ཆབ་མདོ་ངག་ཕུན།
——༧མགོན་པོ་མཆོག་དགུང་༧༩ ལ་ཕེབས་པའི་འཁྲུངས་སྐར་ཕུལ།
མདོ་སྨད་སྟག་འཚེར་ཞེས་པའི་གྲོང་སྡེའི་ནང་།།
༸རྒྱལ་བའི་ཡང་སྲིད་དངོས་སུ་འཁྲུངས་པ་མཛད།།
གངས་ལྗོངས་ལྷ་མི་ཡོངས་ཀྱི་སེམས་ཁམས་ལ།།
དགའ་སྐྱིད་ལྡན་པའི་གླུ་གར་དཔལ་ལ་རོལ།།
འཇིགས་པ་མེད་པའི་སེང་གེའི་ཁྲི་སྟེང་ལ།།
མངའ་གསོལ་མཛད་ཅིང་དགའ་སྟོན་རྟེན་འབྲེལ་མཛད།།
གངས་ལྗོངས་ལྷ་མི་ཡོངས་ཀྱི་སེམས་ཁམས་ལ།།
བཀྲ་ཤིས་དགེ་མཚན་དཔག་ཏུ་མེད་པ་སྐྱེས།།
དགེ་བའི་བཤེས་གཉེན་གཙུག་བཀུར་ཡོངས་མཛད་པས།།
གཞུང་ལུགས་གསན་བསམ་ཕར་མཐར་ཕྱིན་པ་མཛད།།
མཁས་དབང་བརྒྱ་ཕྲག་འཛོམས་པའི་མདུན་ས་རུ།།
ལྷ་རམས་དམ་འཇོག་ཀུན་རྣམས་ཡིད་དབང་འཕྲོག །
མི་ལོ་མང་པོཪ་ཆབ་སྲིད་འཐུས་ཤོར་ཕྱིན།།
བོད་ཀྱི་ཆབ་སྲིད་ཉག་ཕྲའི་དུས་ལ་ཐུག །
དཔོན་སྐུ་རྣམས་ཀྱིས་ང་མིན་ཁོ་མིན་ཟེར།།
ཆབ་སྲིད་འགན་དབང་གཡོལ་ཐབས་ཁོ་ན་བྱས།།
ལྷ་ལུང་མོ་བཏབ་ལ་སོགས་བསྙད་བཏགས་ནས།།
ལོ་ཟླའི་འཐུས་ཤོར་ཕྱིན་པའི་གངས་ལྗོངས་སྲིད་དབང་དེ།།
དགུང་ལོ་བཅུ་དྲུག་ཕེབས་པའི་གཞོན་ནུའི་ཕྲག །
བོད་ཀྱི་ཆབ་སྲིད་འགན་དབང་བཙན་གྱིས་བསྐུར།།
ཐུགས་སྟོབས་ཞུམ་མེད་ཡོད་ཚད་བློས་བཏང་ནས།།
གངས་ལྗོངས་བོད་མིའི་དཀའ་སྡུག་སེལ་བའི་ཐབས།།
སྐད་ཅིག་ལྷོད་མེད་སྐུ་ལས་ཚད་མེད་སྐྱོན།།
བཀའ་དྲིན་བླ་མེད་ཆེ་འོ་སྤྱན་རས་གཟིགས།།
བོད་རྒྱ་མི་རིགས་ཞི་མཐུན་ཡོང་བའི་ཐབས།།
རྒྱ་དམར་གུང་ཁྲན་སྲིད་གཞུང་མཉམ་དུ་ལ།།
ཞི་འགྲིག་ཡོང་ཐབས་མི་ལོ་དགུར་བྱས་ཀྱང་།།
བློ་འགྱོད་མེད་པར་ཐབས་ཤེས་ལྷོད་མེད་མཛད།།
ཁ་ཞེ་མི་མཚུངས་རྒྱ་དམར་སྲིད་གཞུང་གིས།།
གསང་ལྗོངས་མིང་ཙམ་མེད་པར་བཟོ་སེམས་ཀྱིས།
ལས་འགུལ་གདུག་རྩུབ་སྣ་ཚོགས་རིམ་པར་སྤེལ།།
གངས་ལྗོངས་ལྷ་མི་ཡོངས་ཀྱིས་རིམ་རྟོགས་གྱུར།།
གངས་ལྗོངས་མི་རིགས་ཡོངས་ཀྱི་བདེན་དོན་དང་།།
ཡང་སྒོས་སངས་རྒྱས་བསྟན་པ་མི་ཉམས་ཆེད།།
ངལ་བ་བརྒྱ་ཕྲག་དང་དུ་ཡོངས་བཞེས་ནས།།
རྒྱ་གར་འཕགས་པའི་ཡུལ་ལ་ཕེབས་པ་མཛད།།
ས་ཆ་ལག་མཐིལ་ཙམ་ཞིག་མེད་ན་ཡང་།།
སྙིང་སྟོབས་གོ་ཆ་བཙན་པོ་ཡོངས་བཞེས་ནས།།
བོད་མིའི་མ་འོངས་སོན་རྩའི་ན་གཞོན་ལ།།
གསོ་སྐྱོང་ལེགས་པོ་ཡོང་བའི་སློབ་གྲྭ་བཙུགས།།
བློ་གསར་ན་གཞོན་གྱི་ཚོགས་ལ།།
འདབ་གཤོག་གཉིས་ལྡན་གྱི་ཤེས་རིག།།
ལོ་འདབ་འཕེལ་རྒྱས་དེ་ཡོང་བའི།།
རིན་བྲལ་ཤེས་ཡོན་དེ་སྦྱིན་མཛད།།
བོད་ཕྲུག་འབུམ་ཕྲག་ལ་ཉེ་བ།།
གནའ་དེང་སྐྱེད་མོས་ཀྱི་ཚལ་ལ།།
རོ་བཅུད་གང་འདོད་ལ་རོལ་རྒྱུ།།
སྐལ་བཟང་དགའ་སྟོན་དེ་སྦྱིན་མཛད།།
གངས་ལྗོངས་ཤེས་རིག་གི་འོད་སྣང་།།
འཛམ་གླིང་ཤར་ནུབ་ལ་ཁྱབ་ནས།།
ཞི་བདེའི་འོད་སྣང་གིས་ཁྱབ་སྟེ།།
ཀུན་གྱིས་བསྟོད་དབྱངས་ནི་སྒྲོག་གོ །
བྱམས་བརྩེའི་འོད་རླབས་ཀྱི་འཚེ་མེད།།
ཞི་བདེའི་ལམ་བཟང་གི་ཉི་འོད།།
འགྲོ་ཀུན་ཉེ་རིང་ལ་མེད་པར།།
ཀུན་ལ་བྱམས་བརྩེ་ཡིས་བསྐྱངས་མཛད།།
གངས་ལྗོངས་མི་རིགས་ཀྱི་ཆེད་དུ།།
ཕྱག་གཉིས་ཐལ་མོ་ལ་སྦྱར་ནས།།
གངས་ལྗོངས་སྐྱོབ་ཐབས་ཀྱི་མཛད་པ།།
རིན་བྲལ་བླ་མེད་ཀྱི་བཀའ་དྲིན།།
འཛམ་གླིང་ཞི་བདེ་རུ་ཡོང་ཆེད།།
འཛམ་གླིང་ཡུལ་ཀུན་ལ་ཕེབས་ནས།།
འཛམ་གླིང་མི་དམངས་ཀྱི་ཀུན་ལ།།
རིན་བྲལ་བཀའ་སློབ་དེ་ཕེབས་མཛད།།
འཛམ་གླིང་སྙན་གྲགས་གྱི་ནོ་ཝེལ།།
ཞི་བདེའི་རླབས་ཆེན་གྱི་གཟེངས་རྟགས།།
༸གོང་ས་༸སྐྱབས་མགོན་ལ་ཕུལ་མཛད།།
མཚན་སྙན་འཛམ་གླིང་ལ་ཁྱབ་པ།།
ཡངས་པའི་ཁྱོན་གྱི་ཤེས་རིག་མཚར་སྡུག་ཀུན།།
གཅིག་ཏུ་བསྡུས་འདྲའི་གངས་རི་ལྗོངས་ཀྱི་མགོན།།
ཀུན་གྱིས་གཙུག་བཀུར་ཁྱེད་ལ་གསོལ་བ་འདེབས།།
གངས་རིའི་མགོན་པོ་ཁྱེད་ལ་བསྟོད་ཅིང་བསྔགས།།
གངས་ལྗོངས་བོད་མིའི་ཆོས་དང་རིག་གཞུང་བཅས།།
འཛིན་མའི་སྟེང་ལ་མ་ཡལ་གསོན་གནས་ཐུབ།།
གངས་རི་མགོན་པོའི་ཐུགས་རྗེའི་བཀའ་དྲིན་ཡིན།།
བཀའ་དྲིན་སྙིང་ནས་ཡང་ཡང་མཆོད་ཅིང་བསྟོད།།
བོད་མི་རིགས་ལ་བཀའ་དྲིན་བླ་མེད་དུ་ཆེ་བའི་༸རྒྱལ་བ་རིན་པོ་ཆེ་མཆོག་ཕྱི་ལུགས་ལ་དགུང་༧༩ ཕེབས་པའི་སྐུའི་འཁྲུངས་སྐར་དུས་སྟོན་ཁྱར་པར་ཅན་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ། མགོན་པོ་མཆོག་གི་ཐུགས་ཀྱི་བཞེད་དོན་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཤུགས་དྲག་དང་བཅས། ཆབ་མདོ་ངག་དབང་ཕུན་ཚོགས་ཀྱིས་ཕྱི་ལོ་༢༠༡༤ ཟླ་༧ ཚེས་༥ ཉིན་ཕུལ།།