འབའ་སྲས།
ཁ་སྒང་སྡེ་དཔོན་གནའ་ནས་འདས་པར་གྱུར།།
ཁ་ཡ་ན་ཟླ་ཚང་མ་རྒས་ནས་འདུག །
ཁ་འདྲིས་ཞེ་བཟང་གྱུར་བའི་གྲོགས་མོ་ཚོ།།
ཁ་སྒང་སྡེ་བའི་ནང་དུ་གཅིག་ཀྱང་མེད།།
ཞིང་ཁ་གྲུ་བཞི་མང་ཤོས་ས་སྟོང་ལྷག །
གྱང་ཁ་མཐོན་པོ་ཚང་མ་དམའ་རུ་བཏང་།།
སྡོང་ར་ཚང་མ་སྔོ་ཚལ་ར་བར་བསྒྱུར།།
ལམ་ཁ་དོག་མོ་རྒྱ་ཆེ་ཡངས་པར་བཟོས།།
བུ་མོ་མཛེས་མ་ཚང་མ་གནས་ལ་སོང་།།
བུ་རབ་འཇོན་ཐང་ཅན་ཚོ་གྲོང་ཁྱེར་ཉུལ།།
ཤུལ་ན་ན་ལྷག་པ་མནའ་མ་རྒན་རྒོན་ཚོས།།
ཕག་པ་རེ་གཉིས་གསོས་ནས་ཁྱིམ་ན་འདུག །
ཁང་བ་བཟོ་སྟངས་ཕལ་ཆེ་རྒྱ་ཡི་ལུགས།།
ཁྱིམ་གྱི་ཅ་ལག་ཚང་མ་དེང་རབས་ཅན།།
གནའ་བོའི་ཁྱིམ་དང་སྔོན་གྱི་སྡེ་བ་དེ།།
གནམ་དང་ས་ཡི་འགྱུར་ལྡོག་བཞིན་དུ་ཐེབས།།
ལུས་ལ་གྱོན་པ་རྒྱ་དང་ནུབ་ཕྱོགས་ལུགས།།
ཁ་ལ་ཟ་བ་རྒྱ་ཟས་སྣ་ཁ་མང་།།
བོད་ལ་ཅ་དག་ཆ་འགྲིག་གྱོན་པ་དང་།།
ཐུག་པ་སྐྱུར་ཁུག་འཐུང་བ་རེ་རེ་ཙམ།།
ལམ་ནས་ཐུག་དུས་ཨ་རོགས་མི་ཟེར་ཞིང་།།
འབྲེལ་འདྲིས་མེད་ཚེ་ཁམས་བཟང་མི་ཞུ་བ།།
སྒོ་ལ་བསླེབས་ན་སྔན་ལ་མི་ཡོང་བ།།
ནུབ་ཕྱོགས་ལུགས་ཀྱི་ཁྱད་ཆོས་ངོ་མ་ལྡན།།
བྱིས་པ་ཚོ་ནི་ལྷན་ཅིག་མི་རྩེ་བ།།
ཁྱིམ་མཚེས་ཡིན་ཡང་ནང་ལ་མི་འགྲོ་བ།།
རྒན་གཞོན་བར་ལ་ཁྱད་པར་དེ་ཙམ་མེད།།
ཧྥ་རན་སི་ཡི་འགྲོ་ལུགས་ལྟ་བུར་གྱུར།།
ཆུང་དུས་མཐོང་བའི་རི་འབུར་སེར་ཐོ་རི།།
བར་གྱི་ཞིང་ཁ་ཆེ་བའི་གྱམ་པ་ནང་།།
ཆུ་ཡིས་རྫིང་བུར་འཁྱིལ་བའི་ཡོ་རུ་གཉིས།།
ད་ནི་འདི་ཞེས་བསྟན་ན་ཤུལ་ཙམ་རྙེད།།
ནགས་ཀྱིས་རི་བོ་འཁེབ་པའི་ཤྭ་བཟུང་རི།།
རྩྭ་ཡིས་ཐང་ཆེན་གཡོགས་པའི་ཐང་གཞི་ཀླད།།
མེ་ཏོག་འཇའ་རིས་བཀྲ་བའི་གྱ་མདོ་ཐང་།།
རྒྱང་ནས་བལྟས་ན་ཀྱེ་མ་ཧུད་དུ་གྱུར།།
མི་དང་འཚོ་བ་གོམས་གཤིས་ལུགས་སྲོལ་དང་།།
ཁྱིམ་དང་སྡེ་བ་རི་ལུང་ཐང་ཆེན་ཞིང་།།
ཕྱི་ནང་གཉིས་ཀ་བསྒྱུར་ཅིང་འགྱུར་བ་ཡི།།
ན་ནངས་ཡུལ་ལ་སོང་དུས་དངོས་སུ་མཐོང་།།
༡༤/༠༦/༢༥ ཉིན་གྱི་ཕྱི་དྲོར།
ཡག་པོ་བྲིས་འདུག་
དོན་བརྗོད་སྙན་ངག་དུས་ཀྱི་འཕར་རྩ་རེད།
རྩ་བཟུང་མཁས་པ་སྐུ་ཞབས་འབའ་སྲས་ཏེ།
འདི་དང་འདི་འདྲའི་སྙན་ངག་རེ་རེ་ཡིས།
དེང་དུས་བོད་ཀྱི་བཞིན་རིས་ཅིས་མི་བཞེངས།
ཁྱེད་ཀྱི་སྡེ་ལུང་དེ་འདྲའི་ཡ་མཚན་ལ།།
ཡ་རབ་ཡིན་མདོག་འདྲ་ཞིག་བྲིས་མི་འདུག།
ང་ཡི་ལུང་པའི་མི་ཞིག་ཡུལ་ལ་ལོག།
སྡེ་ལུང་རྒན་གཞོན་ཕོ་མོ་བསུ་མར་ཕེབས།།
ཁམས་འདྲའི་ཁ་བཏགས་དཀར་པོ་སྐེ་ལ་གཡོག།
རི་ཡུལ་ངོ་ཐུག་བྱུང་པར་དགའ་སྟོན་བཤམ།།
བོད་སྐད་གཙང་མ་བོད་ཆས་དག་མ་ནི།
བོད་རིགས་ལ་རྒྱལ་འཛིན་པའི་དོན་དུ་གྱོན།
མཐོ་ལ་གུས་ཞབས་དམའ་ལ་བདག་སྐྱོང་ནི།
བོད་རིགས་འཆམ་མཐུན་ཡོང་བའི་རྩ་བར་རྩི།།
འཁོར་ལོ་ཅན་ལ་འགྱུར་བའི་ཕ་ཡུལ་དེ།
གཅིག་རྒྱབ་གཅིག་དུ་ལང་བའི་དབའ་པོའི་ཁྱུ།
བལྟས་ན་ཡིད་དགའ་བསམ་ན་བློ་དགའ་བའི།།
སྨད་ཕྱོགས་འབྲོག་སྡེ་དེ་འདྲར་འགྱུར་འདུག་ཟེར།།
ད་ནི་ལྟ་འདོད་ཆེ་ཡང་དགྱ་གདོན་ཚང་།།
ལམ་ཁ་གང་ན་འདྲེ་བཞིན་སྐྱེས་འདུག་པས།།
༧རྒྱལ་བ་ངེད་གཉིས་རེ་ཞིག་འཕགས་ཡུལ་ནས།།
དགྲ་ལ་མགོ་འདེགས་མེད་པར་མི་སྡོད་དམ།
འབའ་སྲས་ཀྱིས།
ལུས་ལ་གྱོན་པ་རྒྱ་དང་ནུབ་ཕྱོགས་ལུགས།།
ཁ་ལ་ཟ་བ་རྒྱ་ཟས་སྣ་ཁ་མང་།།
བོད་ལ་ཅ་དག་ཆ་འགྲིག་གྱོན་པ་དང་།།
ཐུག་པ་སྐྱུར་ཁུག་འཐུང་བ་རེ་རེ་ཙམ།།
ཞེས་པ་ལ། ཀརྡོས།
ལུས་ལ་གྱོན་པ་རྒྱ་དང་ནུབ་ཕྱོགས་དང་། །
ཁ་ལ་ཟ་བ་རྒྱ་ཟས་སྣ་མང་གཉིས། །
བོད་ལ་ལ་རྒྱ་མེད་དང་ཤེས་རིག་ཆོས། །
ཉམས་པའི་རྟགས་སུ་བདག་ནི་མི་འདོད་དོ། །
ཡང་། ད་དུང་།
གྱོན་པ་རྒྱ་དང་ནུབ་ཕྱོགས་ལུགས་ཀྱང་དགོས། །
ཟ་བ་རྒྱ་ཟས་སྔོ་ཚལ་གང་མང་དགོས། །
ངག་ལ་སྐད་ཡིག་སྣ་མང་ཤོད་མཁས་དགོས། །
བོད་སྐད་ཆོས་དད་སྤྱོད་བཟང་ཉམས་མི་རིགས། །
རྒྱ་གོས་རྒྱུན་དུ་གྱོན་ན་མིག་ལོག་ལྟ།།
རྒྱ་ཟས་རྒྱུན་དུ་བཟས་ན་མཆིལ་ཞགས་འཕེན།།
ལུས་དང་སེམས་ལ་བོད་ཀྱི་དྲི་མ་འཐུལ།།
ང་ཡི་ཕ་ཡུལ་རྔ་བ་རྡོ་རྗེ་བྲག །
ཡ་རབས་སྤྱོད་པ་མི་ཚེའི་སྙིང་པོར་འཛིན།།
སྤུན་ཟླའི་མཐུན་སྒྲིལ་སྲོག་གི་ཀ་བར་བརྩི།།
བྷོ་ཊའི་མཐའ་མཚམས་སྲུང་བའི་དམག་གི་རྒྱུད།།
ང་ཡི་ཕ་ཡུལ་རྔ་བ་རུ་མཚོན་ནགས།།