སྐྱ་རེངས།
བརྩེ་བ་དེ་མེ་བཞིན། ངའི་བྲང་གཞུང་ནས་འབར།
དུངས་པ་དེ་ཆུ་བཞིན། ངའི་ཡ་ཆུང་ནས་བཞུར།
སེམས་པ་འདི། རླུང་བུ་ཞིག་ཏུ་སྤྲུལ་ནུས་ན།
གཏན་དུ་ང་། ཁྱེད་ཀྱི་ལང་ཚོའི་སྦུབས་སུ་ཉུལ་ཡོང་།
“ཀྱེ། འབར་གྱིན་པ་དེ་མེ་མ་ལགས། དེ་ནི་སེམས་པ་ཞིག་ལགས།”
“བཞུར་གྱིན་པ་དེ་ཆུ་མ་ལགས། དེ་ནི་མིག་ཆུ་ཞིག་ལགས།”
“དྲན་གྱིན་པ་དེ་ཅང་མ་ལགས།”
“དེ་ནི་ས་ཆེན་གྱི་ལྟེ་བར་བཞད་པའི་རྒྱ་སེ་མེ་ཏོག་ཅིག་ལགས།”
ཁྱོད་ཀྱིས་བདག་ངོ་མ་ཤེས་རུང་མི་སྐྱོན་ལགས།
ཁྱོད་བདག་གི་མངའ་ཐང་གི་རྒྱལ་མོར་ཕེབས་པ་ནས།
དྲན་རྟོག་གིས་མི་ཟིན་པའི་ལོ་ཟླ་ཅི་ཙམ་ཞིག་འདས་ཟིན་པ།
བདག་གིས་དྲན་པར་མ་གྱུར།
བརྩེ་དུངས་ཀྱི་དམྱལ་ཁམས་ན་ཐར་གྱིན་མེད་པ་དེ།
འདོད་ཆགས་ཀྱི་སྡོམ་རྒྱ་ལ་ལྷུང་བའི་འབུ་གསོན་པོ།
འཇིག་རྟེན་གཞན་གྱི་ཁ་ངོའི་དཀར་འོད་མི་རིག་པ་དེ།
ཁྱོས་འདོད་ཆགས་ལ་བཀོད་འདོམས་བྱེད་མ་ཤེས་བའི་ལས་ཉེས་དེ།
ཁྱེད་རང་བདེ་སྐྱིད་དང་ཕྲད་སྲེིད། རྒྱུ་མཚན་ལས་ཡོད་དེ།
མི་རིགས་དང་རྒྱལ་ཁབས་ལ་དབྱེ་ལུགས་མི་ཤེས་བ་དེ། འདོད་ཆགས་ཟེར་བའི་མགོ་ཆག་སྐམ་པོ་དེ་མ་ཡིན་ནམ།
ཡང་གཅིག་བཤད་ན།
ཁྱེད་རང་ཤི་མི་ཐུབ་པ་འདི་རེད།
ཧ་ཧ་ཧ།
འབར་བཞིན་པ་དེ་ནི་མེ་ལགས།
ཁྱེད་ནི་སྙིང་རྗེ་མེད་པའི་དབུ་ཁྲིད་ཚོའི་བྱས་རྗེས་རེད།།
བཞུར་བཞིན་པ་དེ་མིག་ཆུ་ལགས།
ཁྱེད་ནི་ཆོས་གཟུགས་ཅན་འགས་འགྲེལ་བརྗོད་ལོག་པར་བྱས་པའི་དན་རྟགས་རེད།།