སེར་ཤུལ་རིན་ཆེན་དོན་གྲུབ།
—–༼འཇིག་རྟེན་ཞི་བདེའི་དེད་དཔོན། འགྲོ་བ་མིའི་རིགས་ཀྱི་བསམ་བློའི་སློབ་དཔོན་ཆེན་པོ། ༸གོངས་སྐུ་འཕྲེང་བཅུ་བཞི་བ་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དོན་དགུ་བར་ཕུལ།༽
དེང་འདིར་དུས་ཀྱི་སྙིགས་མའི་རྒུད་པ་རྡུལ་མཚོན་ཕྲ་མོའི་རྒྱུད་ལས་དར།།
ཁྲོ་ཆགས་སྡང་བའི་འགུལ་སྐྱོད་ཀློང་ནས་ཕྲ་རགས་ཉོན་མོའི་དབང་ཤུགས་རྒྱས།།
འཇིགས་པའི་འབར་མདེལ་སྟོང་གི་ཁ་ན་འགྲོ་བའི་ཚེ་སྲོག་འཁོས་ཞན་གྱུར།།
དུས་ཀྱི་སྟོན་མཆོག་ཁྱེད་ཀྱི་གསུང་ལས་འགྲོ་བ་སྐྱོབ་པའི་མཐུ་སྟོབས་གང་།།
ཆོས་ལུགས་རིས་མེད་གཙུག་ཏུ་བཀུར་བའི་སྦྱོར་བའི་སློབ་སྟོན་ཆར་དུ་བསྙིལ།།
འགྲོ་བའི་བཟང་སྤྱོད་གོང་དུ་སྤེལ་བའི་ལྕིད་པའི་ཁུར་ཆེན་ཕྲག་ཏུ་བཞེས།།
གངས་ཅན་བོད་ཀྱི་བདེན་དོན་བརྩོན་བཞིན་བགྲང་བྱ་བརྒྱད་ཅུའི་ཁད་ལ་བསྙེགས།།
ཁྱེད་གྱིས་གནང་བའི་ཐུགས་བསྐྱེད་འདི་དག་དེ་སྔོན་སུ་ཡིས་བྱས་སམ་ཅི།།
འཛམ་གླིང་དཔྱོད་ལྡན་སྐྱེ་བོའི་བློ་ཡིས་མཆོག་གི་དབུ་ཁྲིད་ཁྱེད་ཉིད་བདམས།།
བྱམས་བརྩེའི་དངོས་གྲུབ་མཆོག་ཏུ་སྩོལ་བའི་རེ་ལྟོས་མིག་ཟུང་ཁྱེད་ལ་ཅེར།།
བཟང་སྤྱོད་མེ་སོན་ཁྱེད་ཀྱིས་བསླངས་པར་གཟེངས་བསྟོད་སྟོང་དང་སྟོང་དུ་ཕུལ།།
བྱམས་བརྩེས་ཕོངས་པའི་འགྲོ་བ་འདི་ལ་ཁྱེད་ལས་མཆོག་གི་དངོས་གྲུབ་གང་།།
ཁྱེད་ཀྱི་ཐུགས་བསྐྱེད་རིགས་རུས་བརྒལ་ནས་སྐྱེ་འགྲོའི་བདེ་སྐྱིད་དཔལ་དུ་ཤར།།
བདེ་སྡུག་མཉམ་པའི་རྨང་གཞིའི་ཐོག་ནས་སྤྱི་སྨན་བཟང་སྤྱོད་གསར་དུ་འགྲེལ།།
སྟོང་ལོ་གསར་བའི་བླང་དོར་རྣམ་བཞག་ཆོས་མེད་འགྲོ་བའི་སློབ་སྟོན་གྱུར།།
སྤྱི་སྨན་བཟང་སྤྱོད་ལེགས་པར་འགྲེལ་བར་བསྔགས་དབྱངས་གོ་ལའི་ཁྱོན་ལ་འཕྱུར།།
ཁྱེད་ཀྱིས་ཆོས་དང་ཆོས་ལུགས་དབྱེ་བ་སྔོན་མེད་ལེགས་བཤད་གསར་བ་སྟེ།།
ཁྱེད་ཀྱིས་ཆོས་ཀྱི་གསར་བརྗེ་གླེང་བ་ཕུགས་རིང་འགྲོ་བའི་བདེ་དོན་ཉིད།།
ཆོས་ཚན་ལེགས་པའི་ཕྱོགས་ཆ་བསྡུས་ནས་འགྲོ་བའི་བདེ་དོན་སྒྲུབ་པའི་ཐབས།།
ཁྱེད་ཀྱིས་དུས་དང་མཐུན་པར་གསུངས་པ་ངོ་མཚར་འོད་ཀྱི་གོང་བུ་ཉིད།།
ཚན་རིག་འཕྲུལ་ལས་ཟུང་དུ་འབྲེལ་ལས་སྣ་ཚོགས་རྡུལ་མཚོན་གསར་དུ་བཟོས།།
ཀུན་སློང་ངན་པའི་གཡོ་འགུལ་གཅིག་གིས་ཚེ་སྲོག་གྲངས་མེད་ཐལ་བར་བསྲེས།།
གོ་ལའི་ཚེ་སྲོག་གཅེས་འཛིན་དེ་ཡང་ཀུན་སློང་བཟང་པོའི་ངོས་ལ་བརྟེན།།
ཁྱེད་ཀྱི་བླ་མེད་བཟང་སྤྱོད་མེད་ན་འཛམ་གླིང་ཞི་བདེ་གང་ལས་འོང་།།
ཁྱེད་ཉིད་སྲོལ་རྒྱུན་སྒྲོག་ལས་ཐར་ཀྱང་གནའ་བོའི་ཤེས་རབ་མཆོག་ཏུ་འགྲེལ།།
ཁྱེད་ཉིད་ཡམས་བཤད་རྙི་ལས་ཤོར་ཡང་གོ་དོན་ཕྲ་མོ་སྤོབས་པས་འཆད།།
ཁྱེད་ཉིད་རིང་ལུགས་ལྟ་གྲུབ་ལྡན་ཡང་གཞན་གྱི་གྲུབ་མཐའ་གུས་པས་བཀུར།།
འདི་ཉིད་ཁོ་ནས་ཁྱེད་ཀྱི་མཛད་བཟང་སྟོང་ཕྲག་དགེ་བའི་འོད་ལ་ཐིམ།།
རིས་བཅད་འཐབ་འཛིང་ཆོས་པའི་ལོ་རྒྱུས་ཁྱེད་ཀྱིས་ཞབས་རྗེས་དཀར་པོས་གནན།།
རྨོངས་དད་ཆོ་ག་རྒྱུན་སྲོལ་ནག་པོ་ཁྱེད་ཀྱི་རྣམ་དཔྱོད་མེ་ཡིས་བསྲེགས།།
བཀའ་བསྟན་རི་བོའི་གླེགས་བབ་སྒོ་མོ་ཁྱེད་ཀྱིས་དཀྱུས་མའི་ཁྲོམ་ནས་ཕྱེས།།
ཁྱེད་ནི་བློ་གྲོས་སྐྱབས་ལ་བསྟེན་པའི་དུས་ཀྱི་གསར་བརྗེ་དཔའ་བོ་ཞིག །
ཁྲིམས་ཀྱི་དབང་འཛིན་རིགས་རྒྱུད་དེད་པའི་རྒྱུན་སྲོལ་ཐག་ནག་ཁྱེད་ཀྱིས་བཅད།།
འདི་ཕྱིའི་སྐྱབས་གནས་འདྲེ་ལ་བཅོལ་བའི་རྨོངས་པའི་ཆོ་ག་གཏིང་ནས་བསློགས།།
དུད་འགྲོའི་པགས་རིགས་རྒྱན་དུ་བརྩི་བའི་ཀླ་ཀློའི་སྤྱོད་པར་བཤའ་བཅོས་གནངས།།
ཁྱེད་ནི་འཇིག་རྟེན་ཁྱིམ་ལ་བབ་པའི་ལྷ་མཆོག་སྟོང་གི་ཡང་རྩེ་ཞིག །
ཁྱེད་ཀྱིས་ནང་བསྟན་ལྟོས་གྲུབ་ཕྲ་མོས་ཚན་རིག་བློ་གྲོས་ངལ་གསོར་བསྐྱལ།།
ཁྱེད་ཀྱི་སྤྱི་སྨན་བཟང་སྤྱོད་འགྲེལ་བས་དཔྱོད་ལྡན་འགྲོ་བའི་མགོ་བོ་དུད།།
ཁྱེད་ཀྱི་ཆོས་ལུགས་རིས་མེད་ལྟ་བས་འཛམ་གླིང་གོ་རྟོགས་གསར་བར་འཁྲིད།།
ཁྱེད་ཀྱི་ལེགས་མཛད་བློ་གྲོས་སྟོང་གིས་བསྐལ་བར་འགྲེལ་ཡང་ནུས་རེ་སྐན།།
ཤར་ཕྱོགས་མི་རིགས་ཁྱེད་ཀྱི་སྙན་པས་རྒྱལ་སྤྱིའི་སྡིངས་ཆར་མཛེས་པར་བཞེངས།།
གངས་ཅན་བོད་འབངས་ཁྱེད་ཀྱི་མཚན་ལས་སྤོབས་པའི་མགོ་བོ་སྒྲེང་སྟེ་སྐྱོད།།
སྡུག་བསྔལ་གཡང་ལས་སྐྱོབ་པའི་འོ་དོད་ཕྱོག་དང་ཕྱོགས་ནས་ཁྱེད་ལ་གྱེར།།
ད་ལྟའི་འགྲོ་བའི་བསླུ་མེད་སྐྱབས་མགོན་ཁྱེད་ལས་གཞན་དུ་སུ་ཞིག་མཆིས།།
ཁྱེད་ཀྱི་གསུང་གི་སྨན་མཆོག་གཅིག་གིས་སྐྱེ་འགྲོ་འབུམ་ལ་ངལ་གསོ་སྦྱིན།།
ཁྱེད་ཀྱི་དཔྱད་པ་ཕྲ་མོ་རེ་ཡིས་དཔྱོད་ལྡན་འབུམ་གྱི་བློ་སྒོ་འབྱེད།།
ཁྱེད་ཀྱི་སྤྱི་སྨན་སྦྱོར་བ་རེ་ཡིས་ཁྲི་ཕྲག་སྐྱེ་བོར་མིག་དཔེ་བསྟན།།
ཁྱེད་ཀྱི་མཛད་རྗེས་བསམ་ཐེངས་རེ་རེར་དད་དུང་མ་གནོན་ཤུགས་ཀྱིས་འཕྱུར།།
ཁྱེད་ཉིད་ཡོད་ན་འཛམ་གླིང་འདི་ལ་གསེར་གྱི་ཉི་མ་སེར་བོ་ཡོད།།
ཁྱེད་ཉིད་ཡོད་ན་སྐྱེ་འགྲོ་ཡོངས་ལ་འོད་ཀྱི་ལམ་སྟོན་དཀར་བོ་ཡོད།།
ཁྱེད་ཉིད་ཡོད་ན་གངས་རིའི་ལྗོངས་ལ་རེ་བའི་གསོན་ཤུགས་དམར་བོ་ཡོད།།
ཁྱེད་ཉིད་ཡོད་ན་ཐེར་འབུམ་བདུན་ཅུར་འོད་ཀྱི་གཟི་མདངས་ཉམས་པ་མེད།།
བྱམས་བརྩེས་ཕོངས་བའི་འཛམ་གླིང་འདི་ལ་ཁྱེད་ཀྱི་གདམ་ངག་ཟབ་མོ་དགོས།།
མགོ་འཐོབ་སྐྱེ་འགྲོ་ཁྲི་མ་འབུམ་ལ་ཁྱེད་ཀྱི་བླང་དོར་བཀའ་བཟང་དགོས།།
དད་དམ་འགྱུར་མེད་གངས་ཅན་བོད་ལ་ཁྱེད་ཀྱི་ལམ་སྟོན་དབྱངས་སྙན་དགོས།།
ཁྱེད་སྐུ་མི་ནུབ་ཡུན་རིང་བཞུགས་པར་སྙིང་དང་རུས་པས་གསོལ་འདེབས་ཞུ།།
2014/7/6/ ཉིན་གང་ལ་དད་དུང་དྲག་པོས་བྲིས།
བཀའ་དྲིན་ཆེ་ཡག་པོ་བྲིས་འདུག
འདི་ནི་བོད་མི་རང་བསྲེག་བྱེད་པ་ཚོ་ལ་ཟེར་བ་ཡིན་ནམ།
བྱམས་བརྩེའི་དངོས་གྲུབ་མཆོག་ཏུ་སྩོལ་བའི་རེ་ལྟོས་མིག་ཟུང་ཁྱེད་ལ་ཅེར།།
བཟང་སྤྱོད་མེ་སོན་ཁྱེད་ཀྱིས་བསླངས་པར་གཟེངས་བསྟོད་སྟོང་དང་སྟོང་དུ་ཕུལ།།
དོན་དག་གོ་མ་སོང་བ་དང་ཁྱད་པར་མེ་སོན་ཟེར་ན་ཅི་རེད་དམ།