རེབ་ཐོག་མདའ།
ཁྱོད་ལ་མཇལ་བས བདག་གིས་ད་གཟོད་ཚེ་སྲོག་ལ་གཅེས་སྐྱོང་བྱེད་དགོས་པ་རྟོགས་སོང་།
ཁྱོད་ལ་མཇལ་བས བདག་གིས་ད་གཟོད་འཚོ་གནས་ལ་སྙིང་བོ་ལྡན་པ་རྟོགས་སོང་།
ཁྱོད་ལ་མཇལ་བས བདག་གིས་ད་གཟོད་རིག་གནས་ལ་རིན་ཐང་མངའ་བ་ཡང་རྟོགས་སོང་།
རྒྱལ་བ་ལགས རིན་པོ་ཆེ
མི་ཆེན་ཚོའི་ཕྱོགས་ཞེན་ཟབ་ས་ན
སྐུ་དྲག་ཚོའི་དབང་ཤུགས་བཙན་ས་ན
ང་ལ་འོད་སྣང་སྦྱིན་མཁན
ང་ལ་མིག་ཟུང་སྩོལ་མཁན
ཁྱོད་ཁོ་ན་ཡིན་ལ
ས་ཆེན་པོའི་ཆགས་འཇིག་ཆེ་ས་ན
སྐྱེས་ངན་དག་ལ་མྱ་ངན་ལྕི་ས་ན
སྙིང་རྗེ་ཡི་སེམས་པ་ཕྱོགས་ལྷུང་མེད་པར
བྱམས་བརྩེ་ཡི་ཕྱག་ཟུང་ཀུན་ལ་སྐྱོང་བཞིན
གནས་ལུགས་དང་བདེན་པ་གླེང་གིན
ཤར་ནུབ་ལ་ཞབས་ཀྱིས་བཅག་མཁན་དེ་ཡང་ཁྱོད་ཁོ་ན
རྒྱལ་བ་ལགས རིན་པོ་ཆེ
ས་ཆེན་པོ་འདིའི་པང་ཁ་འདི་ན
ཁྱོད་ནི རི་བོ་སྒང་དྲུག་གི་ལས་དབང་སྲུང་མཁན་དང
ཆོལ་གསུམ་བོད་མི་ཡི་སྐྱབས་གནས་ཉག་གཅིག་ཡིན་ལ
ད་དུང
རང་ཕྱོགས་ལ་རིགས་ཞེན་བོར་བའི་སྡེ་འདི་ནས
མེས་པོ་ཚོའི་རུས་རྐང་དབེན་པའི་གྲུ་འདི་ནས
ངས་ཁྱོད་ཀྱི་འཁྲུངས་སྐར་བསུ་བཞིན་ཡོད
ངས་ཁྱོད་ལ་སྐུ་ཚེ་སློང་གིན་ཡོད
རྒྱལ་བ་ལགས རིན་པོ་ཆེ
ལོ་ངོ་དྲུག་ཅུ རྨི་ལམ་ལྟ་བུའི་ལོ་ངོ་དྲུག་ཅུ
རེ་སྒུག་གི་མིག་ཟུང་ཁྱོད་ལ་བཏེགས་པའི་ཉི་ནུབ་དག
ཡིག་དྲུག་གི་དབྱངས་རྟ་ངག་ན་བརྡོལ་བའི་ལོ་ལོན་ཚོས
ཁྱོད་ཁོ་ན་གླེང་གིན ཁྱོད་ཁོ་ན་དྲན་གྱིན་འདུག
རྒྱལ་བ་ལགས རིན་པོ་ཆེ
ཁྱོད་ཀྱི་འཁྲུངས་སྐར་བསུ་མཁན་ཚོས
རྒྱུད་དྲུག་གི་དབྱངས་རྟའི་ཀློང་ནས
གླུ་གར་གྱི་སྒེག་ཉམས་དོད་ན་ཡང
སྐྲ་ལོ་ཁ་བ་ཡིས་ཟོས་པའི་ན་ནིང་ཞིག་ནས
ངོ་གདོང་གཉེར་རུས་ཡིས་བྲིས་པའི་ཁ་སང་ཞིག་ནས
བདག་གིས སེམས་འཁྲུལ་གྱི་མགོ་བོ་ཐུར་དུ་དཔྱང་བཞིན
ལོ་ན་བརྒྱད་ཅུར་ཟིན་ལ་ཉེ་བའི་བླ་མ་ཁྱེད་མཐོང་ཐེངས་རེ
སྤྲོ་སྣང་མི་འདུག་ལ ང་ལ་འཛུམ་མདངས་ཡང་མེད་པས
བདག་གིས་ཁེར་རྐྱང་གི་རྨི་ལམ་ཞིག་འཁུར་གྱིན
དུས་ད་ལྟ་ཡང ལྷ་མོ་དོན་འགྲུབ་འབོད་པའི་བུ་ཆུང་ཞིག་ལ་བསམ་བློ་གཏོང་གིན་ཡོད
བདག་གིས་ད་དུང ལོ་ཟླ་འདིའི་ཁུགས་ན་བོར་གྱིན་པའི་ཕ་ཡུལ་ཞིག་ལ་བསམ་བློ་གཏོང་གི་ཡོད།
ཕྱི་ལོ་༢༠༡༤ ཟླ་༧ ཚེས་༥ ཉིན་རང་ཅག་ཁ་བ་རི་བའི་ཚེ་རབས་གཏན་ཀྱི་སྐྱབས་གནས་བླ་ན་མ་མཆིས་པ་༧རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་༧༩ བཞེས་པའི་འཁྲུངས་སྐར་ལ་ཕུལ།
། ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་ཆེན་མོ་ལ་བཀྲ་ཤིས་བདེ་ལེགས་ཞུ། ། །