རྔ་རྒོད།
ཐེངས་དང་བོའི་བོད་རིགས་འདྲེས་མའི་ཚོགས་འདུ་ལས་འཕྲོས་ཏེ་རང་གི་བསམ་ཚུལ་ཙམ་ཞིག་བརྗོད་ན།
ཉིན་གཉིས་རིང་དུ་དབྱིན་ཡུལ་ནས་འཚོགས་པའི་བོད་རིགས་འདྲེས་མའི་ཆབ་སྲིད་ཚོགས་འདུ་དང་དེའི་ནང་དོན་སྐོར་ཅིག་འདིར་བསྙད་ན། འདི་ནི་ཆབ་སྲིད་མདུན་བསྐྱོད་ཀྱི་བསམ་བློ་རྣམ་དག་ཅིག་ལས། ཁ་ཤས་ཀྱིས་བཤད་ཡམས་ལྟར། མི་འོས་པའི་ནང་ཁུལ་མི་རིགས་དབྱེན་འབྱེད་ཀྱི་བསམ་སྦྱོར་ངན་པ་ཞིག་འདིར་གཏན་ནས་མི་འདུག རྒྱུ་མཚན། སྲས་མོ་པདྨ་ཡོའུ་ཁོ་དང་བཀྲས་མཐོང་ལྷ་སྒྲོན་གཙོས་གཞན་པ་ཚང་མ་ནུབ་ཕྱོགས་འདི་ནས་འཚར་ལོངས་བྱུང་ཡོད་སྟབས། ཁོང་ཚོ་ང་ཚོ་དང་བསྡུར་ན། མི་རིགས་དབྱེ་འབྱེད་དང་། ཆོས་ལུགས་ཕྱོགས་རིས་དང་། ཆོལ་ཁའི་འཐེན་འཁྱེར་སོགས་དེ་ཙམ་མེད་པས་སོོ།།
གསར་བསྒྲགས་འདིའི་རྒྱབ་ལྗོངས་དང་རྒྱུ་མཚན་ནི། བོད་དོན་དྲིལ་བསྒྲིགས་བྱེད་པ་ལ་དཔལ་འབྱོར་འདི་མེད་དུ་མི་རུང་བ་ཞིག་ཡིན་སྟབས། ཁོང་ཚོ་དང་ལོན་ཏྲོན་བོད་ཀྱི་ཐེབས་རྩ་ཁང་གཉིས་མཉམ་རུབ་བྱས་ཏེ་རྡོག་རྩ་གཅིག་སྒྲིལ་ཐོག་ནས་དོན་དངོས་ལ་རང་གཞན་གཉིས་ཀྱི་ཆེད་དུ་སྒོ་མོ་ཞིག་འཚོལ་གྱིན་ཡོད་པས། ཁོ་བོས་དེ་ལ་སྐྱོན་ཞིག་ཡོད་པར་མ་མཐོང་ངོ་།།
དམིགས་བསལ་དུ་ཁོང་ཚོའི་བརྗོད་གཞི་གཉིས་ཡོད་པ་ལས་གཅིག་ནི་བོད་རིགས་དང་ཁོང་ཚོའི་བར་ན་འབྲེལ་ལམ་སྔར་ལས་གཏིང་ཇེ་ཟབ་ཏུ་གཏོང་དགོས་རབས་དང་། གཞན་པ་དེ་ཁོང་ཚོས་བོད་ཀྱི་སྐད་ཡིག་གཙོས་རིག་གནས་གཞན་པ་དག་མི་ཉམས་རྒྱུན་འཛིན་བྱ་རྒྱ་ཡིན་ཟེར་བའི་སྐད་ཆ་སྙན་མོའི་སྙན་ངག་དེ་རེད། དེའི་ཕྱིར། བརྗོད་བྱ་དང་བོ་དེ་དོན་དངོས་ཡིན་ཏེ་ཁོང་ཚོ་དང་འབྲེལ་བའང་ཡོད། འོན་ཀྱང་ཕྱི་མ་དེ་ཁོང་ཚོའི་ལས་ངག་ཡིད་གསུམ་དང་ཉིན་རེའི་འགྲོ་འདུག་སྤྱོད་གསུམ་གང་ལ་བེད་སྤྱོད་དང་འབྲེལ་བ་མེད་པས། དེ་ནི་ཧ་ཅང་ཁག་པོ་རེད། འོན་ཀྱང་དེ་མི་སྲིད་པ་ཞིག་མ་རེད། དཔེར་ན་མི་རིགས་མི་འདྲ་བ་གཉིས་བསྡེབས་ཏེ་བོད་གངས་ཅན་འདི་ལ་ཕྱག་རྗེས་གནང་མཁན་ཞིག་ཁྱེད་ཅག་གིས་དངོས་ནས་ཉམས་ལེན་དང་སྐྱེས་བུ་དམ་པ་དེ་ཤེས་པར་འདོད་ན་ཡུམ་རྒྱ་བཟའ་ལྷ་མོ་ཐར་དང་ཡབ་བློ་བཟང་བཀྲ་ཤིས་རྣམ་གཉིས་ཀྱི་སྲས་སྟེ་ངེས་པ་དོན་གྱི་མཁས་པའི་དབང་བོ་༧རྗེ་ཨ་ལག་ཚེ་ཏན་ཞབས་དྲུང་ཚང་གི་རྣམ་ཐར་ལ་གཟིགས་དང་དེ་ན་ཁ་དོན་མཚུངས་པའི་རླབས་ཆེན་གྱི་ལོ་རྒྱུས་དང་རིན་ཐང་བྲལ་བའི་ཕྱག་རྗེས་དངོས་སུ་མཇལ་རྒྱུ་ཡོད་དོ།།
སྐབས་དོན་གཙོ་བོར་ཕྱི་སྡོད་བོད་རིགས་དང་ནུབ་ཕྱོགས་པ་ཚོའི་བར་གྱི་གཉེན་སྒྲིག་གི་སྐོར་ཅིག་འདིར་གླེང་འདོད་བྱུང་། ཐོག་མར་རང་དབང་གི་བརྩེ་དུང་གི་སྐོར་ལས་འཕྲོས་ཏེ་བཤད་ན། སྤྱིར་ན་མིའི་རང་དབང་གི་བརྩེ་དུང་འདི་དང་འགྲོ་བ་མིའི་ཐོབ་ཐང་ལ་སྒྲ་སྤྱི་ཙམ་གྱི་གོ་བ་ལེན་ཐུབ་མཁན་དང་དེ་འདྲའི་རིས་མེད་བརྩེ་དུང་ལ་འཐད་མོས་བྱེད་མཁན་ཞིག་ཡིན་ན། རིས་མེད་གཉན་སྒྲིག་འདི་ལ་སྐྱོན་བརྗོད་བྱ་མི་འོས་ཏེ། དེ་འགོག་པའི་ཐབས་ཤེས་སམ་གཏན་ཚིགས་ཡང་དག་ཅིག་མེད་པས་སོ།།
འོན་ཀྱང་ང་ཚོ་བོད་མི་རིགས་འདི་ཧ་ཅང་གྲངས་ཀ་ཉུང་བས་རང་གི་རིགས་ལ་དུངས་ཤིང་དེ་ལ་ཆགས་ཞེན་ཆེན་པོ་ཡོད། དེ་ཡོད་ཀྱང་དགོས་པ་ཞིག་རེད་མོད། དེ་ལ་ཚད་ཅིག་ངེས་པར་དགོས་སྙམ་མོ།།
སྤྱིར་ན་འཛམ་གླིང་གི་མི་རིགས་ཉུང་ཉུང་ཚོ་དང་ཡང་ན་ཆོས་རྒྱུད་ཆུང་ཆུང་ཚོར་རང་གི་ཚོད་ལས་བརྒལ་བའི་ཞེན་ཾཁོག་དང་ཕྱོགས་རེས་ཧ་ཅང་ཆེན་པོ་རེད། དེ་ལ་རྒྱུ་མཚན་ཡོད་དེ། མི་རིགས་ཆེན་པོ་དང་ཆོས་རྒྱུད་ཆེན་པོ་ཚོས་རང་བཞིན་གྱིས་ཉམ་ཆུང་གི་མི་རིགས་ཆུང་བ་དང་ཆོས་རྒྱུད་ཆུང་ཁག་དག་མེད་པར་བཟོ་འགྲོ་བའི་ངང་ཚུལ་དང་ཕ་རོལ་གཞན་པའི་བསམ་བློ་ལ་ཕྱོགས་ཞེན་ཆེ་དྲགས་པ་སོགས་རྐྱེན་བྱས་ཏེ་བྱུང་བ་ཞིག་རེད།
གང་ལྟར་ང་ཚོ་ཕྱི་སྡོད་བོད་རིགས་ཆེས་ཉུང་རུང་། ཕྱི་རྒྱལ་ཚོ་ལ་གཉེན་སྒྲིག་བྱེད་མཁན་མང་ནས་མང་དུ་འགྲོ་བཞིན་ཡོད་པས། བཙན་བྱོལ་གཞུང་དམངས་གཉིས་ཀྱིས་འདིའི་སྐོར་ལ་སེམས་འཁྲུལ་ཞིག་བྱེད་ཀྱིན་ཡོད་པ་འདྲ། འོན་ཀྱང་ས་དང་འཚོ་བ་རྒྱ་གར་དང་ནུབ་ཕྱོགས་ལ་བརྟེན་བཞིན་པའི་རང་དབང་རྩོད་ལེན་པ་ངེད་ཚོས་འདིའི་སྐོར་ལ་དགག་པ་ཅི་ལྟར་གཏོང་། འོན་ཏེ་བོད་པ་དང་ཕྱི་རྒྱལ་གཉེན་སྒྲིག་བྱས་པ་མང་མོད་ཀྱང་། དོན་དངོས་ལ་འདིའི་ནང་ནས་བརྒྱ་ཆ་༧༠ བཟའ་ཚང་ཁ་འཐོར་དུ་འགྲོ་བཞིན་ཡོད། བྱས་ཙང། འདིར་རང་གཞན་གཉིས་ཀའི་ཐོག་ན་སྐྱོན་ཞིག་ཡོད། ང་ཚོ་བོད་པ་ཕལ་མོ་ཆེས་ཐོག་མ་ཀུན་སློང་ངན་པའི་བརྩེ་དུང་རྫུན་མ་ཞིག་གིས་ཕྱི་རྒྱལ་བ་ཚོར་མགོ་བསྐོར་བྱས་ཏེ་ཐ་མར་ཁོང་ཚོར་བསླུས་པ་དེའོ།།
འོན་ཀྱང་བོད་པ་ཆེས་ཉུང་ངུ་ཞིག་ལ་ཐོག་མ་གཉེན་སྒྲིག་འདི་ལ་ཀུན་སློང་གཙང་མ་ཡོད་ཀྱང་ཕྱིས་སུ་གོམས་གཤིས་མ་མཐུན་པ་དང་རྐྱེན་ངན་གཞན་འཕྲད་པས། བཟའ་ཚང་ཁ་འཐོར་བྱུང་བའང་ཡོད། དེ་ནི་ང་ཚོས་ཀྱང་ཕྱི་རྒྱལ་བའི་དམིགས་ཡུལ་དང་གོམས་གཤིས་སོགས་ཀྱི་གནད་དོན་ལ་བརྟགས་པ་སྔོན་དུ་མ་སོང་བའི་སྐྱོན་རེད།
གཞན་ཕྱི་རྒྱལ་ཚོས་ཀྱང་བོད་སྤྱི་བའི་གནས་ཚུལ་དེ་མ་ཤེས་པར་རྒྱུ་འབྲས་བསྟན་པའི་ནང་བསྟན་དང་བླ་མའི་བཀའ་སློབ་ཙམ་ལ་ཡིད་ཆེས་ཏེ་བོད་པའི་ནང་ལོག་ལ་ཚོད་དཔག་བྱས་པ་དེ་ཁོང་ཚོའི་ནོར་འཁྲུལ་ཞིག་རེད། གང་ལྟར་རང་གཞན་ཚང་མས་ཐོག་མར་ཕན་ཚུན་གྱི་སྐོར་ལ་བརྟག་རྒྱུ་ནི་ཧ་ཅང་གལ་ཆེའོ།།
བརྗོད་དོན་གོང་དང་འབྲེལ་མིན་གང་ལྟར། སྐྱ་སེར་ཚོས་ཀྱང་ཕན་ཚུན་ལ་ཚོད་དཔག་ཙམ་གྱིས་གཏན་ནས་མི་འགྲིག་པར་ནང་ཁུལ་དངོས་དེ་ལ་ཡག་པོར་བརྟག་ན་དགེ་མཚན་ཧ་ཅང་མང་ངོ་།། འོན་ཀྱང་བཤད་ཡམས་ཤིག་ལ་བོད་པའི་གཟུགས་མཛེས་ཤིང་ཆགས་རྩལ་ལ་མཁས་པའི་རྒྱུ་མཚན་དེས། ཕྱི་རྒྱལ་དག་བོད་པའི་ཕོ་སར་དང་མོ་སར་ལ་དགའ་བ་རེད་ཅེས་རྩོམ་ཐུང་ཁ་ཤས་མཐོང་མྱོང་བར་མ་ཟད་འདི་འདྲ་ཤོད་མཁན་རེ་གཉིས་ལ་ཐུག་ཀྱང་མྱོངས། འོན་ཀྱང་དེ་ནི་རང་སེམས་སྐྱིད་པའི་སྙན་ངག་ཙམ་ལས་དཔྱད་འོས་པའི་ཚད་ལྡན་རྩོམ་ཡིག་ཅིག་མ་རེད་དོ།།
མཚམས་འདི་ནས་ཆུང་མ་ཕྱི་རྒྱལ་བ་ཁྱོ་ཀ་བོད་རིགས་བུ་རྒྱུད་བོད་རིགས་འདྲེས་མའི་ཁྱིམ་ཚང་ངེད་ཚང་ལ་སྦྱར་ནས་སྐད་ཆ་འགའ་བཤད་འདོད་བྱུང་། ངའི་ཆུང་མ་འདི་མ་འདེམས་སྔོན་དུ་ང་ལ་དགའ་རོགས་ཨ་རིའི་བུད་མེད་འཇན་ནེ་དང་སི་པན་གྱི་རོ་ནེས་དང་ཧོ་ལན་གྱི་ཁ་སི་ཐྲིན་དང་འཇའ་པན་གྱི་ཧོ་ཁེ་བོད་པའི་ལྷ་མོ་སྒྲོལ་དང་ད་ལྟའི་དབྱིན་ཀོའི་བཟའ་ཟླ་ཇོ་ལེས་སོགས་ལ་ལུས་འབྲེལ་བྱས་ཡོད་མོད། མཐར་རང་གི་བསམ་གཞིག་བྱས་ཏེ་རང་གི་ཆུང་མ་ཇོ་ལེས་འདི་བདམས་པ་ཡིན། འོན་ཏེ་ཨ་རིའི་འཇན་ནེ་སོགས་ལ་སྔར་བཞིན་ལས་འབྲེལ་མེད་ཀྱང་འབྲེལ་ལམ་ད་དུང་ཡོད། དེ་ནི་ཕན་ཚུན་ལ་སྔོན་མ་རྫུན་མ་བཤད་པའི་འབྲས་བུ་ཁོ་ན་རེད།
གང་ལྟར་གཉེན་སྒྲིག་མ་བྱས་སྔོན་ཏུ་ང་ཚོས་ཤེས་དགོས་པའི་གནད་དོན་གསུམ་འདིར་ཁོ་བོའི་སྐད་ཆ་རྙིང་བ་ཞིག་འདིར་དྲངས་ན། ༼དང་བོ། རང་གཞན་བར་གྱི་ཕྱིའི་རྣམ་པ་དེ་སོ་སོའི་སྣང་བར་འགྲོ་བ། གཉིས་པ། ཕན་ཚུན་བར་གྱི་གོམས་གཤིས་དང་ལྟ་བ་ལ་གཉིས་ཀྱིས་བརྩི་བཀུར་དང་ཁས་ལེན་ཡོད་པ། གསུམ་པ། གལ་ཆེན་ནང་གི་དོན་ཆེན་ནི་ཕན་ཚུན་འཁྲིག་སྤྱོད་དེས་རང་གཞན་གཉིས་ཀར་ཡིད་ཚིམ་ཞིང་འདོད་པ་ཁེངས་པ་ཞིག་དགོས། ད་དུང་དེའི་ཐོག་སྐྱིད་སྡུག་མཉམ་འཁུར་གྱི་འདུ་ཤེས། བརྩི་བཀུར་འདྲ་མཉམ་གྱི་སྤྱོད་པ། ཕན་ཚུན་ཡིད་ཆེས་ཀྱི་དང་བ་བརྟན་པོ་བཅས་འཛོམས་ན། གཅེས་པའི་སྲོག་ལ་བབས་ཀྱང་ཕན་ཚུན་བསླུ་མི་སྲིད་པའི་དགེ་མཚན་ཧ་ཅང་མང་བོ་ཡོད།༽ ད་རུང་དེའི་ཐོག་རང་གི་མ་འོངས་པའི་རྒྱུད་པ་དེའི་སྐོར་ལ་བསམ་གཞིག་ཅིག་བཏང་བ་ཡིན།
ངེད་ཅག་ཚང་མའི་འདོད་པ་ནི་རང་གི་རྒྱུད་པ་དེ་རང་ལས་མཛེས་པ་ཞིག་དང་། རང་ལས་མཁས་པ་ཞིག་འདོད་པ་དེའོ།། དེའི་ཕྱིར། ངའི་འདོད་པ་དང་བོ་དེ་ལེགས་འགྲུབ་བྱུང་འདུག དེ་ངས་མཐོང་བ་མངོན་སུམ་ཚད་མའི་རྗེས་སུ་སྙེགས་པ་ཡིན། ངའི་འདོད་པ་གཉིས་པ་དེ་ཚན་རིག་ལ་བསྟུན་ཡོད་མོད། དེ་ནི་ད་དུང་དཔྱད་གཞིའི་ཡུལ་དུ་ལྷག་འདུག
སྤྱིར་ན་ཚན་རིག་པས་ཀྱང་བརྗོད་བྱ་དེ་ལ་བརྟགས་ཏེ་རྒྱུ་མཚན་མ་རྙེད་ན་ཚོད་དཔག་དང་རྫུན་འཇོག་གི་རེད། དཔེར་ན་བུ་མོ་ཞིག སྐྱེས་པ་དེ་ཕ་མའི་གཟུགས་མཛེས་པས་བཤད་ཚུལ་སོགས་རེད། འོན་ཀྱང་མི་རིགས་འདྲེས་མའི་བྱིས་པ་དེ་གཞན་དང་བསྡུར་ན་མཁས་ཚུལ་བཤད་པ་འདི་ལ་རྒྱུ་མཚན་ཞིག་འདུག་སྟེ། གལ་སྲིད་གོམས་གཤིས་མི་འདྲ་པའི་རིག་གཞུང་གཉིས་པོ་དེ་ཟུང་དུ་འབྲེལ་ཞིང་དེ་ལ་སྙིགས་དོར་འབྱེད་མཁན་ཞིག་བྱུང་ན་ཡ་མཚན་ལོས་ཡོད་འདོད། སྤྱིར་ན་གུས་པར་བུ་གཅིག་དང་བུ་མོ་གཅིག་ཡོད་ན་བསམ་ཡོད། འོན་ཀྱང་བུ་འདི་སྐྱེས་པ་ནས་རང་གི་སྔོན་མའི་བསམ་བློ་ལ་འགྱུར་བ་ཞིག་ཐེབས་སོང་། རྒྱུ་མཚན། བུ་གཅིག་པོའི་ལས་ལྷག་པ་གཞན་པ་ཞིག་གི་མ་འོངས་པའི་མདུན་ལམ་ཆ་ཚང་ལ་བལྟ་ཐུབ་པའི་བསམ་བློ་དང་ནུས་པ་རང་སྟེང་ན་མེད་པས་སོ།།
གཞན་ངའི་བུ་འདིའི་མིང་དེ་འདོགས་སྟངས་ནི་ཡོངས་གྲགས་ཀྱི་བོད་ལུགས་དང་མི་མཐུན་ཏེ། བུ་མ་སྐྱེས་གོང་ནས་མིང་དེ་བཏགས་པ་དང་། དེ་ཡང་མཚན་གི་གཙོ་བོས་དགེ་ལུགས་པར་མཚོན་དོན་བསྟན་འཛིན་དང་། མཚན་གི་གཙོ་བས་རྙིང་མ་མཚོན་པར་པདྨའམ་རིག་འཛིན་དང་། དེ་བཞིན། ཀ་རྨ་དང་ཀུན་དགའ་གཡུང་དྲུང་སོགས་གང་ཡང་མིང་གི་གཙོ་བོར་མ་བསྙད་པར། རང་ཐག་རང་གིས་བཅད་དེ་རང་གི་བུའི་མིང་དེ་ལ་གཙོ་བོར་༼ལས་བསྐོས༽བཏགས་པ་ཡིན། མིང་ཕལ་བ་དེ་ལ་དབྱིན་སྐད་དུ་ Ray བོད་སྐད་དུ་གསེར་ཉ་ཞེས་པའི་དོན་ནོ།།
ལས་བསྐོས་ཞེས་པ་དེ་འདོགས་དགོས་པའི་རྒྱུ་མཚན། མིང་ལས་བསྐོས་དེ་ངའི་ཁྱིམ་ཚང་ལ་འབྲེལ་བ་ཤིན་ཏུ་ཡོད་པ་དང་བཀའ་བསྟན་ལ་ཡང་ཧ་ཅང་མཐུན་ཚབས་ཆེ་བ་དང་ཤར་ནུབ་གང་གི་ངག་ལ་འབོད་བདེ་བ་སོགས་ཀྱིས་བཏགས་པའོ།། སྤྱིར་ན། ཕྱིའི་རྐྱེན་ལ་བརྟེན་པའམ་གཞན་གྱི་ཆེ་བ་བརྗོད་པའི་ཕྱིར། བོད་མིང་ངམ་གཞན་མིང་འགའ་བྱུང་བ་འདིར་བརྗོད་ན། དཔེར་ན། སྒྲ་དོན་དེ་རྒྱ་གར་ལས་མཆེད་དེ་ཡིག་གཟུགས་དེ་རྒྱ་བོད་བསྡེབས་ཡོད་ཀྱང་གཙོ་བོར་བོད་རང་གི་ཡེ་གེར་བཀོད་པ་སམ་བྷོ་ཊ་ལྟ་བུ། ཡང་ན་སྒྲ་དོན་དེ་སོག་སྐད་ལས་བྱུང་མོད་བོད་སོག་ཡིག་གཟུགས་ལས་གཙོ་བོར་བོད་རང་གི་ཡིག་གཟུགས་སྟེང་དུ་བྲིས་པ་ཏཱ་ལའི་ལྟ་བུ། གཞན་པཎ་ཆེན་དང་པདྨ་ལྕང་སྐྱ་སོགས་རིགས་འདེད་བྱོས།
མཇུག་གི་གཏམ།
ངའི་སེམས་ནང་གི་ཐོག་མའི་བཟའ་ཚང་བར་གྱི་དམ་བཅའ་འདི་སྔོན་བྱོན་མཁས་པའི་དད་པ་དང་དམ་ཚིགས་དབང་གིས་”ཤི་ཡང་གཞན་དུ་བྱེད་པར་མི་འགྱུར་རོ”ཞེས་པ་དེ་འདྲ་མེད་མོད། མི་ཚེ་འདིའི་སྐྱིད་སྡུག་མཉམ་བཞེས་བྱ་འདུན་གྱི་བསམ་བློ་རྣམ་དག་ཅིག་ཡོད། ངེད་བཟའ་ཟླ་གཉིས་ཀྱིས་ཐོག་མ་ནས་རིག་གཞུང་དང་གོམས་གཤིས་མི་འདྲ་བའི་རྒྱབ་ལྗོངས་དང་དེའི་ནང་དོན་གཉིས་ལ་བརྟགས་ཡོད་སྟབས། འདི་ལ་ཁག་འཇོག་ས་ཞིག་ཁྱོན་ནས་མེད། དེའི་ཕྱིར། དབྱིན་ཡུལ་གྱི་༼མེས་པོ་ཚང་༽འདི་མཛའ་མཐུན་གྱི་ངང་ལ་སྔར་བཞིན་དུ་མཉམ་པོར་བསྐྱོད་རྒྱུ་ཐེ་ཚོམ་མེད།།
ཅེས་རྔ་རྒོད་ཀྱིས་༢༠༡༤/༦/༢༥ ལ་དབྱིན་ཡུལ་ནས།།
དཔྱད་རྩོམ་རེད་དམ། ཁྱོད་རང་གི་ལོ་རྒྱུས་བྲིས་པ་རེད། གང་ལྟར་གོ་རྒྱུ་གང་ཡང་མི་འདུག ད་དུང་དགེ་ལུགས་བསྟན་འཛིན། རྙིང་མའི་པདྨའམ་རིག་འཛིན་ཞེས་སོགས་རྒྱུ་མཚན་རྩ་ནས་མ་མཐོང་བའི་ཚིག་ཉོག་མང་དག་བྲིས་འདུག
རྣམ་པ་ཚོར་ཞུ་རྒྱུར། ཁ་པར་ནང་ནས་ངའི་དཔྱད་མ་གཏམ་འདིར་རང་གིས་རང་ལ་ཞུ་དག་ཐེངས་ཅིག་བྱས་མོད། ཡིག་ནོར་བྱུང་བ། དཔེར་ན་ཡི་གེ་ལ་ཡེ་གེ་བྲིས་པ་སོགས་ལ་དགོངས་འགལ་མེད་པར་ཞུ
ཚོགས་འདུ་དེ་འདྲ་ཞིག་ཚོགས་ཐུབ་པ་ཡག་པོ་རེད་ ཕྱེད་བོད་ཕྲུག་དེ་རྣམས་མང་ཆེ་བ་དིང་དུས་ཀྱི་ཤེས་ཡོན་ཆ་ཚང་ཡོད་པ་ཀྱང་ཀྱང་རེད་ ཁོང་ཚོར་དགོས་པ་ནི་བོད་སྐད་དང་བོད་ཡིག་རེད་ དེ་སྦྱོང་སའི་འཁོར་ཡུག་ཡག་པོ་ཞིག་བཟོ་ཐུབ་ན་དེ་ལས་ལྷག་པ་
ད་ལྟ་ཁོང་ཚོར་དགོས་མ་རེད་ དེ་མིན་པའི་བཀའ་སློབ་གང་ཡང་ཁོང་ཚོར་དགོས་མ་རེད་ལ་ ཁོང་ཚོས་ཉན་གྱི་ཡང་མ་རེད་
རྔ་རྒོད་འདི་ག་རེ་བཤད་ཀིན་ཡོད་པ་མགོ་ཚེས་མ་སོང་རྙོག་གཏམ་རང་རེད།
ཐུགས་རྗེ་ཆེ། ཁོང་རྣམས་ཀྱིས་བོད་ཀྱི་ཆོས་དང་རིགས་གཞུང་ལ་ཤ་ཞེན་དང་། མེས་པོ་དམ་པའི་རྗེས་བསྙེགས། དྭངས་བླང་གིས་འདི་ལྟར་ཚོགས་ཐུབ་པ་ཤིན་ཏུ་ལེགས། ཕྲན་གྱིས་འདི་ལ་(རིགས་འདྲེས་བོད་མི)འམ། ༼རིགས་འདུས་བོད༽ཞེས་བརྗོད་སྙིང་འདོད། ང་ཡང་འདི་དག་དང་གཅིག་མཚུངས་ཡིན། འདི་རིགས་ཀྱི་དཀའ་ངལ་ང་ལ་རྒྱུས་ཆེ། ཕྲན་རངཉིད་ལོ་མང་སྔོན་བོད་རིགས་ཀྱི་ཞེན་པ་ཁུར་ཏེ་འགྲོ་སྐབས། བཀའ་བློན་ཞིག་གིས་ཁྱིམ་རྒྱུད་ཀྱི་ལོ་རྒྱུས་དྲིས་པར་དྲང་པོས་ལན་བཏབ་པས། ཁྱོད་་བོད་པ་མ་རེད་ཅེས་ནན་གྱིས་དགག་པས་བོད་ཀྱི་གྲས་སུ་མི་ཚུད་པའི་བསམ་བློ་ཐོག་མར་སྐྱེས། བོད་ཀྱི་ཆོས་དང་རིག་གཞུང་མི་རིགས་ལ་དུང་ཞེན་ལྷོད་མ་མྱོང་ཡང་བོད་ཀྱི་མི་གྲལ་དུ་འཇུག་དཀའ་ཞིང་བོད་མི་འགའ་ཞིག་གིས་གཡོན་པོའི་མིག་གིས་ལྟ་བའི་ཚོར་བ་སྐྱེས། འདི་འདྲའི་རིགས་ལ་དུང་སེམས་དང་། སྐྱིད་སྡུག་མཉམ་ཁུར་གྱི་སེམས་ཤུགས་སྟེར་དགོས་པ་ཕྲན་གྱིས་ཉམས་མྱོང་ལགས།
ཕྱི་རྒྱལ་བ་དང་བོད་པའི་བར་དུ་བྱུང་བའི་མི་རབས་འདི་ཚོ་བོད་ཡིན་དང་མིན་ཟེར་བ་དེ་བོད་མིས་དང་ལེན་ག་ཚོད་ཅིག་བྱེད་དང་མི་བྱེད་ལ་རག་ལས་པ་རེད། ང་ཚོས་དང་ལེན་བྱས་ན་ཁོང་ཚོ་བོད་མིར་འགྱུར་རྒྱུ་རེད། ང་ཚོས་གུ་དོག་བྱས། ཕྲག་དོག་བྱས། ཕྱོགས་རིས་བྱས་ནས་འདི་ཚོ་བོད་མི་མ་རེད། བོད་མི་གཙང་མ་གཙང་རྐྱང་ཟེར་བ་ཧ་ལས་པ་ཞིག་ལོགས་སུ་ཡོད་དགོས་མདོག་མདོག་བྱས་བསྡད་ན་བོད་མི་ཕྱེད་ཀ་ཡིན་པ་ཚོ་བོད་མིར་འགྱུར་རྒྱུ་ཕར་ཞོག ཆ་ཚང་བོད་མི་ཡིན་པ་ཡང་མང་པོ་ཞིག་གིས་བོད་མི་ཡིན་ལབ་མི་འདོད་པར་འགྱུར་རྒྱུ་རེད།
མ་གཞི་ནས་བོད་མིས་ཕྱི་མི་དང་གཉེན་སྒྲིག་བཟའ་སྡེབས་བྱས་ན་བོད་ཀྱི་མི་འབོར་འཕེལ་རྒྱས་ལ་གནོད་ཟེར་བའི་སེམས་ཁྲལ་དེ་མི་དགོས་པ་ཞིག་རེད། བོད་ཀྱི་མི་འབོར་ཆེན་པོ་རེད། ས་ཡ་དྲུག་ཡོད་ཡོད་ཟེར་གྱིན་ཡོད་རེད། མི་གྲངས་འཕེལ་བ་དང་མི་རིགས་འཕེལ་རྒྱས་ཟེར་བ་དེ་ལོགས་ཁ་རེད། མི་འབོར་འཕེལ་བ་དེ་སྤངས་བྱ་རེད། མི་རིགས་འཕེལ་རྒྱས་དེ་བླང་བྱ་རེད། མི་རིགས་འཕེལ་རྒྱས་ཟེར་བ་དེ་ཕྲུ་གུ་མང་པོ་ཞིག་སྐྱེས་དགོས་པའི་དོན་མ་རེད། ང་ཚོར་དགོས་པ་ངོ་མ་དེ་ད་ཡོད་བོད་མིའི་གྲངས་འབོར་འདི་ཙམ་དེ་མི་སྤུས་ཀ་ཅན། མི་འཇོན་ཐང་ཅན། མི་ཤེས་ཡོན་ཅན་གསོ་སྐྱོང་བྱེད་དགོས་པ་དེ་རྩ་བའི་གནད་འགག་རེད།
བོད་མིའི་ཕྱི་མི་གཞན་དང་བཟའ་སྒྲིག་གཉེན་བསྡེབས་པའི་བར་དུ་བྱུང་བའི་མི་རབས་འདི་ཚོར་ང་ཚོ་རང་ངོས་ནས་བོད་མི་ཞེས་འབོད་དགོས་པ་གལ་ཆེན་པོ་རེད། ང་ཚོས་དང་ལེན་བྱས་ན་ཁོང་ཚོ་རང་བཞིན་གྱིས་ང་ཚོའི་ཕྱོགས་སུ་ཡོང་གི་རེད། སྤྱི་འཐུས་དང་ལས་སྣེ་སོགས་སུ་ཁོང་ཚོ་སླེབས་ཐབས་བྱེད་དགོས་པ་རེད། ཡར་རྒྱས་སྔོན་ཐོན་ཅན་གྱི་སྤྱི་ཚོགས་ཚོའི་དབུ་ཁྲིད། ལས་སྣེ། དམག་དཔུང་བཅས་ཀྱི་ནང་ན་མི་རིགས་དཀར་ནག་སེར་གསུམ་པོ་ཡོད་རེད། དེ་སྤྱི་ཚོགས་དེའི་རྒྱན་ཆ་རེད་མ་གཏོགས་སྐྱོན ཞིག་ཅང་མ་རེད།
ཁ་བྱང་དང་འབྲེལ་བའི་བསམ་ཚུལ་ཞིག་བཤད་ན་བོད་རིགས་འདྲེས་མའི་ཚོགས་འདུ་འདི་ཀུན་སློང་བཟང་པོ་ཞིག་གི་དངོས་གནས་ཡིན་ན་དེ་ལ་རྒྱབ་སྐྱོར་ཡོད་དེ། མི་འདིའི་རིགས་ཀྱི་ཚོགས་འདུ་དག་ལ་དེ་ཙམ་གྱི་ཡིད་ཆེས་མེད། རྒྱུ་མཚན་ཁོང་ཚོར་མཚོན་ན་བོད་དོན་ཟེར་བའི་ནམ་རྒྱུན་ཁ་ནས་མ་ཎི་བཞིན་བགྲང་བཞིན་པ་དེ་ཡང་མདོ་དེད་ན་ཚོང་ལས་ཅིག་ལས་ཅི་ཡང་མིན། དེང་རབས་ཤེས་ཡོན་ཡོད་པའི་བྱེས་སྡོད་བོད་པ་དག་གིས་བོད་དོན་ནི་དོན་ངོ་མ་སྒོར་མོ་བཙལ་བྱེད་ཀྱི་ལག་ལ་ཙམ་ལས་གཞན་གང་ཡང་མིན་ནོ།
ཚོགས་འདུ་འདི་འདྲ་ཞིག་བསྡུས་པ་ཙམ་གྱིས་ཁོང་ཚོ་བོད་མི་རྣལ་མ་ཞིག་གི་ཚད་དུ་བཞག་མེད་པར་མཚོན་པ་རེད། དེ་ལྟར་མིན་ན་ཁོང་ཚོ་ལ་དམིགས་བསལ་གྱི་བྱེད་ཐབས་འདི་འདྲ་ཞིག་བཀོལ་དགོས་དོན་མེད། ལྐུགས་རྟགས་འདི་འདྲ་བསྟན་ནས་ད་དུང་འཇོན་མདོག་སྟོན་པ་འདི་ལས་དགོད་བྲོ་བ་དང་ངུ་བྲོ་བ་ཞིག་གང་ན་ཡོད།
རེད་ཡ། རྨུ་ཐག་གིས་བཤད་པ་དེ་རང་རེད། བོད་པ་འདི་ཚོའི་ལྐུགས་རྟགས་ལ་ཚོད་ཅིག་མེད་ཡ། མ་གཞི་བྱས་ན་དབྱིན་མ་བོད་དང་རྒྱ་མ་བོད་མང་པོ་ཞིག་སྤྱི་ཚོགས་ཀྱི་འཁོར་ཡུག་དང་དུས་རབས་ཀྱི་འགྱུར་འགྲོས་ལ་བསྟུན་ནས་ཚར་ལོངས་བྱུང་དང་འབྱུང་བཞིན་པས། ཁོ་ཚོར་བོད་མི་རིགས་ཀྱི་ལྟ་བ་དང་། ལ་རྒྱ། གདུང་ཞེན་སོགས་བསམ་བློའི་སློབ་གསོ་དང་སྐུལ་འདེད་གཏོང་དགོས་པ་ལས་བོད་མི་རིགས་ཀྱི་གྲལ་དུ་འཚུད་མིན་གྱི་སྐད་ཆ་བཤད་རྒྱུ་ཡོད་པ་མ་རེད།
སྤྱིར་ཁོང་ཚོས་མི་རིགས་ལ་བཅིངས་པའི་ལྷག་བསམ་དང་ལ་རྒྱ་བཅས་ལ་རྗེས་སུ་ཡི་རངས་ཡོད། བཀའ་དྲིན་སྐུ་དྲིན་ཆེ། ཡིན་ཡང་། བོད་རིགས་འདྲེས་མ་ཞེས་པའི་ཐ་སྙད་འདི་ཐོས་འོང་དུས་སེམས་གཏིང་ནས་ཅུང་མི་བདེ་བ་ཞིག་དང་། སྔམ་པ་ཡང་ཡང་འཐེན་དགོས་པ་ཞིག་བྱུང་། འདི་ནི་ཁོ་བོ་མི་རིགས་འདི་ལ་དུང་བ་ཟབ་དྲག་པས་ཡིན་ཡང་སྲིད། གང་ལྟར་ལོ་རབས་མང་བོའི་ཡར་སྔོན་དུ་བོད་ལ་རྒྱ་གར་ཁམས་པ་ཟེར་བའི་ཚོ་ཁག་ཅིག་བྱུང་མྱོང་ཡོད། དང་ཐོག་ཁོ་ཚོར་བོད་ཀྱི་རྩམ་དྲི་དང་མར་དྲི་མ་ཡལ་བའི་རིགས་ཞེན་གྱི་དུང་ག་ཟབ་མོ་ཞིག་ཡོད་ཀྱང་། རིམ་གྱིས་ཁོང་ཚོ་བོད་ཀྱི་འཚོ་བ་དང་ཁ་ཐག་རིང་དུ་བཀྱེད་དེ་ད་སྐབས་བོད་པ་ཡིན་ཟེར་རྒྱུར་ངོ་ཚ་བ་དང་། གལ་སྲིད་ཁོང་ཚོ་བོད་པ་ཡིན་ལབ་ན་སྤམ་ཤོར་འགྲོ་བར་ངོས་བྱེད་པའི་གནས་སྟངས་ཤིག་ཏུ་གྱུར་ཡོད།
སྤོབས་པ་མཐའ་ཡས་དང་གསེར་ལེ་སྦྲུན་སོགས་ལ་ལན་ཐབས་རྡུགས་ཤིག་འདེབས། དབྱུན་སྐད་དུ་Half Tibetan ཞེས་པ་དེ་བོད་ཡིག་ནང་དུ་བསྒྱུར་དུས་དེ་ལ་བོད་པ་ཕྱེད་ཀ་ཞེས་པ་དེ་ལ་ཐད་བསྒྱུར་བྱས་ན་ནི་ཅུང་ངག་ལ་མི་བདེ་བས་བོད་རིགས་འདྲིས་མ་དེ་དོན་བསྒྱུར་བྱས་པ་ཡིན་ནམ་སྙམ།
རྒྱ་གར་ཁམས་པ་དང་ད་ལྟའི་བོད་རིགས་བར་འགལ་ཟླ་བྱུང་རྐྱེན་དེ་དང་བོར་རོགས་སྐྱོར་གྱི་དངུལ་དག་བརྩད་པ་དེ་ནས་འགོ་བརྩམས་ཤིང་རིམ་གྱིས་གསར་རྙིང་གི་ལྟ་གྲུབ་སོགས་ཅུང་མཐུན་པས་བྱུང་བ་ཞིག གུས་པས་འདོད་ཀྱིན་ཡོད། དེ་ནི་ངའི་ཚོད་དཔག་ཙམ་ཡིན། དཔེར་ན་གྲྭ་ཚང་དང་ཁམས་ཚན་གཅིག་ཀྱང་རོགས་དངུལ་དེ་བརྩད་ནས་ནང་ཁུལ་དབྱེན་འབྱེད་དང་ཁ་ཁ་ས་སོར་སོང་བ་མཐོང་ཐོས་ཡོད། བསམ་བློ་ཆེན་པོ་མ་བསྐྱེད་ན་མདོ་སྟོད་སྨད་བསྡེབས་ན་འང་སྣང་བ་མི་འགྲོ་ས་ཁ་ཤས་ཡོད། ད་མང་བོ་འབྲི་ཁོམ་མེད། ལས་ཀ་ལས་ཀྱིན་ཡོད་བདེ་མོ་བྱོས།
རིགས་རུས་་་ཞེས་པ་དེ་ཕ་བརྒྱུད་གཙོ་བོ་བྱས་ནས་འགྲོ་དགོས་པ་ཞིག་ཡིན་འགྲོ་བསམ་གྱི་ཡོད། སྔར་ནས་བོད་ཡུལ་སྟོད་སྨད་ཀུན་ལ་རིགས་དང་རུས་པ་ཞེས་པ་དེ་ཕ་གཙོ་བོ་བྱས་ནས་བརྩིས་པར་སྙམ། དེང་སང་ཚན་རིག་པ་ཚོས་ཀྱང་dna་ཞེས་པ་དེ་ཕ་བརྒྱུད་ནས་མ་གཏོགས་མ་བརྒྱུད་ནས་ཡོང་རྒྱུ་ཡོད་མ་རེད་ཟེར་ནས་ཤོད་ཀྱི་འདུག དེ་འདྲ་ཡིན་དུས་བོད་སྔ་རབས་ཀྱི་སྨན་དཔྱད་རིག་པ་དེ་ཚོ་ངོ་མཚར་ཆེན་པོ་ཡིན་ས་རེད། ཆོ་འབྲང་་་ཞེས་པ་དེ་མ་བརྒྱུད་ནས་བརྩི་སྲོལ་ཞིག་དང་ཡང་སྐབས་འགར་རིགས་སྤྱི་ལ་བརྩི་སྲོལ་དེ་འདྲ་ཡོད་པ་འདྲ། གང་ལྟར་གནད་དོན་འདི་ཚོ་ལའང་བསམ་ཞིག་ཅུང་ཙམ་བྱས་ན་གནའ་དེང་ཀུན་དང་མཐུན་པར་སེམས། དེ་འདྲ་ཡིན་དུས་ཕྲུ་གུ་དེའི་ཕ་དེ་བོད་མི་ཞིག་ཡིན་ན་ཁོའི་རིགས་རུས་དེ་ཡང་བོད་མི་ཞིག་རང་ཡིན་པར་ངོས་འཛིན་བྱ་དགོས་པར་སེམས། རྒྱུ་མཚན་འདྲ་ལ་བསམ་ན་་་རིགས་དང་རུས་པ་་་ཅེས་པ་དེ་ལ་འདྲེས་འགྲོ་རྒྱུ་ཞིག་ཨ་ཡོད་ན། རིག་པ་སྨྲ་བ་ཚོས་དཔྱད་པ་གནོངས་རོགས།
རིགས་རྒྱུད་ཕ་ལས་ཆད་པ་རྩི་དགོས་ཟེར་ན། ཤེས་ཡ་མེད་པ་ཞིག་རེད། རིགས་རྒྱུད་མ་ལས་འདེད་དགོས་བ་རེད། དེ་འདྲ་མ་བྱུང་ན། ནོར་འཕྲུལ་ཚབ་ཆེན་བྱུང་ཡ་ཡིན་པ་རེད།
མ་ནི་ཡིན་མིན་གྱི་རྩོད་པ་མེད་པའི་མཐོང་ཆོས་རེད། ཕ་ནི་སུ་ཡིན་སུ་མིན་སུ་ལ་ཡང་གསལ་ཁ་མེད་པའི་ལྐོག་གྱུར་ཞིག་ཡིན་པ་རེད། རྒྱུད་ངོ་མ་ཤེས་དགོས་ན་མ་ཡིན། ཕ་དད་ན་འགྲིག་གི་འདོད་མཁན་ཚང་མས་རང་གི་ཀླད་པ་ཀོར་ཐིག་ཡིན་པ་བསྟན་པ་ཡིན་པ་རེད། ཀླད་མེད་བྱིས་པ་ཁྱེད་ཚོ་ཡིན་ནི་ཨ།