འོས་སྦྱོར་བ། གསེར་ས་ལེ་སྦྲམ།
ལ་དྭགས་དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་གིས་ཆོས་ཞུ་བ་འབུམ་གཅིག་དང་ཕྱེད་ཀ་ཡོང་བའི་རྩིས་རྒྱག་གི་ཡོད་ཀྱང་། ད་ཆར་སྡོད་གུར་༥༣༠ ལས་བརྒྱབ་མི་འདུག་ལ། གསུང་ཆོས་རྭ་བའི་གྲ་སྒྲིག་ཀྱང་ཡོངས་སུ་འགྲུབ་མེད་པར་མུ་མཐུད་སྒྲུབ་བཞིན་ཡོད་འདུག ཟླ་འདིའི་ཚེས་༣ ཉིན་༸གོང་ས་མཆོག་གིས་ལ་དྭགས་ཞི་བའི་ཚལ་ཕོ་བྲང་གི་ཉེ་འཁྲིས་སུ་ཡོད་པའི་གསུང་ཆོས་རྭ་བར་དུས་འཁོར་དབང་ཆེན་ཐེངས་༣༣ པ་མགོ་འཛུགས་གནང་གི་ཡོད་སྟབས། ཁ་སང་གསར་འགོད་པ་དངོས་སུ་གསུང་ཆོས་རྭ་བ་དང་ཆོས་ཞུ་བའི་སྡོད་གུར་གཉིས་སུ་སོང་སྟེ་གནས་ཚུལ་རྒྱུས་ལོན་བྱས།
ཉེ་ལམ་དུས་བབ་གསར་ཁང་གིས་དུས་དབང་དབང་གོ་སྒྲིག་ཚོགས་ཆུང་ལ་དུས་དབང་གོ་སྒྲིག་གི་སྐོར་ལ་བཅར་འདྲི་ཞུས་སྐབས། གོ་སྒྲིག་ཚོགས་ཆུང་གིས་གསུང་ཆོས་རྭ་བའི་བརྒྱ་ཆ་ ༩༠ འགྲུབ་ཡོད་སྐོར་བརྗོད་ཡོད་ཀྱང་། ད་ཆར་གསུང་ཆོས་རྭ་བའི་ཀླད་ཀྱི་གུར་བརྒྱ་ཆ་ ༤༠ ཙམ་ལས་གཡོག་ཚར་མི་འདུག་ལ། གཟུགས་མཐོང་བརྙན་འཕྲིན་དང་སྒྲ་སྒམ། ཆོས་ཞུ་བར་གདན་སོགས་ཀྱང་གྲ་སྒྲིག་ཚར་མི་འདུག ད་དུང་རིན་མེད་ཐོག་གོ་སྒྲིག་ཞུས་པའི་ཆོས་ཞུ་བའི་སྡོད་གུར་ ༡༠༠༠ ཙམ་རྒྱག་འཆར་ཡོད་པ་ལས་སྡོད་གུར་ ༥༣༠ ལྷག་བརྒྱབ་ཚར་ཏེ་གློག་དང་ཆུ། གསང་སྤྱོད་བཅས་ཀྱི་མཐུན་རྐྱེན་བསྐྲུན་འདུག་མོད། ད་དུང་སྡོད་གུར་ ༤༠༠ ཙམ་གྲ་སྒྲིག་ཞུ་རྒྱུ་ལྷག་བསྡད་འདུག
གསར་འགོད་པས་དུས་དབང་སྤྱི་ཁྱབ་འབྲེལ་མཐུད་པ་བསམ་གཏན་ལགས་སུ། གསུང་ཆོས་རྭ་བའི་གྲ་སྒྲིག་ད་དུང་ཚར་མེད་པའི་རྒྱུ་རྐྱེན་གང་ཡིན་དྲིས་པར། ཁོང་གིས་དེ་སྔོན་གྲ་སྒྲིག་ཚོགས་ཆུང་གིས་ཕྱི་ཟླ་ ༧ པའི་ནང་ཉི་མ་ཚ་བོ་ཡིན་པ་དང་ཆོས་ཞུ་བས་ཉི་གདུགས་འཁུར་ནས་ཆོས་ཞུས་ན། ༸གོང་ས་མཆོག་གི་ཞལ་མཇལ་ཡག་པོ་རག་གི་མ་རེད་བསམ་སྟེ་གསུང་ཆོས་རྭ་བའི་ཀླད་དུ་གུར་གཡོག་པའི་ཐག་གཅོད་བྱས་ཡོད་ཀྱང་། དུས་དབང་གི་ཅ་དངོས་ཁག་མང་ཆེ་བ་ལྡི་ལི་དང་སྦང་ལོར་སོགས་ནས་དབོར་འདྲེན་བྱེད་སྐབས། དུས་ཚོད་ཏག་ཏག་ནང་བསླེབ་ཐུབ་མེད་པ་དང་། ལྷག་པར་དུ་སེ་རི་ནཱ་གྷར་ (Srinagar) དང་མུ་ན་ལི་(Manali) གཉིས་ཀྱི་གཞུང་ལམ་ཕྱི་ཟླ་༦ པའི་ནང་སྒོ་ཕྱེས་པ་བཅས་ཀྱི་དབང་གིས་ཡིན་སྐོར་བརྗོད་བྱུང་།
ཉེ་ལམ་ཞིག་ནས་སྤྱི་ཚོགས་ནང་ལ་དྭགས་ནང་པའི་ལྷན་ཚོགས་ཀྱིས་ལ་དྭགས་པ་ཚོས་ཧིན་སྒོར་འབུམ་ ༡ སྤྲད་ཚེ། མི་གཅིག་ལ་དམིགས་བསལ་མཇལ་ཁ་གོ་སྒྲིག་གནང་རྒྱུ་དང་། འབུམ་ལྔ་སྤྲད་ཚེ་ནང་མི་ཚང་མར་དམིགས་བསལ་མཇལ་ཁ་རག་པའི་སྐད་ཆ་ཞིག་ཁྱབ་བཞིན་ཡོད་པ་དེ་བདེན་པ་ཡིན་མིན་དྲིས་པར་ཁོང་གིས། “སྦྱིར་བཏང་དུས་འཁོར་དབང་ཆེན་ཐེངས་༣༣ པའི་སྦྱིན་བདག་གཙོ་བོ་ལ་དྭགས་ནང་ཚོགས་དང་ལ་དྭགས་དགོན་ཚོགས། ཀོང་པོ་གཞིས་བྱེས། ཇོ་ནང་ཆོས་རྒྱུད་བཅས་༤ ཡོད། ལ་དྭགས་ནང་ཚོགས་དང་ལ་དྭགས་དགོན་ཚོགས་ལྟ་བུར་མཚོན་ན། དངུལ་མེད་ཀྱང་མང་ཚོགས་ཀྱི་རྒྱབ་སྐྱོར་ཡོད་པ་རེད། ང་ཚོ་ལ་དྭགས་ནང་ཚོགས་དང་དགོན་ཚོགས་གཉིས་ལ་དངུལ་མེད་པའི་དབང་གིས་འགྲོ་སོང་ག་ཚོད་སོང་ཡང་། མི་མང་ལ་ཞལ་འདེབས་བསྡུ་རུབ་བྱས་ཏེ་འགྲོ་སོང་གཏོང་ཐུབ་པར་བྱེད་ཀྱི་ཡིན་ཟེར་བ་ང་ཚོའི་འཆར་གཞི་དང་པོ་ཡིན་སྟབས། ན་ནིང་ཕྱི་ཟླ་༡༠ ནས་ང་ཚོས་ཞལ་འདེབས་སློང་མགོ་བཙུགས་ཏེ། ད་ལོའི་ཕྱི་ཟླ་༣ པའི་ནང་དངུལ་གྱི་འགྲོ་སོང་དང་ཡོང་སྒོ་ག་ཚོད་ཡོད་མེད་ཀྱི་རྩིས་རྒྱག་སྐབས་འགྲོ་སོང་ཆེན་པོ་འདུག
རྗེས་སུ་ང་ཚོས་མ་དངུལ་བསྡུ་རུབ་ཚོགས་ཆུང་ཞིག་བཙུགས་ནས་མི་ཚང་སྟོབས་འབྱོར་ཡོད་མཁན་ཁྲོད་མི་གཅིག་གིས་ཞབས་འདེབས་ཧིན་སྒོར་འབུམ་༡ ཕུལ་མཁན་ལ་དུས་དབང་སྦྱིན་བདག་གི་མིང་དང་བཞུགས་ས་སྤྲོད་རྒྱུ་བཟོས་པ་རེད། ༸གོང་ས་མཆོག་ལ་མཇལ་ཁ་རག་མིན་གྱི་ཐོབ་ཐང་ང་ཚོར་མེད་པར་སྐུ་སྒེར་ཡིག་ཚང་དང་དུས་དབང་གོ་སྒྲིག་ཚོགས་ཆུང་བཅས་ལ་རག་ལས་ཡོད་པ་རེད། དུས་དབང་སྦྱིན་བདག་གི་མིང་དང་བཞུགས་ས་དང་པོ་དང་། མཇལ་ཁ་གཉིས་པ་རེད། མཇལ་ཁ་རག་ན་ཚང་མ་མཉམ་པོར་རག་གི་རེད། སྔོན་མ་ང་ཚོས་སྦྱིན་བདག་བྱེད་པར་ཧིན་སྒོར་འབུམ་ལྔ་དང་བཅུའི་ཚད་བཟོས་ཏེ། འབུམ་༥ ཕུལ་ན་མི་གསུམ་དང་། འབུམ་༡༠ ཕུལ་ན་མི་དྲུག་པ་བཟོས་པར་མི་སླེབ་ཀྱི་མི་འདུག རྗེས་སུ་འབུམ་༡ ཕུལ་ན་མི་གཅིག་དང་། འབུམ་༢ ཕུལ་ན་མི་གཉིས། འབུམ་༥ ཕུལ་ན་མི་གསུམ་བཅས་བཟོས་པ་རེད། ཉེ་བའི་ཆར་འབུམ་༡ གཅིག་ཕུལ་མཁན་གྱི་མི་༤༠ ལྷག་བྱུང་ཡོད། ད་ལྟ་ང་ཚོར་འགྲོ་སོང་གི་ཕྱོགས་ནས་སེམས་ཁྲལ་མེད།”ཅེས་བརྗོད་བྱུང་།
ཡང་གསར་འགོད་པས་དུས་དབང་སྡོད་གནས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ཕུན་ཚོགས་དོན་འགྲུབ་ཀུན་བཟང་ལགས་སུ། དུས་དབང་སྐབས་མགྲོན་ཁང་དང་ཁྱིམ་ཚང་གི་ཁང་པ་བཅས་ལ་བོགས་དངུལ་མང་པོ་ལེན་གྱི་ཡོད་པ་དེར་སྟངས་འཛིན་གནང་གི་ཡོད་མེད་དྲིས་པར་ཁོང་གིས། “ ང་ཚོ་རིན་གོང་སྟངས་འཛིན་ཚོགས་ཆུང་ (Rate Control Committee) གིས། དུས་དབང་སྐབས་གཞུང་ལ་ཐོ་འགོད་བྱས་པའི་ཁང་པ་དང་མགྲོན་ཁང་། ཟས་རིན་སོགས་གཏན་འབེབས་བྱས་ཏེ་ལྟ་རྟོག་བཀག་འགོག་བྱེད་ཀྱི་ཡོད། གཞུང་ལ་ཐོ་འགོད་མེད་རིགས་དང་མི་སྒེར་བཅས་ལ་རིན་པ་གཏན་འབེབས་བྱས་མེད། ཡིན་ནའང་། ང་ཚོས་ཁོང་ཚོར་འགྲིམ་འགྲུལ་ལས་ཁུངས་ཀྱིས་གཏན་འབེབས་བྱས་པའི་རིན་གོང་ལྟར་ཁང་གླ་སོགས་ལེན་དགོས་པའི་འབོད་སྐུལ་བྱས་ཡོད། གལ་སྲིད། ང་ཚོར་རིན་གོང་ཆེན་པོ་ལེན་གྱི་འདུག་ཅེས་བརྡ་ལན་སྤྲོད་མཁན་བྱུང་ན། ང་ཚོས་ཐག་གཅོད་གནང་གི་ཡོད། ཅེས་བརྗོད་བྱུང་།
སྡོད་གུར་སྣེ་ལེན་འགན་འཛིན་རིན་ཆེན་ལགས་སུ། གོ་སྒྲིག་ཚོགས་ཆུང་གིས་ད་ཆར་གྲ་སྒྲིག་བྱས་ཡོད་པའི་སྡོད་གུར་ ༥༣༠ ནང་གི་གུར་ ༡༣༢ མ་གཏོགས་མི་སྡོད་མཁན་མེད་པའི་རྒྱུ་མཚན་གང་ཡིན་དྲིས་པར། ཁོང་གིས་ཆོས་ཞུ་བ་མང་པོས་དྲ་ལམ་བརྒྱུད་སྡོད་གུར་ཐོ་འགོད་བྱས་ཡོད་སྟབས། དུས་དབང་མགོ་འཛུགས་མ་བྱས་སྔོན་ལ་སྡོད་གུར་ཚང་མའི་ནང་ཆོས་ཞུ་བས་ཁེངས་འགྲོ་ངེས་རེད། ཅེས་བརྗོད་བྱུང་།
མཇུག་ཏུ་གསར་འགོད་པས་ཧི་མ་ཅལ་མངའ་སྡེའི་པུ་རུ་ཝ་ལ་གཞིས་ཆགས་ནས་ཡོང་བའི་ཆོས་ཞུ་བ་སྤོ་བོ་དབང་ལེགས་ལགས་སུ། སྡོད་གནས་ཀྱི་མཐུན་རྐྱེན་གང་འདྲ་ཡིིན་མིན་དྲིས་པར་ཁོང་གིས་ཆུ་དང་གློག་ཚང་མ་ཡག་པོ་འདུག ནངས་དགོང་མ་གཏོགས་ཉིན་དཀར་ཚ་བ་ཆེན་པོ་འདུག ཕྱི་དྲོའི་ཆུ་ཚོད་ ༣ ནས་ ༦ བར་རླུང་གཡུག་ཏེ་ཐལ་རྡུལ་མང་པོ་ཡོང་གི་འདུག ཅེས་བརྗོད་བྱུང་།
ཧི་མ་ཅལ་མངའ་སྡེའི་སྦིར་གཞིས་ཆགས་ཡོང་བའི་ལྷག་པ་ཚེ་རིང་ལགས་ཀྱིས། སྡོད་གནས་ཀྱི་ཆུ་དང་གློག གསང་སྤྱོད་བཅས་ཀྱི་མཐུན་རྐྱེན་ཡག་པོ་འདུག སྡོད་གུར་འགྱིག་ཡིན་སྟབས། ཉིན་གུང་ཚ་བ་ཆེན་པོ་འདུག ཕྱི་དྲོར་རླུང་གཡུག་ཚེ་ཐལ་རྡུལ་མང་པོ་ཡོང་གི་འདུག ཅེས་བརྗོད་བྱུང་།
གསར་འགོད་པ་ལྷ་སྐྱབས་རྒྱལ་གྱིས་ལ་དྭགས་རྒྱལ་ས་སླེ་ནས།
༼ཡོང་ཁུངས། བོད་ཀྱི་དུས་བབ།༽
—-ཉེ་ལམ་དུས་བབ་གསར་ཁང་གིས་དུས་དབང་དབང་གོ་སྒྲིག་ཚོགས་ཆུང་ལ་དུས་དབང་གོ་སྒྲིག་གི་སྐོར་ལ་བཅར་འདྲི་ཞུས་སྐབས། གོ་སྒྲིག་ཚོགས་ཆུང་གིས་གསུང་ཆོས་རྭ་བའི་བརྒྱ་ཆ་ ༩༠ འགྲུབ་ཡོད་སྐོར་བརྗོད་ཡོད་ཀྱང་། ད་ཆར་གསུང་ཆོས་རྭ་བའི་ཀླད་ཀྱི་གུར་བརྒྱ་ཆ་ ༤༠ ཙམ་ལས་གཡོག་ཚར་མི་འདུག་ལ། གཟུགས་མཐོང་བརྙན་འཕྲིན་དང་སྒྲ་སྒམ། ཆོས་ཞུ་བར་གདན་སོགས་ཀྱང་གྲ་སྒྲིག་ཚར་མི་འདུག—–
___ད་དུང་རིན་མེད་ཐོག་གོ་སྒྲིག་ཞུས་པའི་ཆོས་ཞུ་བའི་སྡོད་གུར་ ༡༠༠༠ ཙམ་རྒྱག་འཆར་ཡོད་པ་ལས་སྡོད་གུར་ ༥༣༠ ལྷག་བརྒྱབ་ཚར་ཏེ་གློག་དང་ཆུ། གསང་སྤྱོད་བཅས་ཀྱི་མཐུན་རྐྱེན་བསྐྲུན་འདུག་མོད། ད་དུང་སྡོད་གུར་ ༤༠༠ ཙམ་གྲ་སྒྲིག་ཞུ་རྒྱུ་ལྷག་བསྡད་འདུག____
____ཉེ་ལམ་ཞིག་ནས་སྤྱི་ཚོགས་ནང་ལ་དྭགས་ནང་པའི་ལྷན་ཚོགས་ཀྱིས་ལ་དྭགས་པ་ཚོས་ཧིན་སྒོར་འབུམ་ ༡ སྤྲད་ཚེ། མི་གཅིག་ལ་དམིགས་བསལ་མཇལ་ཁ་གོ་སྒྲིག་གནང་རྒྱུ་དང་། འབུམ་ལྔ་སྤྲད་ཚེ་ནང་མི་ཚང་མར་དམིགས་བསལ་མཇལ་ཁ་རག་པའི་སྐད་ཆ་ཞིག་ཁྱབ་བཞིན་ཡོད་པ་དེ་བདེན་པ་ཡིན་མིན་དྲིས་པར____
____མི་མང་ལ་ཞལ་འདེབས་བསྡུ་རུབ་བྱས་ཏེ་འགྲོ་སོང་གཏོང་ཐུབ་པར་བྱེད་ཀྱི་ཡིན་ཟེར་བ་ང་ཚོའི་འཆར་གཞི་དང་པོ་ཡིན་སྟབས། ན་ནིང་ཕྱི་ཟླ་༡༠ ནས་ང་ཚོས་ཞལ་འདེབས་སློང་མགོ་བཙུགས་ཏེ། ད་ལོའི་ཕྱི་ཟླ་༣ པའི་ནང་དངུལ་གྱི་འགྲོ་སོང་དང་ཡོང་སྒོ་ག་ཚོད་ཡོད་མེད་ཀྱི་རྩིས་རྒྱག་སྐབས་འགྲོ་སོང་ཆེན་པོ་འདུག_____
མི་གཅིག་འབུམ་གཅིག་ཕུལ་མཁན་༤༠ ད་ང་ཚོར་སེམས་ཁྲལ་མེད་ཟེར། མི་མང་ལ་ཁྲལ་བཀལ་བ་རང་རེད། དགོན་པ་སྟོབས་ནག་དེ་ལ་དངུལ་དངོས་དེ་འདྲ་ཞིག་མེད་ཟེར་ན་སུས་ཡིད་ཆེས་བྱེད།
ད་ག་རེ་བྱུང་ན་ག་རེ་བྱུང་། ༧རྒྱལ་བའི་སྐུ་གཟིགས་ལ་བདག་སྲུང་བཙན་པོ་ཡོད་ན། ཆོས་ཞུ་བ་ཚོ་ས་ནས་ཉལ་དགོས་ན་འདྲ། རྡུལ་ནང་ནས་སྒུར་དགོས་ན་འདྲ། དད་སེམས་ཆེན་པོས་སྡུག་སྒོང་རྒྱག་ཡ་ལས་འདེམས་བྱ་ལྷག་ཡོད་པ་མ་རེད། ཡིན་ན་ཡང་། རྒྱུ་དང་ནོམ་པ་མེད་ན། དུས་དབང་མི་ཐོབ་པ་འདྲ་བའི་འཁོར་ཡུག་བཟོས་ན། སྣེ་ལེན་མི་སྣ་ཚོ་ཚང་མ་དམྱལ་བར་འགྲོ་རྒྱུ་ལས། ལམ་གཞན་ཡོད་ཡ་ཡོང་མི་སྲིད་པ་ཞིག་རེད། བྱས་ཙང་། རྒྱུ་ཡི་ངོ་བོ་མི་བསྒྱུར་བར། ཆོས་ཀྱི་ངོ་བོ་རང་ལ་བསྒྱུར་ཨེ་ཐུབ་གཏོང་རོགས་ཞུ་ཞུ་ཞུས་སོ།
རྒྱུ་ཡི་ངོ་བོར་མི་བསྒྱུར་བར། ལ་བཅོས་སོ།
གོང་དུ་གནམ་ལགས་ཀྱིས་བཤད་པ་བདེན་པ་རེད། གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་དག་གིས་འདས་པའི་ལོ་ངོ་གཅིག་གི་རིང་ལས་ཀ་ཚགས་ཚུད་པོ་ཅི་ཡང་མ་ལས་པར་རང་རང་ས་ན་གསལ་བསྒྲགས་སྟོང་བ་སྤེལ་རེས་བྱས་ནས་བསྡད་ཡོད། དོན་དངོས་སུ་ཁོང་ཚོ་ནི་གསུང་ཆོས་གོ་སྒྲིག་ཞུ་མཁན་མིན་པར་དཔལ་འབྱོར་འདུ་འགོད་བྱེད་མཁན་རྐྱང་རེད།