ཅ་ཅོའི་ངག་གི་རོལ་བ་ཡོངས་བཏང་དབྱངས་ཀྱི་ཟིལ་བ་ཉེར་ཆགས་པའི།།
མཚར་སྡུག་ལང་ཚོར་རྒྱལ་རྣམས་སྲེད་པའི་ཧྲཱིཾ་ཡིག་སྙིང་བོའི་མངལ་འཛིན་མཁན།།
རྣམ་དག་སྨོན་པའི་འཕྲིན་ལས་ཀྱིས་བཏེགས་ཟགས་པ་མེད་པ་རྒྱལ་བའི་ཡུམ།།
ལས་ཅན་ལུས་ངག་ཡིད་ཀྱི་མུན་པ་དྲུངས་ནས་འབྱིན་ལ་སྣང་བ་སྩོལ།།
གངས་ཀྱི་མུ་ཏིག་བཀྲམ་པའི་གཞི་ལ་དང་པོའི་ཐུགས་བསྐྱེད་གངྒཱའི་རླབས།།
བར་དུ་གཅོད་པའི་རྐྱེན་གྱིས་མ་བཟློགས་གང་ལ་དམིགས་པའི་མཐུ་གྲུབ་པ།།
ཕྱག་ན་པད་དཀར་འཆང་བའི་མགོན་པོ་མཚམས་སྤྲིན་སར་བ་སར་བའི་མདངས།།
གང་ཁྱེད་དམར་པོའི་རི་ལ་ཉལ་བའི་གྲུ་འཛིན་ཕོ་བྲང་རྒྱན་དུ་བྱོན།།
དཔགས་མེད་བསོད་ནམས་དཀྲིགས་པའི་རི་མོ་མགོ་ལ་ཐོད་བཞིན་ཁུར་བ་ཡི།།
གདོང་དམར་སྐྱེ་རྒུའི་སྐྱབས་དང་དཔུང་གཉེན་སྙིང་རྗེ་སྙིང་བོའི་མ་ཎི་ཀ།
མེ་ཏོག་འཕོག་པའི་བླ་མ་ཁྱེད་ནི་ཇི་སྲིད་བསྐལ་བའི་མཐར་གཏུགས་པར།།
བདག་ཅག་བསིལ་ལྡན་ཡངས་པའི་མཁའ་ལ་ཉི་ཟླ་བཞིན་དུ་གསལ་བར་ཤོག།
ལུགས་གཉིས་གསལ་བའི་མེ་ལོང་གི།
ཟླ་བའི་འཁྲི་ཤིང་སྐྱོང་བ་ལ།།
ཨེ་མ་ཐུགས་བསྐྱེད་རྒྱ་མཚོའི་རླབས།།
ཁྱེད་ཀྱི་རལ་བའི་ཀློང་དུ་འཛིན།།
ཟགས་པ་དང་བྲལ་སྒྱུ་མའི་སྐུ།།
སྡོམ་བརྩོན་ཆོས་ཀྱི་རྒྱལ་བོའི་ཚུལ།།
སྐུ་ཡི་ཕྲེང་བར་སྣང་བ་ཡི།།
ཐུབ་པའི་བསྟན་ལ་ཐུབ་པ་བཞིན།།
ཁྱེད་ནི་སྔོན་མེད་རིག་སྔགས་མཁན།།
སྐྱེ་རྒུའི་ཡིད་ནི་རྣམ་པར་བཅིངས།།
དྲང་སྲོང་གཞན་གྱི་འཕྲིན་ལས་སྟོབས།།
བག་ལ་བསྙལ་བའི་རྣམ་ཐར་མངོན།།
ཁྱེད་ཞལ་གསེར་གྱི་མེ་ལོང་ལ།།
མཇལ་བར་བྲེལ་བའི་དད་ལྡན་ཚོགས།།
འདི་ན་རེ་བས་ཡོངས་བཟུང་སྟེ།།
ལུས་ལ་དད་པའི་སྤུ་ལོང་གཡོ།།
ངག་དབང་བློ་བཟང་རྒྱལ་བའི་མགོན།།
བསྟན་ལ་རྒྱལ་བའི་ཕྱག་རྗེས་ཅན།།
འཛིན་མའི་དཀྱིལ་འཁོར་ཡོངས་ཀྱི་བདག།
གདུལ་བྱ་རྒྱ་མཚོ་ཁྱེད་ལ་དད།།
འོད་མཐའ་ཡས་པའི་མདུན་ས་རུ།།
ཇི་ལྟར་སྔོན་གྱི་དམ་བཅའི་ཚོགས།།
ཡང་ཡང་ཐུགས་ལ་གོ་བགོས་ཏེ།།
བསྐལ་བ་རྒྱ་མཚོར་ཞབས་བརྟན་གསོལ།།
སྡང་བའི་རིགས་དང་དད་པའི་སྡེ།།
རིས་སུ་མི་མངའ་བཅོམ་ལྡན་འདས།།
བརྩེ་བའི་བླ་མ་འཛུམ་དཀར་ཅན།།
ནམ་ཡང་ཁྱེད་ལ་ཕྱག་བགྱི་འོ།།
དད་པའི་ཤུགས་དང་རྟེན་འབྲེལ་སྟོབས།།
འགྲན་བཞིན་ངག་ལ་ལྷུང་བ་ཡི།།
རིག་བྱེད་ཚིག་གི་སྙེ་མ་ཅན།།
མདོ་ཁམས་ཡུལ་ནས་ཕུལ་བ་དགེ།
ངག་རིག་སྨྲ་བ་ལ་སྤོབས་པ་གཟེངས་སུ་མཐོ་བའི་རོང་བོ་དགེ་འདུན་ལྷུན་གྲུབ་ཀྱིས་ཐོལ་བྱུང་དུ་བྲིས་སོ།།
གཞིས་བཞུགས་གཞོན་སྐྱེས་རྩོམ་པ་པོ་ཞིག་གིས་རེ་བའི་འདུན་མ་འདི་ལྟར་སྙན་ངག་གི་ལམ་ནས་ཞུས་པར་ངོ་སོ་བསྟོད།
རྩོམ་པ་པོ་གང་དེས་ “ཁྱེད་ཞལ་གསེར་གྱི་མེ་ལོང་ལ།།
མཇལ་བར་བྲེལ་བའི་དད་ལྡན་ཚོགས།།
འདི་ན་རེ་བས་ཡོངས་བཟུང་སྟེ།།
ལུས་ལ་དད་པའི་སྤུ་ལོང་གཡོ།།” ཞེས་བྲིས་པ་ནི་དེ་བས་ཀྱང་ཅི་ནས་བདེན་ནོ།།
རོང་བོ་དགེ་འདུན་ལྷུན་འགྲུན་ལགས་ཀྱི་སྙན་ཞིང་ཡིད་འགུག་ལྡན་པའི་འཁྲུངས་སྐར་སྙན་ངག་ཤིག་གངས་རིའི་ཕ་རོལ་ནས་བྲིས་པ་མོས་བཞིན་ཡོད།
བོད་ཀྱི་སྲོལ་རྒྱུན་སྙན་ངག་གི་རྒྱུན་ཆད་མི་འདུག་ཨང་།