ཨེ་མ་ཧོ།
ན་མོ་གུ་རུ་པདྨ་ཀ་ར་ཡེ།
གངས་ལྗོངས་བསོད་ནམས་བསྟན་སྲིད་རྨད་བྱུང་ཕུལ།།
འཛམ་གླིང་འཛིན་མའི་སྙིང་ནོར་བཅུ་ཕྲག་མཛོད།།
ཐེག་དགུ་བདེན་པའི་ལམ་བཟང་ཞི་བདེའི་དཔལ།།
ཡབ་མེས་ཡིད་བཞིན་ནོར་བུ་ཨེ་མ་ཧོ།།
གངས་རིའི་བདེ་སྐྱིད་སོ་ཀའི་ནམ་ཟླ་བཞིན།།
མ་སྨིན་སོ་ནམས་གསར་བ་སྤྲིན་པས་སྒྲིབ།།
བདེན་ཚིག་རིན་ཆེན་གཡོ་སྒྱུ་ནོར་གྱིས་བསླུས།།
ཆོས་མིན་སྤྱོད་པའི་མི་ནག་ཀྱེ་མ་ཧུད།།
ཀུན་མཁྱེན་བླ་མའི་ཐུགས་བསྐྱེད་དུས་སུ་སྨིན།།
དུས་རབས་གསར་རྙིང་འདྲེན་པའི་ཤིང་རྟ་ཆེ།།
རྟེན་འབྲེལ་སྐལ་བཟང་བྷོ་ཊིའི་ཆོས་རྗེ་མཆོག།།
མཁན་ཆེན་ཡིད་བཞིན་ནོར་བུ་ཨེ་མ་ཧོ།།
གོང་གི་བླ་དཔོན་གྲྭ་ཚང་གཟིགས་འཁན་ཉུང་།།
འོག་གི་གྲྭ་འབངས་སྤྱི་དོན་བསམ་འཁན་ཉུང་།།
གངས་རིའི་གྲྭ་ཚང་གུང་གསེང་དོན་མེད་རོལ།།
བཤད་སྒྲུབ་ཉི་ཟླ་ཆུ་ལྷའི་ཕྱོགས་སུ་ཉེ།།
སྔར་འདྲིས་གྲོགས་ལ་དགའ་བའི་ངོ་བསྟོད་མིན།།
གློ་བུར་རང་དོན་ཕྱོགས་པའི་སྒེར་ཆོས་མིན།།
གངས་ཅན་བདེ་སྐྱིད་བསྐྲུན་པའི་དཔའ་བོ་མཆོག།།
ཀུན་མཁྱེན་བླ་མའི་ཕྲིན་ལས་ཨེ་མ་ཧོ།།
ཚན་རིག་ཟེར་ནས་གདན་ས་ཆོས་མིན་འཛིན།།
ཚེ་ཚད་རྫོགས་ཀྱང་ཆོས་མིན་སྲིད་མིན་སྐྱོང་།།
རིས་མེད་བརྗོད་ཀྱང་རིང་ལུགས་མཆོག་ཏུ་སྤེལ།།
སྙིགས་དུས་དགེ་སྦྱོང་ཆོ་འཕྲུལ་ཀྱེ་མ་ཧོ།།
ཨ་མྱེ་སྔགས་པའི་ཆོས་ལ་བཟང་ཆ་བསྒྲངས།།
ཨ་ཁུ་ཨ་མཆོད་ཁོ་ནར་མི་འོས་གསུངས།།
ཨ་དོན་དབྱངས་གསལ་རིག་པའི་གར་སྟེགས་སུ།།
ཨ་བུ་ཕོ་མོའི་བརྒྱུད་འཛིན་ཨེ་མ་ཧོ།།
བརྟག་དཔྱད་མེད་པར་མི་ལ་སྤྲུལ་མིང་བཏགས།།
ཕུག་མདུན་མེད་པར་དལ་འབྱོར་ཆུད་ཟོས་བཏངས།།
དགྲ་གྲོགས་མེད་པར་ངོ་ལྐོག་ལྕ་གཉིས་བརྡབས།།
ཕྱི་གླིང་སྐྱབས་གནས་འཛིན་རྣམས་ཀྱེ་མ་ཧོ།།
སྤྲོས་བྲལ་དབུ་མའི་ཆོས་ཀྱི་དེ་ཉིད་གོ།།
ལྷན་སྐྱེས་བདེ་བ་ཆེན་པོའི་རོ་མཆོག་མྱོང་།།
རང་བཞིན་རྫོགས་པ་ཆེན་པོའི་དོན་རྟོགས་པའི།།
རིས་མེད་མཁས་གྲུབ་རྣམ་པ་ཨེ་མ་ཧོ།།
གདན་ས་ཕལ་ཆེར་ཚོང་དང་སོ་ནམས་འབུངས།།
སྒྲུབ་གནས་ཕལ་ཆེར་སྤྲོ་འཁྱམས་མ་དངུལ་ཁང་།།
དམ་པའི་གདན་ས་དུམ་གཉིས་གསུམ་བཞིར་ལོག།
བརྒྱུད་འཛིན་ནང་དམེས་འཁོན་འཁྲུག་ཀྱེ་མ་ཧོ།།
བསྟན་པའི་དཔལ་གྱུར་བླ་སློབ་ཞབས་པད་བརྟན།།
བསྟན་འཛིན་དམ་པའི་ཐུགས་དགོངས་ཡིད་བཞིན་འགྲུབ།།
བསྟན་པའི་སྦྱིན་བདག་མངའ་ཐང་ལོངས་སྤྱོད་འཕེལ།།
རྒྱལ་བསྟན་ཡུན་གནས་བཀྲ་ཤིས་བཀྲ་ཤིས་བདེ་ལེགས་ཤོག།
ཅེས་པ་འདི་རབ་རྒྱན་ཤིང་རྟའི་སྨྲོན་ཟླའི་དགའ་བ་དང་པོར་དབྱིན་ཇིའི་རྒྱལ་ཁམས་ཆེན་པོ་སའི་ཆ། ཝ་ཡེལ་གླང་ཆེན་འགྱིང་རིའི་སྐྱེད་ཚལ་གྱི་དབུས་འདབ་བརྒྱད་པ། ལུགས་གཉིས་དཔལ་དང་ལྡན་པའི་རྒྱལ་རྒྱུད་ཀྱི་རིགས་སྔགས་འཛིན་པའི་གནས། རང་བྱུང་གི་ཁོར་ཡུག་བྲག་རི་དང་ས་ཆུ་ནགས་ཚལ་སྨན་ལྗོངས་སོགས་དཔལ་གྱི་ཡོན་ཏན་དཔག་ཏུ་མེད་པས་བརྒྱན་པའི་བས་མཐའི་སྨན་ལྗོངས་ཀུན་བཟང་ཆོས་གླིང་དུ་རིག་འཛིན་དཔལ་དགྱེས་པ་རྡོ་རྗེ་འམ་ཨེ་མ་ཧོས་ཤར་མར་བྲིས་པར་དགེའོ།། །།
རང་གི་ཐུགས་དང་མཐུན་ན་དམ་པར་བརྩི།།
རང་ལ་བརྩི་བཀུར་མེད་ན་འདྲེ་རུ་འཛིན།།
རང་དོན་ཕུག་བཅུག་རིས་མེད་ང་རོ་སྒྲོག །
རང་གཞན་ཕུང་ལ་སྦྱོར་རྣམས་གང་དུ་བཞུགས།།
གཞན་ལ་དད་དང་དམ་ཞིག་མི་དགོས་ཟེར།།
ཀུན་ལ་དབང་དང་ལུང་གིས་ཆོས་འཁོར་སྐོར།།
དད་པ་མི་དགོས་དབང་ཆེན་བསྐུར་དགོས་པ།།
འུ་ཚུགས་ཐབས་ཟད་ལས་ལ་ཞུགས་མིན་ནམ།།
ངེས་འབྱུང་སོ་ཐར་ཆོས་ཀྱི་རྩ་བ་དང་།།
གཞན་སེམས་བྱང་སེམས་ཐེག་པའི་རྩ་བ་ཡིན།།
དད་པ་གསང་སྔགས་ཆོས་ཀྱི་རྩ་བར་ངེས།།
དད་པ་མི་དགོས་གསང་སྔགས་ཆོས་མི་དགོས།།
ཨེ་མ་ཧོ་ལགས་ཀྱིས། འདིར་རྒྱལ་བ་རིན་པོ་ཆེའི་དབུའི་ཐོག་ལ་རྡོ་ཆེན་པོ་ཞིག་བརྒྱབ་འདུག
“”ཚན་རིག་ཟེར་ནས་གདན་ས་ཆོས་མིན་འཛིན།།
ཚེ་ཚད་རྫོགས་ཀྱང་ཆོས་མིན་སྲིད་མིན་སྐྱོང་།།
རིས་མེད་བརྗོད་ཀྱང་རིང་ལུགས་མཆོག་ཏུ་སྤེལ།།
སྙིགས་དུས་དགེ་སྦྱོང་ཆོ་འཕྲུལ་ཀྱེ་མ་ཧོ།།””
༼ ཧ ཧ ཨེ་མ་ཧོ་དེང་སང་སྨྱོ་ཚར་བ་རེད། བོན་པོ་ནང་པ་ཡིན་རིས་མེད་ཡིན་ལབ་སོང་ང་། ད་ཡིན་ན་བསམ་ཤེས་དང་ཨེ་མ་ཧོ་གཉིས་ཕྱོགས་གཅིག་རེད་འདུག་ག གཅིག་གིས་བྲིས་གཅིག་གིས་འགྲེལ་བཤད་རྒྱག་གི་འདུག ཧ ཧ ཁྱོད་ཚོ་ངོ་མ་སྨྱོས་འདུག་གོ།
སྐྲ་ལོ་རིང་བ་མུ་སྟེགས་གཅེར་བུའི་ལུགས།།
ཁ་སྤུ་བཞག་པ་ཁ་ཆེ་དྲག་སྤྱོད་ལུགས།།
དགེ་སྦྱོང་གཱོ་ཏམ་མགོ་རེག་ཞབས་རྗེན་ལུགས།།
དོར་ནས་གང་བྱུང་སྨྱོན་པ་ཨ་བ་རི།།
ཆོས་རྫུ་ཆོས་མིན་གཏམ་ཉིད་བདེན་པར་སྒྲོག་ལ་སུ་ཞིག་འཇིགས།།
ང་ཞེས་བགྱི་བ་མ་དོར་ཞེན་ཆགས་གཏམ་གྱི་ཉེས་པས་བསླུ།།
དད་དམ་ཕྱོགས་རིས་ཅན་གྱི་སྦྲུལ་མགོ་དམར་པོ་རོ་ལ་ཟུག།
འདོད་ལྡན་གྲོང་ལ་འགྲིམས་པའི་བྱ་བཏང་མིང་ཅན་འཁོར་བས་མནར།།
ཨ་ཕྱི་ཆོས་སྒྲོན་ལགས་སུ། བདག་བསམ་ཤེས་རྒྱལ་བ་རིན་པོ་ཆེ་ལས་བཀའ་དྲིན་ཆེ་བའི་བླ་མ་ཞིག་ཚོར་གྱི་མེད་པས། ཨེ་མ་ཧོར་ར་སྤྲོད་གཏོང་ཆེད་ཁོང་གི་ཚིག་འདི་འཕྱུང་བ་ལས་བདག་བསམ་ཤེས་ཀྱིས་དེ་ལ་རྒྱབ་སྐྱོ་ལྟ་ཅི། མཐའ་གཅིག་ཏུ་ངོ་རྒོལ་ཁོ་ནའོ།
ཨེ་མ་ཧོར་ངའི་ལན་འདི་ཡིན།
ཚན་རིག་བླངས་ནས་གདན་སར་ཤེས་རབ་སྤེལ།
ཚེ་ཚད་མ་རྫོགས་བར་དུ་འགྲོ་དོན་མཛད།
རིས་མེད་བཞེས་ནས་རིས་མེད་དངོས་སུ་བསྐྱངས།
སྙིགས་དུས་དགེ་སྦྱོང་སངས་རྒྱས་དངོས་ལས་ལྷག
དེ་འདྲ་དངོས་ནས་ཡིན་ན་བསམ་ཤེས་རེད།
ངོ་མ་བཤད་ན་དོལ་འདྲེའི་ཕྱོགས་དང་རྒྱལ་བ་རིན་པོ་ཆེ་སྨད་པ་རེད་ཅེས་བརྗོད་ཆོག་ཆོག་ཅིག་ཡིན་ས་མ་རེད་བསམ་ཤེས་ལོ། ངོ་མ་ཨེ་མ་ཧོས་རྒྱལ་བ་ཚང་ལ་ཟེར་བ་ཡིན་ན་ཁྱོད་ཀྱི་ཚིག་རྐང་འདི་འདྲ་ཞིག་གིས་མཐའ་གཅིག་ཏུ་ངོ་རྒོལ་དང་རྒྱལ་བ་ཡིན་པ་ར་སྤྲོད་ནུས་ས་མ་རེད་ལོ།
རང་མགོ་མཐོན་པའི་ཉམས་ལེན་མ་ཤེས་ཀྱང་།།
གཞན་སེམས་དཀྲུག་པའི་ལོག་བཤད་ངས་མི་བྱེད།།
བསྟན་པ་འཛིན་པའི་བྱ་བཞག་མ་འགྲུབ་ཀྱང་།།
བསྟན་བཤིག་བོན་དོལ་རྗེས་སུ་ང་མི་འཇུག།
མཐུན་འབྲེལ་ལ་རྒྱའི་དཔའ་མོ་མ་འཇོན་རུང་།།
ནང་བསྟན་དཀྲུག་པའི་བྱ་བཞག་ངས་བསྐྲུན།།
སྒོར་མོ་མང་པོའི་ཚོགས་པ་མ་ཡིན་ཀྱང་།།
གཡོ་སྒྱུ་སེར་སྣའི་ནོར་ལ་ང་མི་སྨོན།།
”བརྟག་དཔྱད་མེད་པར་མི་ལ་སྤྲུལ་མིང་བཏགས།།
ཕུག་མདུན་མེད་པར་དལ་འབྱོར་ཆུད་ཟོས་བཏངས།།
དགྲ་གྲོགས་མེད་པར་ངོ་ལྐོག་ལྕ་གཉིས་བརྡབས།།
ཕྱི་གླིང་སྐྱབས་གནས་འཛིན་རྣམས་ཨེ་མ་ཧོ།།” གོང་དུ་ཀྱེ་མ་ཧོ་ཞེས་པ་དེ་ཨེ་མ་ཧོར་བསྒྱུར་བ་ཙམ་རེད།
ཨ་ལི་དེ་འདྲ་ཡིན་ན་འདི་ཁྱོད་ལ་གསུངས་པ་མིན་འགྲོ
ཨ་མྱེ་སྔགས་པའི་ཆོས་ལ་བཟང་ཆ་བསྒྲངས།།
ཨ་ཁུ་ཨ་མཆོད་ཁོ་ནར་མི་འོས་གསུངས།།
ཨ་དོན་དབྱངས་གསལ་རིག་པའི་གར་སྟེགས་སུ།།
གཡུ་འབྲུག་དཀར་པོའི()བརྒྱུད་འཛིན་ཨེ་མ་ཧོ།།