོད་མཁན་གྱི་དཔུང་སྡེ་གཙོ་བོ་དེ་ཡིན་པས། རང་གི་ཤེས་བྱ་རྣམས་ཕ་སྐད་ཀྱི་ལམ་ནས་ཕ་ཡུལ་གྱི་མི་ལ་བརྒྱུད་སྤྲོད་བྱེད་པའི་འགན་འཁྲི་ཡོད་ཅིང་། གལ་སྲིད་ལས་འདི་ང་ཚོས་མ་བསྒྲུབས་ཚེ། མི་ཚོགས་གཞན་ཞིག་གིས་ནི་བསྒྲུབ་པར་མི་སྲིད་པས། རང་གི་འགན་འཁྲི་ཆེན་པོ་དེ་གང་འཚམ་ཞིག་འགྲུབ་པའི་ཆེད་དུ་ཐད་ཀའི་ཕན་ནུས་དང་ཁེ་བཟང་ཡོད་མིན་ལ་མ་ལྟོས་པར་སོ་སོས་གང་འཇོན་འཇོན་བྱེད་དགོས་པ་ཡིན།
དྲ་བ་འདིའི་ཁྱད་ཆོས།
*དྲ་བ་འདི་ནི་བོད་བརྙན་དྲ་བ་དང་འདྲ་བར་རིགས་གཅིག་རྐང་འཛིན་གྱི་དྲ་བ་ཞིག་ཡིན། འདིར་ཚན་རྩལ་ཤེས་བྱ་མ་གཏོགས་གཞན་པའི་ནང་དོན་འགོད་ཀྱི་མེད།
*དྲ་བ་འདི་ནི་བོད་ཡིག་གི་ཚན་རྩལ་ཆེད་ལས་དྲ་བ་དང་པོ་དེ་ཡིན།
བཞི་བ། མིག་སྔར་གྱི་དཀའ་ངལ། *ད་ལྟ་དྲ་བ་འདི་གཙོ་བོ་གཞུང་ཕྱོགས་ནས་ནང་དོན་གསར་སྤེལ་བྱེད་པ་ལས། དྲ་དམངས་ཕལ་བའི་ཐོ་འགོད་དང་ཕན་ཚུན་འབྲེལ་རེས་ཀྱི་ནུས་པ་ཆུང་། དེའི་ཐད་ལ་འགྱུར་བ་གཏོང་བར་མ་དངུལ་དང་ལག་རྩལ་སོགས་དགོས། དེའི་ཐད་ང་ཚོས་འབད་བརྩོན་བྱེད་བཞིན་ཡོད།
དྲ་ཚིགས་ཀྱི་དྲ་བྱང་འདིར་གཟིགས། www.tsaluma.com
༼ཚ་ལུ་མ་དྲ་ཚིགས་ལས་དྲངས།༽
ཀུ་ཤུ་བཟོ་གྲྭར་ཁ་གཏད་གཅོག་བྱེད་དུ་བཟོས་པ་མིན་འགྲོ
ཚ་ལུ་མ་ཞིག་གངས་ཅན་པའི་དུས་རབས་གསར་བ་བསུ་བར་ཕྱོན་པར་དགའ་སྤྲོ་ཡོད། ལས་དེ་ལ་ཞུགས་པའི་སུ་འདི་གང་ཡིན་ཚང་མ་ལ་ཐུགས་རྗེ་ཆེ་ཞུས་སོ། གནམ་གིས་སྲུང་རྒྱུ་ཆ་བོ།
གཞིས་ཀྱི་བོད་རིགས་ཤེས་ཡོན་ཅན་ཚོས་བོད་རང་གི་སྐད་ཡིག་ཨང་དང་པོར་བརྩིས་ཏེ་སྲུང་སྐྱོབ་གང་ནུས་གནང་བཞིན་པའི་མ་ཚད། ཕྱིའི་སྐད་ཡིག་སྟེ་རྒྱ་ཡིག་དང་ཨིན་ཡིག་སོགས་ལས་ཀྱང་ཤེས་བྱ་ནང་འདྲེན་གྱི་ལམ་མཆོག་བོད་བསྒྱུར་ཐད་ནས་ཀྱང་ཁོང་ཚོ་འབུར་དུ་ཐོན་མུས་རེད།
ཁོང་ཚོའི་དམིགས་འབེན་གྱི་ཟུར་ཞིག་འདི་ལྟར་༼ཚ་ལུ་མ་ཚན་རྩལ་རྒྱུན་ཤེས་ཚོགས་ཆུང་ནི་བོད་བརྙན་ཚོགས་པའི་ཡན་ལག་ཞིག་ཡིན། ང་ཚོས་དེང་སྐབས་ཚན་རྩལ་གྱི་གལ་ཆེའི་རང་བཞིན་ལ་དམིགས་ནས། བོད་ཡིག་ཐོག་ནས་ཚན་རྩལ་རྒྱུན་ཤེས་ཁྱབ་སྤེལ་གྱི་ལས་ཀར་འབད་བཞིན་ཡོད།༽གསལ་སྟོན་གནང་ཡོད།
་་་་་་་་་ གཞིས་ཀྱི་བོད་རིགས་ཤེས་ཡོན་ཅན་ཚོས་བོད་རང་གི་སྐད་ཡིག་ཨང་དང་པོར་བརྩིས་ཏེ་སྲུང་སྐྱོབ་གང་ནུས་གནང་བཞིན་པའི་མ་ཚད། ཕྱིའི་སྐད་ཡིག་སྟེ་རྒྱ་ཡིག་དང་ཨིན་ཡིག་སོགས་ལས་ཀྱང་ཤེས་བྱ་ནང་འདྲེན་གྱི་ལམ་མཆོག་བོད་བསྒྱུར་ཐད་ནས་ཀྱང་ཁོང་ཚོ་འབུར་དུ་ཐོན་མུས་རེད། ་་་་་་་་་་