རྫ་ཚེ་རིང་བཀྲ་ཤིས།
བཅོམ་ལྡན་འདས་ཞི་ཁྲོ་རབ་འབྱམས་ཀྱི་ཚོགས་ལ་ཕྱག་འཚལ་ལོ།།
དེ་ཡང་། བར་དོ་ནི་ཐོག་མ་དང་ཐ་མ་ཡེ་མི་མངོན་པའི་སེམས་ཀྱི་གནས་སྐབས་ཞིག་ལ་བླ་ཐབས་སུ་བཏགས་པ་ཙམ་སྟེ། འདི་ནི་རྣམ་པར་ཤེས་པའི་མགྲོན་པོ་ལས་ཀྱི་མྱ་ངམ་གྱི་ཐང་ལ་འགྲུལ་བཞུད་བྱེད་པའི་ཚུགས་མལ་ཙམ་ཡིན་པར་སྣང་།
ཡང་བར་དོ་ཞེས་པ་ནི་བར་གྱི་དུམ་བུ་སྣ་ཚོགས་པའི་ཆ་ཤས་ཀྱི་ཆ་སྟེ། གཙུག་ལག་ཁང་དག་གི་སྒོ་ཁང་ལ་བྲིས་ཡོད་པའི་འཁོར་བའི་འཁོར་ལོའི་ཆ་ལྔ་བའི་ཆ་རེ་རེ་བ་དང་། རྟེན་འབྲེལ་བཅུ་གཉིས་ཀྱི་ཆ་ཤས་སིལ་བུ་བ་དེ་དག་དང་ཅུང་འདྲ་བ་ཡིན།
བར་དོ་ནི་དེ་ལྟར་འཁོར་བའི་སྲིད་པ་འདིའི་ལུགས་འབྱུང་གི་འཁྲུལ་རིམ་གྱི་བྱེ་བྲག་གི་ཆ་ཉིད་ཡིན་མོད། བར་དོའི་གདམས་པ་ཞེས་བརྗོད་སྐབས་དེ་དང་མི་འདྲ་བར། ལུགས་འབྱུང་འཁྲུལ་བའི་འགྲུལ་བཞུད་རིང་མོ་འདིའི་ཁྲོད་ནས་འཚོལ་སྙེགས་གཞན་ཞིག་གི་འགོ་བརྩམས་ཟིན་པའི་གོ་དོན་ཡོད་པ་རེད།
ཡང་བར་དོ་ཞེས་བརྗོད་དུས་ཁྱབ་ཆུང་བའི་གོ་དོན་གྱི་དབང་དུ་བྱས་ན། སེམས་ཅན་རྣམས་ཤི་ནས་ཡང་སྲིད་ཀྱི་ལུས་རྟེན་གང་ཡང་རུང་བ་ཞིག་ཏུ་ཉིང་མཚམས་མ་སྦྱར་བའི་བར་གྱི་གནས་སྐབས་དེར་གོ་བ་ལེན་ཆོག་ཅིང་། སྐྱེ་འཆི་སྲིད་པའི་བར་དོ་གསུམ་དང་། རང་བཞིན་བར་དོ་སོགས་བར་དོ་རྣམ་པ་བཞི། སྐྱེ་གནས་བར་དོ་སོགས་བར་དོ་རྣམ་པ་དྲུག་གི་རྣམ་བཞག་མི་འདྲ་བ་ཡོད་པ་དེ་དག་ཀྱང་ལམ་ཉམས་སུ་ལེན་མཁན་དག་གིས་བར་དོ་དང་འབྲེལ་བའི་ཉམས་ལེན་གྱི་ནང་དོན་དང་གོ་རིམ་ལ་གོ་བ་ལེན་བདེ་བ་དང་། ལག་ལེན་འདེབས་སྟངས་དང་ལྷུ་བསྒྲིགས་ཏེ་གསུངས་པ་ཞིག་རེད། འོན་ཀྱང་ཐ་སྙད་འདི་དག་མང་ཆེ་བ་ནི་གསང་སྔགས་རྡོ་རྗེ་ཐེག་པ་དང་འབྲེལ་བའི་ཐོག་ནས་བྱུང་བ་ཞིག་ཡིན།
བོད་ཀྱི་ནང་ཆོས་ཀྱི་ཁྲོད་ནས་ཡིན་ནའང་། མདོ་སྔགས་ཀྱི་ཕྱོགས་སོ་སོ་ནས་འཆི་ཁ་བར་དོའི་ཉམས་ལེན་མ་འདྲ་བ་མང་པོ་བྱུང་ཞིང་། འཕགས་པ་འདའ་ཀ་ཡེ་ཤེས་ཀྱི་མདོ་ནི་མདོ་ཕྱོགས་ནས་འཆི་བའི་སྲིད་པ་དང་འབྲེལ་བའི་ཉམས་ལེན་ཆེད་དུ་འཆད་པའི་མདོ་སྡེ་གལ་ཆེན་ཞིག་ཡིན་པར་མ་ཟད། མདོ་དེར། བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོས་སངས་རྒྱས་ལ་འཆི་ཁའི་ཉམས་ལེན་གྱི་སྐོར་ལ་དྲི་བ་དྲིས་པར། སངས་རྒྱས་ཀྱིས། ནམ་འཆི་བའི་ཚེ། འདའ་ཀ་ཡེ་ཤེས་བསྒོམ་པར་བྱའོ། དེ་ལ་འདའ་ཀ་ཡེ་ཤེས་ནི། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པས་ན། དངོས་པོ་མེད་པའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་འདུས་པས་ན། །སྙིང་རྗེ་ཆེན་པོའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། །ཆོས་ཐམས་ཅད་རང་བཞིན་གྱིས་མི་དམིགས་ཤིང་འོད་གསལ་བས་ན། །དངོས་པོ་ཅི་ལ་ཡང་མི་ཆགས་པའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། །སེམས་རྟོགས་ན་ཡེ་ཤེས་ཡིན་པས་ན། །སངས་རྒྱས་གཞན་དུ་མི་བཙལ་བའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། ། ཞེས་འཆི་ཁའི་བར་དོ་ལ་འདི་སྣང་ལ་ཞེན་ཆགས་སྤོང་བ་དང་འོད་གསལ་གྱི་དབྱིངས་ལ་མཉམ་པར་འཇོག་སྟངས་ཧ་ཅང་གསལ་བོར་གསུངས་པ་ནི། སློབ་དཔོན་པདྨས་མཛད་པའི་བར་དོ་ཐོས་གྲོལ་གྱི་རྩ་ཚིག་ཏུ། ཀྱཻ་མ་བདག་ལ་འཆི་ཁ་བར་དོ་འཆར་དུས་དེར༔ ཀུན་ལ་ཆགས་སེམས་ཞེན་འཛིན་སྤངས་བྱས་ནས༔ གདམས་ངག་གསལ་བའི་ངང་ལ་མ་ཡེངས་འཇུག༔ རང་རིག་སྐྱེ་མེད་ནམ་མཁའི་དབྱིངས་སུ་འཕོ༔ ཞེས་གསུངས་པ་དང་དོན་གཅིག་ཏུ་འབབ་པ་ཡིན། འོན་ཀྱང་མདོ་དེས་སྔགས་ཕྱོགས་ལྟར་རྣམ་གྲངས་མང་པོས་ཐོག་ནས་བར་དོའི་སྐོར་ཞིབ་ཆ་བྱས་ནས་འཆད་ཀྱི་མེད། དམ་པའི་ཆོས་མངོན་པ་ལས་བར་དོའི་སྐོར་ཆེད་དུ་འཆད་པར་མ་ཟད། བར་དོ་བའི་ལུས་དབྱིབས་དང་། རྣམ་འགྱུར། སྤྱོད་ལམ་སོགས་ཅུང་ཞིབ་ཆའི་སྒོ་ནས་གསུངས་ཡོད་ན་ཡང་། དེ་ཡང་སྲིད་པ་བར་དོའི་སྐོར་ཙམ་ཞིག་ལས་མ་འདས། ཡང་ན་བར་དོ་ཧྲིལ་པོ་སྲིད་པ་བར་དོའི་ཁོངས་སུ་བསྡུས་ནས་འཆད་པར་བྱེད་པ་ཡིན།
སླར་ཡང་བར་དོའི་སྐོར་འདི་ཅུང་ཟད་ཞིབ་ཙམ་བྱས་ནས་བཤད་ན། བར་དོ་ནི་ཚིགས་མཚམས་ཅན་གྱི་ཨ་ལོང་སྒོར་མོ་ཞིག་དང་འདྲ་ཞིང་། མ་རིག་པ་ནས་རྒ་ཤིའི་བར་གྱི་རྟེན་འབྲེལ་བཅུ་གཉིས་ཀྱི་རྣམ་པ་ཆ་ཚང་བསྐྱར་ཟློས་བྱེད་པའི་མགོ་རྔ་མེད་པའི་གོ་རིམ་ཞིག་རེད།
བོད་ལ་བར་དོའི་ཉམས་ལེན་ཁྲིགས་སུ་བསྡེབས་ཤིང་ཁྲིད་དུ་བྱས་ནས་འཆད་པའི་སྔགས་དང་འབྲེལ་བའི་མན་ངག་གི་གཞུང་ལུགས་རྒྱ་ཆེན་པོ་ཡོད་པའི་ནང་ནས་ཚབ་མཚོན་ལྟ་བུ་གཅིག་ནི་ན་རོ་ཆོས་དྲུག་གི་ནང་གསེས་བར་དོ་དང་འབྲེལ་བའི་སྐོར་རེད། དེ་ཡང་རྗེ་བཙུན་ནཱ་རོ་པས་བླ་མ་མར་པ་ལ་སེམས་གསོའི་ཚུལ་དུ་མགུར་དུ་བཞེངས་པ་ཆོས་དྲུག་དྲིལ་བ་རྡོ་རྗེའི་མགུར་ཞེས་པའི་སྐད་གྲགས་ཅན་གྱི་ཕྱག་ཆེན་གྱི་གཞུང་ཞིག་ཏུ་བར་དོའི་སྐོར་ལ་འདི་ལྟར།
རྨི་ལམ་དུས་ཀྱི་ཤེས་པ་དེ། །བར་དོའི་སེམས་དང་བསྲེ་དགོས་པས། །ལོངས་སྤྱོད་རྫོགས་སྐུའི་ངོ་བོ་ཅན། །དག་དང་མ་དག་གཟུགས་སྐུ་གཉིས། །བར་དོའི་དུས་སུ་ཟིན་ཡང་འཚལ། །རྨི་ལམ་བར་དོ་བསྲེ་འཕོའི་གནད། །མིང་ཡང་བར་དོའི་གདམས་ངག་ཟེར། །བར་དོ་འབྱོངས་སམ་ལོ་ཙཱ་བ། །
ཞེས་གསལ་འདེབས་ཀྱི་དྲི་བ་འདི་འདྲ་ཞིག་གནང་ཡོད་ཅིང་། ཚིགས་བཅད་འདིའི་ཐོག་ནས་ཀྱང་ཆོས་དྲུག་གི་བར་དོའི་ཉམས་ལེན་གྱི་སྒྲོམ་གཞི་རགས་པ་ཙམ་ཞིག་རྟོགས་ཐུབ། དེས་ན་ལུགས་འདིས་གསོན་དུས་རྨི་ལམ་གྱི་འཆར་ཆ་དཔེ་རུ་བྱས་ནས་བར་དོ་ལམ་དུ་བྱེད་པ་ཡིན་ཞིང་། དེ་ཡང་རྨི་སྣང་དང་བར་དོ་གཉིས་ལ་མངོན་སྟངས་དང་། རྣམ་པ། འཆར་ཚུལ་སོགས་ཕྱོགས་མང་པོ་ཞིག་ལ་ཧ་ཅང་འདྲ་བའི་ཆ་ཡོད་པས་འདིའི་ཕྱོགས་ལ་ཚད་རྨི་ལམ་གྱིས་འཛིན་པའི་བར་དོའི་ཉམས་ལེན་བྱེད་ཚེ་འདིར་ལམ་དུ་སློང་བར་བྱེད་པ་ཡིན་འདུག འཆི་ཁ་བར་དོ་དང་འབྲེལ་བའི་འདའ་ཀ་འཕོ་བའི་གདམས་ངག་ཀྱང་ནཱ་རོ་ཆོས་དྲུག་གི་སྐབས་སུ་ནི་ལོགས་སུ་འབྱུང་བ་ཡིན།
མདོར་ན་ཆོས་དྲུག་གི་ཉམས་ལེན་ཡོངས་སུ་རྫོགས་པའང་། སྐྱེ་བའི་སྲིད་པ་དང་། འཆི་བའི་སྲིད་པ། བར་གྱི་སྲིད་པ་གསུམ་གྱི་སྐབས་གང་རུང་དང་སྦྲེལ་ཏེ་ཉམས་སུ་ལེན་པར་བྱེད་པའི་མན་ངག་ཤ་སྟག་ཡིན་པ་རེད།
དེ་ལྟར་ན་ཡང་། བར་དོའི་སྐོར་གྱི་ཆོས་ཚན་ཁ་ཚང་ཤིང་དོན་འགྲིལ་བ། རྣལ་འབྱོར་བ་རྣམས་གྱི་ཚེ་འདིའི་ཉམས་ལེན་དང་། ཐ་མལ་བ་རྣམས་བར་དོར་ཉིང་མཚམས་སྦྱོར་བའི་བར་ཆ་ཚང་ཞིང་ཚང་བར་སྟོན་པ་ནི་བར་དོ་ཐོས་གྲོལ་ཆེན་མོ་ཞེས་པ་སློབ་དཔོན་པདྨའི་མན་ངག མཁར་ཆེན་ཡེ་ཤེས་མཚོ་རྒྱལ་གྱིས་ཟིན་བྲིས་སུ་བཏབ་པ། གཏེར་སྟོན་ཀརྨ་གླིང་པས་གཏེར་ནས་བཏོན་པ་དེ་ཉིད་ཡིན་ཞིང་། འདིའི་ནང་དུ། བར་དོ་ལ་དབྱེ་སྒོ་རྣམ་པ་དྲུག་གི་རྣམ་བཞག་གསུངས་ཡོད།
དེ་ཡང་། བར་དོ་དང་པོ་ནི་སྐྱེ་གནས་ཀྱི་བར་དོ་ཡིན་ཞིང་། དེ་ནི་རང་རེ་རྣམས་སྐྱེས་ནས་མ་ཤིའི་བར་གྱི་མི་ཚེའི་ཧྲིལ་པོ་འདི་ཡིན། དེ་ནས་རྨི་ལམ་གྱི་བར་དོ་དང་། བསམ་གཏན་གྱི་བར་དོ་གཉིས་ནི་རང་རེ་ཚེ་འདིའི་ཁྱད་པར་ཅན་གྱི་སེམས་ཀྱི་གནས་སྐབས་མི་འདྲ་བ་རྣམ་པ་གཉིས་ཡིན། དེ་ནས་བར་དོ་དངོས་ལ། འཆི་ཁའི་བར་དོ་དང་ཆོས་ཉིད་ཀྱི་བར་དོ། སྲིད་པའི་བར་དོ་སྟེ་བར་དོ་ཕྱི་མ་གསུམ་ཡོད།
འཆི་ཁའི་བར་དོ་ནི་ཕྱི་དབུགས་ཆད་དེ་ནང་དབུགས་ལ་ཐུག་པའི་མཚམས་དེ་ཙམ་ནས་མགོ་བཙུགས་ཏེ་རྩ་ཐིག་རླུང་གི་ཁམས་ནང་དུ་ཐིམ་པའི་རིམ་པ་དང་བསྟུན་ནས་འཆར་བའི་ལུགས་ལྡོག་གི་གོ་རིམ་ཡིན་ཞིང་། དུས་ཚོད་འདི་ནི། གཙོ་ཆེར་ཚེ་འདིར་བླ་མས་ངོ་སྤྲད་པའི་སེམས་ངོ་ལ་རང་བབས་སུ་འཇོག་པའམ། བཙན་ཐབས་འཕོ་བའི་མན་ངན་ངག་གི་སྒོ་ནས་རྣམ་ཤེས་དག་པའི་ཞིང་ཁམས་སུ་འཕོ་བར་བྱེད་པའི་དུས་ཚོད་ཡག་ཤོས་ཤིག་ཡིན་པའི་ངོས་འཛིན་གནང་ཡོད།
སྐབས་དེར་གཞིའི་འོད་གསལ་ཞེས་པ་སྟོང་གསལ་སྒྲིབ་གཡོགས་དང་བྲལ་བའི་རིག་པ་བཅོས་མིན་ཟང་ཐལ་ཞིག་མངོན་དུ་འགྱུར་བ་ནི་སྣང་མཆེད་ཐོབ་གསུམ་གྱི་ཐིམ་རིམ་གྱི་ཐ་མ་རང་དུ་འབྱུང་བར་འགྱུར་མོད། དེ་ཉིད་ངོ་མ་ཤེས་ན་ནི་སླར་ཡང་ཀུན་གཞིའི་ངང་དུ་ཐིམ་ནས་དྲན་མེད་དུ་བརྒྱལ་ཏེ་འགྲོ་བ་ཡིན།
བརྒྱལ་བ་ལས་སངས་པ་དང་། སྙིང་ཀའི་རྩ་འདབ་ཀྱི་ནང་ནས་ཕུང་པོ་ལྔ་དང་། ཁམས་བཅོ་བརྒྱད་དང་། སྐྱེ་མཆེད་བཅུ་གཉིས་དང་རྗེས་འབྲེལ་གྱི་བག་ཆགས་གནས་སུ་དག་པ་ཞི་བ་བཞི་བཅུ་རྩ་གཉིས་དང་། ཀླད་ཆེན་ནས་སྣང་ཚུལ་དེ་ཉིད་རྣམ་པ་འགྱུར་བའི་རང་གཟུགས་ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་ལྔ་བཅུ་རྩ་བརྒྱད་ཀྱི་སྣང་བ་འཆར་ཏེ། ཞི་བ་གནས་དག་དང་ཁྲོ་བོ་གནས་གྱུར་གྱི་སྣང་བ་དེ་དག་ཀྱང་ཐ་མལ་པའི་ངོ་ཁ་ལ་ནི་ཕལ་མོ་ཆེ། སྒྲ་དང་། འོད་དང་། ཟེར་གྱི་སྣང་བ་སྣ་ཚོགས་བསམ་གྱིས་མི་ཁྱབ་པས་གནམ་ས་འགེངས་བར་བྱེད་པའི་ཆོ་འཕྲུལ་ཞིག་ལས་ཅང་མིན་ཞིང་། འཆི་ཁའི་བར་དོར་འཕོ་བས་མ་ཟིན་ཞིང་། ཆོས་ཉིད་བར་དོའི་ཞི་བའི་འཆར་ཆ་ངོས་མ་ཟིན་ན་རིམ་གྱིས་ངོས་ཟིན་པ་དཀའ་རུ་འགྲོ་ཞིང་འཇིགས་སྐྲག་གི་སྣང་བའང་ཆེ་རུ་འགྲོ་བ་ཡིན་པར་བཤད།
དེ་ལྟ་བུའི་སྒྲ་འོད་ཟེར་གསུམ་གྱི་སྣང་བ་འདི་དག་ཀྱང་། ཡིན་ནི་ནང་ལུས་ཀྱི་རྩ་ཐིག་རླུང་གསུམ་གྱི་གནས་སྐབས་ལ་འཕོ་འགྱུར་དང་གཡོ་འཁྱོམས་ཆེན་པོ་བྱུང་བའི་སྐབས་ཀྱི་འཁྲུལ་སྣང་ངམ། རྡོ་རྗེ་ལུས་ཀྱི་ཁམས་སུ་གནས་པའི་ངེས་དོན་དག་པ་མྱང་འདས་ཀྱི་ཁམས་དང་། མ་དག་འཁྲུལ་བའི་ཁམས་གཉིས་སྐྱ་འཐབ་པའི་སྐབས་ཀྱི་ཁྱད་པར་གྱི་སྣང་ཚུལ་ཏེ། སྤོ་ལོ་ཅི་ཙམ་ཤུགས་ཆེན་པོས་ས་ལ་བརྡབས་ན་དེ་ཙམ་གནམ་ལ་འཕར་བ་དང་། མར་ཁུ་ཅི་ཙམ་ཚ་བོ་ཆགས་པ་དེ་ཙམ་ཆུ་འཁྱགས་དང་འཕྲད་ན་འབར་བ་ཤུགས་ཆེ་བ་ལྟར། རྟེན་འབྲེལ་གྱི་དབང་གིས་རགས་པའི་ལུས་ཁམས་བོར་བའི་སྐབས་དེར་རྩ་ཐིག་རླུང་སེམས་ཀྱི་ཆ་རྣམས་རང་མལ་དུ་འཇུག་པ་ཉི་མ་སྟོངས་དང་ཟླ་བ་ཉར་འཇུག་པ་བཞིན་མའི་འོད་གསལ་གྱི་ཆ་ལ་རང་མལ་སྙོགས་ན་ཡང་། གོམས་འདྲེས་མེད་པ་དང་། མན་ངག་དང་མི་ལྡན་པས་ཆོས་ཉིད་མ་བུ་ངོ་ཤེས་པ་ནི་མེད།
སླར་ཡང་ཟས་མ་འཇུ་བ་ལྟར་འཁྲུལ་བ་དང་སྡུག་བསྔལ་གྱི་རྦ་རླབས་ལ་ཡང་དང་ཡང་དུ་འཕྱན་པའི་རྒྱུ་བྱེད་ཡིན་ལ། འདི་ནི། མངོན་པ་ལས། ཡང་འབྱུང་སྲིད་པའི་འཁོར་ལོ་འདི། །ཉིད་ནི་ཡང་དང་ཡང་དུ་འཁོར། །ཞེས་དང་། ཤེར་ཕྱིན་བསྡུད་པ་ལས། རྐྱེན་རྣམས་ཚོགས་ན་ལས་ཀྱི་འཕྲུལ་འཁོར་རབ་ཏུ་འབྱུང་། །ཞེས་གསུངས་པ་དང་ཆ་འདྲའོ།།
འདིའི་སྐོར་ཕྲན་ལ་ཡང་ངེས་ཤེས་འདྲོངས་པའི་གོ་བ་ཅུང་ཟད་རེ་འཆད་རྒྱུ་ཡོད་ན་ཡང་འདིར་དེ་ཙམ་གྱིས་མ་འགྲིགས་པ་མེད།
མདོར་ན་ཆོས་ཉིད་ཀྱི་བར་དོ་འདིའི་དུས་སུ། མན་ངག་གཞན་གང་ཡང་མ་ཤེས་ན་ཡང་། འཆར་ཆ་ཐམས་ཅད་སེམས་ཀྱི་རང་སྣང་རྨི་ལམ་ལྟ་བུ་དོན་ལ་རང་སྣང་རིག་པའི་རྩལ་ཡིན་པ་དང་། རང་ཉིད་ཀྱང་མིང་བཞི་འདུས་པའི་ཕུང་པོ་རྟེན་མེད་ཡིད་ཀྱི་ལུས་ཅན་ཡིན་པས་གསོད་པ་སོགས་ཀྱི་ཡུལ་མ་ཡིན་སྙམ་པའི་དྲན་ཤེས་བརྟན་པོས་ཇོ་བོ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས་ལྷང་ལྷང་དུ་འདེབས་པ་ལས་གལ་ཆེ་བ་མེད་པ་བར་དོ་ཐོས་གྲོལ་གྱི་མན་ངག་ཟབ་ཤོས་ཤིག་ཡིན་པར་སྣང་།
དེ་བཞིན། ཚེ་འདིར་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་དུ་དབང་ཐོབ་པ་དང་། ཆོས་ཀྱི་འབྲེལ་བ་བཟང་པོ་ཡོད་པས་ཀྱང་སྐབས་འདིར་ཁྱད་པར་ཧ་ཅང་ཆེན་པོ་བྱེད་པ་ཡིིན་པས་ཚེ་འདིར་བར་དོའི་ཉམས་ལེན་ལ་གོམས་འདྲིས་ལེགས་པོ་བྱ་བ་ཧ་ཅང་གལ་ཆེ།
ཡང་སྐབས་འདི་དག་ལ་གྲོལ་བ་མ་ཐོབ་ན། མུ་འཐུད་སྲིད་པ་བར་དོའི་སྣང་བ་འཆར་བར་འགྱུར་ཞིང་། སྲིད་པ་བར་དོའི་ལུས་ནི་རྫུས་ཏེ་སྐྱེས་པ། རགས་པའི་ལུས་མེད་པ། དབང་པོ་ཀུན་ཚང་བ། ལས་ལས་བྱུང་བའི་རྫུ་འཕྲུལ་དང་མངོན་ཤེས་ཅི་རིགས་ཡོད་པ། གང་དུ་འདོད་པའི་ཡུལ་དེར་ཡུད་ཙམ་གྱིས་སླེབས་ཐུབ་པ། གནས་ལ་ངེས་པ་མེད་པ། ཟས་དྲི་ཙམ་གྱིས་ཚིམས་པ། གང་དུ་སྐྱེ་བ་ལེན་འགྱུར་གྱི་ལུས་ཀྱི་རྣམ་པ་ཅན་ཡིན་སྲིད་པ་སོགས་ཀྱི་ཁྱད་ཆོས་ཁག་ཅིག་མདོ་སྔགས་ཀྱི་གཞུང་མང་པོར་གཅིག་མཐུན་དུ་བྱུང་མོད། ལས་ཀྱི་དབང་གིས་མཐའ་གཅིག་ཏུ་ནི་མ་ངེས། སྲིད་པ་བར་དོ་བ་འདིའི་རྣམ་པ་དང་ཁྱད་ཆོས། སྲིད་པ་བར་དོའི་སྣང་བ་ལ་སྤྱོད་པའི་དུས་ཡུན་སོགས་སྲིད་པ་བར་དོའི་ངོ་སྤྲོད་ཆེན་མོ་ལས་འདི་ལྟར་བྱུང་སྟེ།
ཁྱོད་གཡོ་བ་རླུང་གིས་སྡོད་པའི་དབང་མེད་པར་རིག་པ་རྟེན་མེད་པར་བྱ་སྒྲོ་རླུང་གིས་དེད་པ་ལྟ་བུ་དབུགས་ཀྱི་རྟ་ལ་ཞོན་ནས་ཡད་ཡོད་ལང་ལིང་འགྲོ་ཞིང་༔ ངུ་བ་ཀུན་ལ་ང་འདི་ན་ཡོད་མ་ངུ་ཤིག་བྱ་བས༔ དེ་ཁོང་ཚོས་མ་ཐོས་པས༔ ཡང་ང་ཤི་བ་ཡིན་པར་འདུག་སྙམ་ནས༔ སྡུག་བསྔལ་ཤིན་ཏུ་ཆེ་བ་ཞིག་ད་ལྟ་ཁྱོད་ལ་ཡོད་དོ༔ ཁྱོད་རང་དེ་ལྟ་བུའི་སྡུག་བསྔལ་མ་བྱེད་ཅིག༔ ཉིན་མཚན་མེད་པ་སྟོན་ནམ་གྱི་འོད་ལྟ་བུ་སྐྱ་ཐོམ་མེ་བ་གཅིག་རྒྱུན་དུ་འོང་ངོ་༔ དེ་ལྟ་བུའི་བར་དོ་ལ་ཞག་བདུན་ཕྲག་གཅིག་གམ་གཉིས་སམ༔ གསུམའམ༔ བཞི་འམ༔ ལྔའམ༔ དྲུག་གམ༔ བདུན་ལ་སོགས་པ་ཞག་བཞི་བཅུ་ཞེ་དགུ་འོང་བ་ཡང་ཡོད་དོ༔ ཕལ་ཆེ་བ་ནི་སྲིད་པ་བར་དོར་སྡུག་བསྔལ་ཞག་ཉི་ཤུ་རྩ་གཅིག་འོང་བར་གསུངས་ཏེ༔ ལས་ཀྱི་དབང་གིས་ཅིག་ཏུ་ནི་མ་ངེས་སོ༔ ཞེས་གསུངས་པ་ལྟར་རེད།
དེ་ལྟ་བུའི་དུས་དེར། རང་གི་ལས་ཀྱི་དབང་ལས་སྣང་བའི་འཇིགས་སྐྲག་གི་སྣང་བ་ཤིན་ཏུ་མང་པོ་ཞིག་ལ་ལོངས་སུ་སྤྱོད་དགོས་ཤིང་། གནས་དང་གྲོགས་ལ་ངེས་གཏན་མེད་པ་སོགས་ཡ་མ་ཟུངགི་སྣང་བ་མང་པོ་ཞིག་དང་རྒྱུན་དུ་འགྲོག་དགོས་པ་ཡིན།
མང་པོ་ཞིག་གིས་རང་ཉིད་ཤི་བ་ངོས་མི་ཟིན་ཞིང་། ཟིན་པ་དག་ཀྱང་ལུས་རྟེན་མི་རྙེད་པར་སྲིད་པ་བར་མ་དོར་ཡུན་རིང་དུ་འཁྱམས། བླ་མ་མར་པའི་རྣམ་ཐར་དུ། སྲས་དར་མ་མདོ་སྡེ་སྐུ་གཤེགས་པར་ཉེ་བའི་སྐབས་སུ་དར་མ་མདོ་སྡེས་མ་ཡུམ་སོགས་ལ། ཕྱིན་ན་འཇུར་མིག་ལྟ་བུའི་ཕྲང་རིང་ཞེས་པའི་ཚིག་བརྗོད་འདི་སྤྱད་ནས་སྲིད་པ་བར་དོའི་བཤུལ་རིང་གི་ལམ་བུའི་སྐོར་ལ་བཀའ་མོལ་གནང་བ་ལྟར། འདི་དུས་དངོས་གནས་དྲང་གནས་ཕྱིན་ན་འཇུར་མིག་ལྟ་བུའི་ཕྲང་རིང་། ཡ་ང་ཞིང་ཡི་མུག་ལ། ཤིན་ཏུ་སྐྱི་གཡའ་ལ་བག་གྲང་བ། བྱེ་ཐང་ཆེན་པོ་ས་ཧ་རའི་མྱ་ངམ་གྱི་ཐང་དུ་བསླེབས་པ་ལྟར་ཨ་ཐང་ཆད་པའི་ཁེར་འགྲུལ་རིང་མོ་ཞིག་གི་ཀློང་དུ་ཞུགས་ཟིན་པ་རེད། འདི་ལ་སྐྱས་ཆེན་པོ་འདེགས་པ་ཞེས་ཀྱང་ཟེར།
དེས་ན། སྲིད་པ་བར་དོ་འདིར་ཡང་ཆོས་ཀྱི་ར་མདའ་བཟང་པོ་དག་ཤིན་ཏུ་གལ་ཆེ་ཞིང་། ཆོས་དང་གདམས་ངག་གིས་ཟིན་ན། ཡུལ་བ་རྐང་ཆད་ལ་ཝ་འཛུགས་པ་ལྟ་བུ་ཞེས་བཟང་པོ་ལས་ཀྱི་འཕྲོ་མཐུད་དེ་དག་པའི་ཞིང་དུ་སྐྱེ་བའམ། ཆོས་ལ་སྤྱོད་པའི་ལས་རྟེན་རྙེད་པར་འགྱུར་བའི་གོ་སྐབས་ཡོད་པ་ཡིན།
ཁྱད་པར་མངལ་འཚོལ་བའི་སྐབས་སུ། མཐོ་རིས་དང་ངན་སོང་སོ་སོར་སྐྱེ་འགྱུར་གྱི་རྟགས་དང་མཐོང་སྣང་རིགས་མ་འདྲ་བ་སྣ་ཚོགས་པ་ཞིག་ཡོད་པར་གསུངས་ཤིང་། བསོད་ནམས་དམན་པ་དང་། བདུད་ཀྱི་བར་ཆད་དང་འཕྲད་པ་ལས་བཟང་ངན་དབྱེ་མི་ཤེས་པ་སོགས་འབྱུང་། དེ་དུས་གོལ་འཕྱུག་མེད་པའི་ཉམས་ལེན་ནི། བྱམས་པ་དང་བྱང་ཆུབ་ཀྱི་སེམས་ཡིད་ལ་བྱ་ཞིང་། རེ་དོགས་མེད་པའི་སེམས་བརྟན་པོར་གནས་པས་རྐྱེན་ངན་གྱི་དབང་དུ་མི་འགྲོ་བར་བྱ་བ་དེ་ཡིན་ཞིང་། སྐབས་འདིར་སྲིད་པ་བར་དོ་ལ་སེམས་ཀྱི་འཁྱེར་སོ་ཇི་ལྟ་བུ་དགོས་པའི་ཐད། གུ་རུ་རིན་པོ་ཆེས། ཀྱཻ་མ་བདག་ལ་སྲིད་པ་བར་དོ་འཆར་དུས་འདིར༔ འདུན་པ་རྩེ་གཅིག་སེམས་ལ་གཟུང་བྱས་ནས༔ བཟང་པོ་ལས་ཀྱི་འཕྲོ་ལ་ནན་གྱིས་འཐུད༔ ངལ་སྒོ་དགགས་ནས་རུ་ལོག་དྲན་པར་བྱ༔ ཞེས་གདམས་པ་ལྟར་དྲན་པ་གལ་ཆེ།
ཡང་། སྲིད་པ་བར་དོའི་སྐབས་འདིར་གལ་ཆེ་བ་གཞན་ཞིག་ནི། ནང་མི་ཉེ་འབྲེལ་དག་གིས་ཀྱང་ངུ་འབོད་སོགས་མི་བྱ་བ་དང་། གཟུངས་སྔགས་ཁྱད་པར་ཅན་འདོན་པ། གསུར་བསྔོ་དང་བུམ་ཆོག་སོགས་བྱས་ཏེ། སྙིང་རྗེས་ཀུན་ནས་བསླངས་པའི་སྨོན་ལམ་དང་དགེ་བའི་ར་མདའ་བྱས་པ་ཡིན་ན་ཕན་ཡོན་ཆེན་པོ་ཡོད་པ་ཡིན། གཤིན་པོ་བླ་མ་བདེ་ན། གསོན་པོ་འདུག་མ་བདེ། ཞེས་པའི་ཁ་སྲོལ་ནི་བདེན་པར་ངེས་ཤིང་། གལ་ཏེ་གཤིན་པོ་འཆི་རྐྱེན་རྒྱུན་ལྡན་མིན་པ་སོགས་ཀྱིས་བར་དོའི་ལུས་དེ་ཉིད་དུ་སྣང་བ་འགྱུར་ནས་འདྲེ་དང་འབྱུང་བོ་སོགས་ཀྱི་ལུས་སུ་འགྱུར་བའང་ཡོད་ཅིང་། དེ་འདྲ་དེས་ཤེས་པ་ལ་རང་དབང་མེད་པས་བསམ་བཞིན་མིན་པས་ཀྱང་གཞན་ལ་གནོད་པ་དང་མ་བདེ་བའི་རྐྱེན་བྱེད་སྲིད་པ་ཡིན།
མདོར་ན། བར་དོ་ནི་འགྲོ་བ་རྣམས་ཀྱི་སྐྱེ་འཆི་སྲིད་པའི་འཁོར་ལོའི་གནས་སྐབས་ཀྱི་འགྲུལ་ཚུགས་ཙམ་ཞིག་ཡིན་པས་གལ་ཏེ་བར་དོ་དང་འབྲེལ་བའི་གདམས་ངག་དང་མ་འཕྲད་པའམ། འཕྲད་ཀྱང་ཡིད་མ་ཆེས་པ། ཡིད་ཆེས་ཀྱང་ལག་ལེན་དུ་མ་ཁེལ་བ་དག་ནི་སླར་ཡང་འཁོར་བ་རིགས་དྲུག་གི་གནས་འདིར་མུ་འཐུད་དེ་འཁོར་ཞིང་སྐྱེ་འཆི་ཁོར་མོ་ཡུག་ཏུ་ཁ་བརྒྱུད་དགོས་པ་ཡིན།
གལ་ཏེ་བར་དོའི་གདམས་ངག་དང་འཕྲད་ན་རྒྱུ་རྐྱེན་རྟེན་འབྲེལ་གྱི་གནད་ཀྱིས། ཚེགས་ཆུང་ངུས་འཁོར་བ་དང་ངན་སོང་གི་སྐྱེ་སྒོ་ཁེགས་ཏེ་མཐོ་རིས་དང་ཐར་པའི་ལམ་ལ་འགྲོ་ཐུབ་པའི་སྐོར་ལ་བར་དོ་ཐོས་གྲོལ་ཆེན་མོ་ལས་གུ་རུ་རིན་པོ་ཆེས། ཤིང་སྡོང་པོ་མི་བརྒྱས་སྒུལ་མི་ཐུབ་པ་ཞིག་ཆུ་ནང་དུ་གཡུགས་རྗེས་མི་གཅིག་གིས་ཀྱང་སྒུལ་ཐུབ་པ་དཔེ་རུ་བཞག་སྟེ་བར་དོའི་གདམས་ངག་གི་གལ་ཆེའི་རང་བཞིན་ནན་གསུངས་གནང་ཡོད་ཅིང་། དེ་ནི་ཧ་ཅང་གིས་གལ་ཆེ་བ་ཡིན་ནོ། །
བར་དོའི་ཆོས་ཀྱིས་དམིགས་བསལ་གྱིས་འཕྲལ་དུ་ནུས་པ་ཆེན་པོ་ཐོན་ཐུབ་པའི་ཐད་ལ་ཡང་། བར་དོ་ཐོས་གྲོལ་ཆེན་མོ་ལས། བར་དོའི་རྣམ་ཤེས་དེ་ལ་ཟག་བཅས་ཀྱི་མངོན་ཤེས་ཡོད་པས༔ བདག་གི་ཇི་སྨྲས་ཁོས་ཐོས་པ་དང་ཅིག༔ འོན་ལོང་ཡིན་ཡང་༔ དེའི་དུས་སུ་དབང་པོ་ཚང་བས་ཅི་སྨྲས་གོ་བ་དང་གཉིས༔ འཇིགས་སྐྲག་གིས་རྟག་ཏུ་བདས་ནས་ཅི་དྲག་ན་སྙམ་པའི་དྲན་པ་ཡེངས་མེད་དུ་ཡོད་པས་བདག་གིས་ཅི་སྨྲས་ཉན་ནས་འོང་པ་དང་གསུམ༔ རྣམ་ཤེས་རྟེན་མེད་པས་མདུན་པ་གར་གཏད་དུ་ཐལ་གྱིས་སླེབས་ཏེ་ཁ་ལོ་བསྒྱུར་སླ་བ་དང་བཞི༔ དྲན་པ་དགུ་འགྱུར་གྱིས་གསལ་བས་ལྐུག་པ་ཡིན་ཀྱང་དེའི་དུས་སུ་ལས་ཀྱི་དབང་གིས་རིག་པ་གསལ་དུ་སོང་ནས༔ ཅི་བསླབས་པ་ཐམས་ཅད་སྒོམ་ཤེས་པའི་ཡོན་ཏན་དང་ལྡན་པ༔ ཞེས་རྒྱུ་མཚན་ཆེན་པོ་ལྔ་བཀོད་གནང་མཛད་ཡོད་དོ། ། རྫོགས་སོ།།
ཞེས་པ་འདི་ཡང་། ཆོས་ཀྱི་གྲོགས་མཆོག་བླ་མ་ཡེ་ཤེས་རབ་རྒྱས་ནས་བསྐུལ་མ་གནང་བ་ལྟར། དམ་པའི་བཤེས་ཀྱི་དྲིན་ལས་ངེས་དོན་གྱི་གནས་ལ་བསམ་པ་ཅུང་ཟད་རྙེད་ཀྱང་རང་རྒྱུད་ཐ་མལ་དུ་གནས་པའི་རྒྱལ་ཁམས་པ་རྫ་ཚེ་རིང་བཀྲ་ཤིས་ཀྱིས། སེང་ག་པུར་གྱི་རང་གི་སྡོད་གནས་སུ་སྤྱི་ལོ་༢༠༡༤ ཟླ་༦ ཚེས་༡༥ ཉིན་བྲིས།
་་་་་་་་ སྐྱེ་འཆི་སྲིད་པའི་བར་དོ་གསུམ་དང་། རང་བཞིན་བར་དོ་སོགས་བར་དོ་རྣམ་པ་བཞི། སྐྱེ་གནས་བར་དོ་སོགས་བར་དོ་རྣམ་པ་དྲུག་གི་རྣམ་བཞག་མི་འདྲ་བ་ཡོད་་་་་་་་་་་་་་་་
་་་་་་ རྒྱུན་དུ་འོང་ངོ་༔ དེ་ལྟ་བུའི་བར་དོ་ལ་ཞག་བདུན་ཕྲག་གཅིག་གམ་གཉིས་སམ༔ གསུམའམ༔ བཞི་འམ༔ ལྔའམ༔ དྲུག་གམ༔ བདུན་ལ་ སོགས་པ་ཞག་བཞི་བཅུ་ཞེ་དགུ་འོང་བ་ཡང་ཡོད་དོ༔ ཕལ་ཆེ་བ་ནི་སྲིད་པ་བར་དོར་སྡུག་བསྔལ་ཞག་ཉི་ཤུ་རྩ་གཅིག་འོང་བར་ གསུངས་ཏེ༔ ལས་ཀྱི་དབ ་གིས་ཅིག་ཏུ་ནི་མ་ངེས་སོ༔ ་་་་་་་་་་་
་་་་་་་ བླ་མ་མར་པའི་རྣམ་ཐར་དུ། སྲས་དར་མ་མདོ་སྡེ་སྐུ་གཤེགས་པར་ཉེ་བའི་སྐབས་སུ་དར་མ་མདོ་སྡེས་མ་ཡུམ་སོགས་ལ། ཕྱིན་ན་འཇུར་མིག་ལྟ་བུའི་ཕྲང་རིང་ཞེས་པའི་ཚིག་བརྗོད་འདི་སྤྱད་ནས་སྲིད་པ་བར་དོའི་བཤུལ་རིང་གི་ལམ་བུའི་སྐོར་ལ་བཀའ་མོལ་གནང་བ་ལྟར། འདི་དུས་དངོས་གནས་དྲང་གནས་ཕྱིན་ན་འཇུར་མིག་ལྟ་བུའི་ཕྲང་རིང་། ་་་་་་་་་་་་་་་་་
་་་་་་་ གལ་ཏེ་གཤིན་པོ་འཆི་རྐྱེན་རྒྱུན་ལྡན་མིན་པ་སོགས་ཀྱིས་བར་དོའི་ལུས་དེ་ཉིད་དུ་སྣང་བ་འགྱུར་ནས་འདྲེ་དང་འབྱུང་བོ་སོགས་ཀྱི་ལུས་སུ་འགྱུར་བའང་ཡོད་ཅིང་། དེ་འདྲ་དེས་ཤེས་པ་ལ་རང་དབང་མེད་པས་བསམ་བཞིན་མིན་པས་ཀྱང་གཞན་ལ་གནོད་པ་དང་མ་བདེ་བའི་རྐྱེན་བྱེད་སྲིད་པ་ཡིན། ་་་་་་་་
འདི་ནི་འདི་ལོའི་ས་ག་ཟླ་བའི་ནང་གི་ཁ་བརྡའི་ཆེད་རྩོམ་མམ། དཔྱད་རྩོམ་ལེགས་ཤོས་སུ་མཐོང་ལགས། རྗེས་སུ་ཡི་རང་ཞུའོ།།
མཁས་དབང་ལགས་སྙིང་ནས་ཐུགས་རྗེ་ཆེ།
༄༅། །རྫ་ཚེ་རིང་བཀྲ་ཤིས་གསལ་པོ་གསུངས་འདུག ཐུགས་རྗེ་ཆེ། བོད་པའི་རིག་གཞུང་རྩ་ཆེ་ཤོས་ཅིག་འདི་ཡིན་ལེ་རེད། ཕྱི་རྒྱལ་བ་ཚོས་ཨུ་ཚུགས་ཀྱིས་སྐད་བརྡ་འཕྲོད་ལ་མི་འཕྲོད་ངང་བླ་མ་དགེ་བཤེས་ཉམས་ལེན་ཡོད་མེད་ཆབ་བེ་ཆོབ་བེ་ཆོས་ཚོང་དུ་བསྐྱོད་མཁན་ཚོ་ལས་མིག་བཙུམ་ནས་དངུལ་མང་པོ་སྤྲད་དེ་ཐོས་བསམ་བྱེད། རང་རེའི་བོད་ཕྲུག་དག་གིས་ནི་འདི་དག་རྨོངས་དད་དུ་བརྩིས་ནས་འཕྱ་སྨོད་དང་སྣང་ཆུང་བྱེད། དངོས་གནས་བྱས་ན་བོད་པའི་སློབ་གྲྭ་ཁག་ལ་འདི་ཚོ་དེང་རབས་ཀྱི་སློབ་གསོའི་ལམ་ལུགས་གསར་གཏོད་བརྙན་དཔར་དང་གཏམ་བརྗོད་སོགས་ཀྱི་ལམ་ནས་རོབ་ཙམ་རེ་བསླབ་པ་ཡིན་ན། བོད་ཕྲུག་ཚོའི་བཟང་སྤྱོད་ཡར་རྒྱས་འགྲོ་བ་ལ་ཕན་ཐག་ཆོད་རེད་དོ། ཕྱི་རྒྱལ་ཕོ་མོ་ལུས་གཅེར་ཧྲང་ཐོན་ནས་འཁྲུས་ཁང་(spa)སོགས་སུ་བོད་པའི་བླ་མ་དགེ་བཤེས་ཀྱིས་དངུལ་ཁོ་ནས་ཆེད་དུ་འདོན་པ་རྫོགས་སྐད་རྒྱག རྔ་བརྡུང་། རབ་གནས་བྱིན་རླབས་ཡིན་ཟེར་ནས་ཁྲོམ་སྟོན་ཁྱབ་བསྒྲགས་བྱེད་ཆོག་ས་ལ་རང་རེའི་སློབ་གྲྭ་ཁག་ལ་བསླབ་ཁྲིད་བྱེད་མི་ཁོམ་པ་གང་ཡིན་ན། ད་དུས་ངན་ངོ་མ་ཤར་ཐི། གུ་རུ་རིན་པོ་ཆེ་མཁྱེན།།