ཚེ་རིང་།
—- དེང་གི་སྲིན་འབུ་མེ་ཁྱེར་གྱི་ཚོགས་ལ་སྤྲིངས་པ།
རྨིག་བཞིའི་རྟ་མཆོག་འཕུར་བའི་དཔུང་ཚོགས་ཀྱིས།།
སུམ་གཉིས་ས་ལ་དབང་བའི་སྲིད་ཀྱི་ཁྲིར།།
ཕུན་ཚོགས་གཡང་འཁྱིལ་རྒྱལ་ཁྲིམས་དུང་གི་སྒྲས།།
སྡེ་བཞི་མགྲོན་དུ་འབོད་པའི་རྒྱལ་བློན་དྲན།།
སྤྱི་མཐུན་ལས་ཀྱི་མར་ཁུ་ཟད་པ་ན།།
བདེ་སྐྱིད་སྣང་བ་རིམ་གྱིས་རིམ་གྱིས་ཡལ།།
གྲུབ་མཐའི་རང་སྲིད་སྲུང་བའི་ནང་འཁྲུག་གིས།།
སྤུན་ཟླའི་ཁྲག་རྒྱུན་གངྒཱའི་ཆུ་ལ་འདྲེས།།
འཇམ་རྩུབ་ལྐོག་གཡོའི་ཐབས་འཕྲུལ་སྣ་ཚོགས་ཀྱིས།།
རྙིང་ཞེན་མགོ་བོ་བཙན་གྱིས་བསླུས་པ་ན།།
གངས་རིའི་མུ་ཁྱུད་བརྒལ་བའི་དམག་དཔུང་གིས།།
ཁྲག་གི་དར་ཆ་ལྷ་སའི་ཡུལ་དུ་བསྒྲེངས།།
དེང་རབས་འཕྲུལ་གྱི་བཀོད་པ་མ་མཐོང་ཞིང་།།
ཁོར་ཡུག་གཞན་གྱི་དར་རྒུད་མ་ཚོར་བའི།།
རྒྱས་སྤྲོས་ཞིང་གི་ཞི་དཔོན་སྐུ་དྲག་ཚོས།།
ལུགས་གཉིས་རྣ་ཆ་བྱིས་པའི་སྙན་དུ་བཏགས།།
གངས་ཅན་ཞིང་གི་བསྟན་སྲིད་མི་རིགས་དང་།།
ལས་སྨོན་ལེགས་པས་དམ་དུ་སྦྲེལ་བའི་མགོན།།
ཞབས་ཟུང་གསེར་གྱི་འཁོར་ལོས་མཚན་པ་ཡི།།
བཀྲ་ཤིས་རེ་ཁཱ་འཕགས་པའི་ཡུལ་དུ་བཀོད།།
གཟི་བྱིན་སྐུ་ཡི་ཉི་མ་དགུང་ལ་ཤར།།
རྨད་བྱུང་མཛད་འཕྲིན་འཛམ་གླིང་ཡོངས་སུ་འཕྲོས།།
ལོ་རྒྱུས་བདེན་པའི་རི་མོ་རྡོ་ལ་བརྐོས།།
གཞི་བྱེས་འགྲོ་ལ་རེ་བའི་མེ་ཕུང་གསོས།།
ཕྱི་དགྲ་ཞི་བའི་ཐབས་ཀྱིས་བཅོམ་ན་ཡང་།།
ནང་དགྲས་འཛུམ་པའི་ཟོལ་གྱིས་རྒོལ་བ་འདིས།།
སྤྱི་འབངས་བདེན་པའི་འཐབ་རྩོད་ལོ་ནས་ལོར།།
ཁ་བཤད་འཇའ་རིས་ཁྲོད་ནས་དོན་མེད་ཡལ།།
ཁྲིམས་ལྡན་དགེ་སློང་སྲིད་ཀྱི་ཁྲི་ལ་བཞེངས།།
སྲིད་ཀྱི་བློ་ཕུགས་རྒྱ་གར་བྷ་བྷུར་བཅོལ།།
སྲིད་དོན་ཆོས་ཀྱིས་བཀྲལ་པའི་སྙིང་ཁམས་ཅན།།
རིགས་མཐུན་འཁོར་གྱི་དབུས་ན་ཀྲོང་ངེར་འགྱིང་།།
ཆོས་པའི་དབུས་སུ་སྲིད་ཀྱི་ཐ་སྙད་གླེང་།།
སྲིད་ཀྱི་ཚོགས་པར་ཆོས་ཀྱི་དགོས་མཁོ་སྨྲ།།
སྲིད་ལ་སྲིད་ཀྱི་ཁ་གཏད་མེད་པ་འདིས།།
ཞི་བའི་གྲོས་མོལ་བྱས་ཀྱང་ཕན་མ་བྱུང་།།
རྔམ་གནག་བཞིན་གྱི་གཉེར་མའི་ཁྲོ་མདུད་ལས།།
ལྐོག་གཡོ་ཐབས་ཚུལ་སྟོང་གི་ཆོ་འཕྲུལ་གར།།
ངུར་སྨྲིག་གོས་ཀྱི་འོག་ནས་བསྒྱུར་བ་འདི།།
ཤཀྱཱ་ཐུབ་པའི་བསྟན་ལ་མཛེས་མ་ཡིན།།
བདེན་དོན་གནས་ལ་རྨོངས་པའི་སྐྱེ་བོ་འགར།།
བདེན་པའི་ཨུ་ཚུགས་ཤུགས་ཀྱིས་སྒྲོག་ན་ཡང་།།
བདེན་དོན་དབུ་མའི་ལམ་ལ་རྒོལ་ཙམ་ལས།།
བདེན་པའི་གནས་ལུགས་དངོས་ནས་བཤད་འདོད་མིན།།
ཆབ་སྲིད་སྒྱུ་མའི་ཟློས་གར་སྣ་ཚོགས་ལ།།
ཀུན་བཟང་ཡོན་ཏན་ཞིང་དུ་སྒྲོ་བཏགས་ནས།།
ས་ཆེན་འུར་གྱིས་དཀྲོགས་པའི་རྨོངས་པ་འགར།།
བདེན་པ་བདུད་རྩི་ཐིགས་པ་ཅུང་ཟད་བྱིན།།
མཐོན་པོའི་མི་ལ་མ་རངས་ཕྲག་དོག་མིན།།
ཡུལ་ལུང་ཆོལ་ཁའི་འཐེན་འཁྱེར་དེ་བས་མིན།།
དོན་གྱི་བདེན་པ་བརྡར་བའི་ཚིག་གི་རིས།།
དཔྱོད་ལྡན་སྐྱེ་བའི་ཚོགས་ལ་གཟིགས་མོར་ཕུལ།།
2014/6/26
རུ་ནེ་ནེ། ཧྲོའུ་ཏིས་ཟ་ར། ཝོའོ་ཐིན་པུའུ་ཏོན།། ནུས་མུན་ཁྲི་པོ་ར་པོ་ར། ཨ་ཡེ་ཧྲེང་ཧོའུ་ཞིས་པ་ཏོ་ཧྲོ་ར།།
ཊི་ཀ་ཀ་བ་ཝ་ཙཱ་ཟོན། ལོ་ཙང་མྱིན།། ཝོང་པ་ཏན།།