འབའ་སྲས།
ཨ་སྔོན་དབྱིངས་སུ་བསྐྱོད་པའི་སྤྲིན་དཀར་གྱི་འདབ་མ།།
དབྱིག་འཛིན་དགའ་མར་བཟུང་བའི་ལེགས་སྐྱེས་དེས་ཅི་བྱ།།
སྦྲང་ཆར་ཟིལ་མའི་ཐིགས་པ་སྙན་ངག་ལ་སྤྲུལ་ཏེ།།
ཁོ་ཡི་ཡིད་ཀྱི་ཞིང་སར་ཤག་ཤག་ཏུ་འབབ་རོགས།།
སྟུག་པོའི་ཚལ་ན་བསྒྲོགས་པའི་གཞན་གསོས་ཀྱི་བུ་མོ།།
ལྕང་ལྕུག་ཡལ་གར་འཁྲེང་བའི་སེམས་པ་དེས་ཅི་བྱ།།
འཇེབས་སྙན་ངག་གི་དབྱངས་རྟ་སྙན་ངག་ལ་སྤྲུལ་ཏེ།།
ཁོ་བའི་མགྲིན་པའི་ནགས་སུ་ལྷིང་ལྷིང་དུ་གྱེར་རོགས།།
ཆར་རྗེས་འོད་གུར་ཕུག་པའི་མཛེས་སྡུག་གི་འཇའ་ཚོན།།
རི་ངོས་འགྲམ་པ་བརྒྱན་པའི་ཁ་དོག་གིས་ཅི་བྱ།།
གསལ་བའི་འོད་སྣང་རེ་རེ་སྙན་ངག་ལ་སྤྲུལ་ཏེ།།
ཁོ་ཡི་བློ་གྲོས་མཛེས་པའི་གུར་ཁྱིམ་དུ་ཤར་རོགས།།
སྤྲིན་པའི་གསེབ་ན་འཁྱུག་པའི་གློག་དམར་གྱི་ཞགས་ཐག །
སྟོང་བའི་དབྱིངས་སུ་གཡོ་བའི་འཕྲུལ་རྩལ་དེས་ཅི་བྱ།།
མགྱོགས་མྱུར་འཁྱུག་རྩལ་རྒོད་པོ་སྙན་ངག་ལ་སྤྲུལ་ཏེ།།
ཁོ་ཡི་སོར་མོ་བསྐྱོད་པའི་རམ་འདེགས་སུ་གནང་རོགས།།
ཆུ་འཛིན་བྲང་ཁར་འཛིན་པའི་སྟོན་དུས་ཀྱི་འབྲུག་ཆུང་།།
མཚོ་འགྲམ་རྨ་བྱ་འགུགས་པའི་འབོད་སྒྲ་དེས་ཅི་བྱ།།
སྐད་ཀྱི་སིང་སྒྲ་རེ་རེ་སྙན་ངག་ལ་སྤྲུལ་ཏེ།།
ཁོ་ཡི་ངག་སྒོ་འབྱེད་པའི་ལྡེ་མིག་ཏུ་སྩོལ་ཅིག །
ལྡུམ་རའི་ནགས་སུ་འཛུམ་པའི་མཛེས་སྡུག་གི་མེ་ཏོག །
རྐང་དྲུག་གཞོན་ནུ་འགུགས་པའི་འདབ་མ་དེས་ཅི་བྱ།།
ཟེའུ་འབྲུའི་དྲི་བསུང་རེ་རེ་སྙན་ངག་ལ་སྤྲུལ་ཏེ།།
ཁོ་ཡི་སྙན་ངག་ཀུན་དགའི་སྐྱེད་ཚལ་དུ་བསྒྱུར་རོགས།།
རི་དྭགས་མིག་ཅན་གདོང་གི་ཟུར་མིག་གི་མདའ་མོ།།
ཆགས་ལྡན་སྙིང་ལ་འཕངས་པའི་བྱ་བ་དེས་ཅི་བྱ།།
འཇོ་སྒེག་ལང་ཚོ་དར་བ་སྙན་ངག་ལ་སྤྲུལ་ཏེ།།
ཁོ་ཡི་སྙིང་གི་ཡོད་ཚད་ཁ་སྒོ་ནས་ཕྱུངས་ཤིག །
རང་བྱུང་ཁམས་ན་སྒེག་དང་མཛེས་པ་ཡིས་བརྒྱན་པ།།
གང་ཞིག་ཚུར་ཤོག་ཡོད་ཚད་སྙན་ངག་ལ་སྤྲུལ་ཏེ།།
ཁོ་ཡི་ལུས་ངག་ཡིད་ཀྱི་གུར་ཁང་དུ་ཕེབས་ནས།།
ཅི་ཞིག་བྱུང་བ་ཐམས་ཅད་སྙན་ངག་ལ་བསྒྱུར་ཅིག །
༡༤/༠༧/༠༢ ཞོགས་པར།
འབད་པ་ལྷོད་མེད་ཆུ་མོ་རྒྱུག་རྒྱུག་གི་རྨ་ཆུ།
བརྩོན་པ་ལྷུར་ལེན་རི་རྒྱལ་བཙག་རླུང་གི་ཏེ་སེ།
སྙན་ངག་དད་ཅན་སྨྱུག་རྩེ་མྱི་ཁ་ཡི་སོར་མོ།།
མྱུར་མགྱོགས་ལྷ་མོ་ཞིག་གིས་ཐུགས་སྲས་ལ་སྦྲུམ་ཤོག།
དགེ་ཁྱེད་ལ་རམ་འདེགས་ཀྱི་སྨོན་ལམ་ཞིག་ཞུས་ཡོད་དོ། ཕན་པར་གྱུར་ཅིག། འགྲུབ་པར་གྱུར་ཅིག། ཐོབ་པར་གྱུར་ཅིག། ཧ་ཧ་ཧ།