མཁོ་སྤྲོད་པ། བསྟན་འཛིན་འཇམ་དཔལ།
དེ་རིང་འདི་གར་དུས་འཁོར་དབང་ཆེན་དང་སྟབས་བསྟུན་ཏེ་ངོས་ཀྱི་སྐྱེས་སྐར་ཁེལ་ཡོད་པར་བརྟེན། འདི་གར་སླེ་ས་གནས་ས་ཐོག་ཏུ་ངོས་རང་གི་སྐྱེས་སྐར་ལ་ཁྱེད་རང་ཚོས་སྨོན་ལམ་དང་འཚམས་འདྲི་གནང་བར་ཐུགས་རྗེ་ཆེ་བརྗོད་རྒྱུ་ཡིན། དེ་བཞིན་ལུས་པོ་དངོས་སུ་འདི་གར་བསླེབས་མེད་ཀྱང་ནང་བསམ་བློའི་ཐོག་ནས་གཙོ་ཆེ་གཞིས་ལུས་རྒྱ་ཆེའི་མི་དམངས་ལས་སྨོན་དང་དད་དམ་གཡོ་མེད་ཐོག་གནས་པ་ཚོས་ཕྱི་རྟག་ཏུ་མངོན་གསལ་དོད་པོས་ངོས་རང་གི་སྐྱེས་སྐར་ལ་དགའ་སྟོན་བྱེད་ཆོག་གི་མེད།
འོན་ཀྱང་སེམས་ནང་ཁྱེད་རང་ཚོ་ཚང་མ་དད་པ་དམ་ཚིག་གཡོ་བ་མེད་པའི་ཐོག་ནས་སྨོན་ལམ་རྒྱག་གི་ཡོད། དེར་བརྟེན་ངོས་ཀྱིས་ཁྱེད་རང་ཚོ་ཚང་མར་ཐུགས་རྗེ་ཆེ་བརྗོད་རྒྱུ་ཡིན། ཕྱོགས་མཚུངས་བོད་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པའི་སོག་པོ་ཕྱི་ནང་གིས་གཙོས་རུ་སུའི་ཁོངས་གཏོགས་སོག་རིགས་ཚོས་གོ་ཐོས་ལྟར་ན། སོག་པོའི་རྒྱལ་སར་རྟེན་གཞི་བྱས་པའི་དགེ་ལྡན་དགོན་པས་འགོ་ཁྲིད་ནས་ངོས་ཀྱི་སྐྱེས་སྐར་སྲུང་བརྩི་ཞུ་བཞིན་ཡོད་འདུག་པས་ཐུགས་རྗེ་ཆེ་བརྗོད་རྒྱུ་ཡིན། དེ་བཞིན་རང་དབང་ཐོག་ནས་ངོས་ཀྱི་སྐྱེས་སྐར་ལ་དགའ་སྟོན་བྱེད་ཐུབ་པའི་རྒྱ་རིགས་གྲོགས་པོ་མང་པོ་ཞིག་གིས་དེ་རིང་དྲན་གསོ་གནང་གི་ཡོད་པར་བརྟེན་ཐུགས་རྗེ་ཆེ་བརྗོད་རྒྱུ་ཡིན།
ལྷག་པར་རྒྱ་ནག་སྐམ་སར་གནས་སྡོད་སེམས་ནང་ནས་ངོས་ལ་དགའ་ཞེན་བྱེད་མཁན་ཚོས་ཀྱང་དེ་ལྟར་དྲན་བཞིན་ཡོད་འདུག དེ་རིང་ངོས་ཀྱིས་འདི་གར་དངོས་སུ་འདུས་པའི་གྲོགས་པོ་རྣམ་པ་ཚོ་དང་། དངོས་སུ་མ་འདུས་པའི་འཛམ་གླིང་གི་ས་ཕྱོགས་གང་དུ་གནས་ཡོད་པའི་གྲོགས་པོ་རྣམ་པ་ཚང་མར་ཐུགས་རྗེ་ཆེ་བརྗོད་རྒྱུ་ཡིན། སྤྱིར་བཏང་ང་ཚོ་འདིར་བཙན་བྱོལ་བ་ཆགས་ཏེ་རྒྱ་གར་ནང་རང་དབང་ཆ་ཚང་ཞིག་ལོངས་སྤྱོད་ཐུབ་ཀྱི་ཡོད་པར་བརྟེན། ཡུལ་གྲུ་མང་པོར་སླེབས་ཀྱི་ཡོད། ངོས་རང་ས་ཆ་གང་དུ་ཕྱིན་ཡང་། མི་དང་མི་ཐུག་གི་ཡོད་བསམ་པ་ཞིག་མ་གཏོགས། ང་ཨེ་ཤི་ཡའི་མི་ཡིན། ང་བོད་པ་ཡིན། ང་ནང་པ་ཡིན་བསམ་གྱི་མེད། མི་དང་མི་ཐུག་གི་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་སྟབས། རང་བཞིན་གྱིས་གཅིག་གིས་གཅིག་ལ་ཡིད་ཆེས་དང་། གྲོགས་པོ་ཆགས་ཀྱི་འདུག དེར་བརྟེན་ཡུལ་གྲུ་ཁག་མང་པོར་ངོས་ཀྱི་གྲོགས་པོ་ཡོད། དཔེར་ན། ཁ་ཆེའི་ཆོས་པ་དང་། ཡི་ཤུ་ཆོས་པ། ཧིན་དྷུའི་ཆོས་པ། ཇིའུ་ཆོས་པ་དེ་དང་དེ་འདྲ་བའི་འཛམ་གླིང་གི་ཆོས་ལུགས་ཁག་གི་ནང་གྲོགས་པོ་མང་པོ་ཡོད། དེ་བཞིན་ཆོས་ལུགས་ཁས་མི་ལེན་མཁན་ཚན་རིག་པའི་ནང་དུའང་གྲོགས་པོ་མང་པོ་ཡོད། ཚང་མས་ངོས་ཀྱི་སྐྱེས་སྐར་ལ་འཚམས་འདྲི་བྱེད་ཀྱི་ཡོད་པས་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེར་བརྟེན་ཁྱེད་རྣམ་པས་ངོས་ཀྱིས་རྟག་ཏུ་རྗོད་བཞིན་པའི་དོན་ཚན་གསུམ་འདི་སེམས་ལ་བཅངས་སྟེ་ངོས་རང་གྲོགས་པོ་ཡིན་པའི་ཆ་ནས་གང་ཐུབ་ད་ལྟ་བར་དུ་གནང་གི་ཡོད་པ་རེད་ལ་མུ་མཐུད་ནས་གནང་རོགས་བརྗོད་རྒྱུ་ཡིན།
དེ་ཡང་དང་པོ། ངོས་རང་འཛམ་གླིང་ཐོག་མི་དུང་ཕྱུར་ ༧༠ ཙམ་ཡོད་པའི་ནང་གཅིག་རེད། ང་ཚོ་མི་ཡིན་པ་མ་ཟད། བདེ་བ་ལས་སྡུག་བསྔལ་མི་འདོད་པ་དང་། སེམས་ནང་ཞི་བདེ་འདོད་ཀྱང་རྣམ་རྟོག་དབང་གིས་མ་སྐྱིད་པ་ཡོང་གི་ཡོད། མི་ཚང་མར་རྣམ་དཔྱོད་ལྡན་ཡོད་པ་དང་། ཚང་མ་མ་ལས་སྐྱེས་ཏེ་མ་གཙོས་སོ་སོའི་གཉེན་ཉེའི་བྱམས་བརྩེས་བསྐྱངས་པའི་འོག་འཚར་ལོངས་བྱུང་བ་ཞིག་ཆགས་ཡོད་སྟབས། ང་ཚོ་ཚང་མར་ལྷན་སྐྱེས་ཀྱིས་ཕན་ཚུནབརྩེ་བ་ཡོད། དེར་བརྟེན་མི་སུ་ལ་ཐུག་པ་ཡིན་ན་ཡང་མི་གཅིག་གྱུར་ཡིན་པའི་འདུ་ཤེས་ཀྱི་ཐོག་ནས། ཚང་མ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཡིན་པར་བརྟེན། རྐྱེན་སྣ་ཚོགས་ཤིག་འཕྲད་པ་ཡིན་ན་ཡང་། སེམས་ཀྱི་བྱམས་བརྩེ་ཡོད་ན། ཕྱིའི་རྣམ་རྟོག་རུ་འཛིངས་པ་ཡིན་རུང་སེམས་ཞི་བདེའི་ངང་གནས་ཐུབ་པ་ཞིག་ཡོང་ཐུབ་ཀྱི་ཡོད། དེ་མིན། དེང་སྐབས་འཛམ་གླིང་གི་གནམ་གཤིས་ལའང་འགྱུར་བ་ཆེན་པོ་འགྲོ་བཞིན་ཡོད། དེ་འགྲོ་བ་མིའི་སྤྱིའི་ཁེ་ཕན་ལ་ཐུག་ཡོད། ཁོར་ཡུག་ལ་རྒྱལ་ཁབ་ཀྱི་ས་མཚམས་དང་ཆོས་ལུགས། མི་རིགས་ཀྱི་དབྱེ་བ་མེད། ཐ་ན་བྱ་རི་དྭགས་མཚོན་པའི་སྲོག་ཆགས་ལའང་ཁོར་ཡུག་གི་འབྲེལ་བ་ཡོད་སྟབས། ལ་དྭགས་ནང་ཁོར་ཡུག་ལ་དམིགས་བསལ་དོ་སྣང་བྱེད་པ་ཡག་པོ་འདུག དོ་སྣང་མ་བྱས་ན་ས་སྐམ་པོ་ཐལ་རྡུལ་འཚུབ་འཚུབ་འདི་དེ་ལས་སྡུག་རུ་འགྲོ་རྒྱུ་རེད། ང་ཚོས་ཁོར་ཡུག་ལ་དོ་སྣང་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་བཞིན་འཛམ་གླིང་འདིའི་སྟེང་གནས་པའི་ང་ཚོ་ཚང་མ་མི་གཅིག་གྱུར་ཡིན་པའི་ཐོག་ནས་འཛམ་གླིང་འདི་བདེ་སྐྱིད་ལྡན་པ་ཞིག་དང་། དུས་རབས་ཉེར་གཅིག་པ་འདི་འཚེ་མེད་ཞི་བདེ་དང་བྱམས་བརྩེའི་དུས་རབས་ཤིག་ཡོང་ཐུབ་རྒྱུར་ཚང་མས་འབད་བརྩོན་གནང་རོགས་ཞེས་བརྗོད་རྒྱུ་ཡིན།
གཉིས་པ། ངོས་རང་ནང་པའི་ཆོས་པ་ཞིག་རེད། འཛམ་གླིང་འདིའི་ནང་ལྟ་གྲུབ་ཡོད་པའི་ཆོས་བརྒྱུད་ཚང་མས་བྱམས་བརྩེ་ཉམས་ལེན་དགོས་པ་གཅིག་གྱུར་གྱིས་གསུང་གི་ཡོད། ཆོས་ལུགས་ཚང་མའི་བསླབ་བྱ་གཙོ་བོ་འཚེ་བ་མེད་པ་རེད། དེར་བརྟེན་འཛམ་གླིང་འདིའི་ཐོག་གི་ཆོས་ལུགས་གཙོ་ཆེ་བ་ཚང་མས་བྱམས་བརྩེ་གསུང་གི་ཡོད། བྱམས་བརྩེ་ཉམས་ལེན་ཡོང་བ་ལ་འགལ་རྐྱེན་ཁོང་ཁྲོ་རེད། དེར་བརྟེན་བཟོད་པའི་ཉམས་ལེན་དང་། དེ་བཞིན་གང་ཞིག་གིས་གནོད་པ་བྱས་པ་ཡིན་ན་ཡང་དེ་ལ་འཁོན་ལན་མི་སློག་པ་དེ་ཚོ་གཅིག་པ་རེད། མིའི་ཁམས་དང་མོས་པ་མི་འདྲ་བར་བརྟེན་ནས་ལྟ་གྲུབ་མི་འདྲ་བ་དགོས་ཀྱི་ཡོད། བསམ་བློ་ཡག་པོ་བཏང་ན་འཛམ་གླིང་གི་ཆོས་ལུགས་གཙོ་ཆེ་བ་དེ་ཚོས་བསླབ་བྱ་གཅིག་གྱུར་རེད། དེར་བརྟེན་གཅིག་གིས་གཅིག་ལ་གུས་བརྩི་བྱས་ཏེ། ཆོས་ལུགས་མཐུན་སྒྲིལ་བྱེད་ཐུབ་པ་གནང་དགོས། ཆོས་ལུགས་མཐུན་སྒྲིལ་ངེས་པར་དུ་དགོས།
ད་ལྟ་འཛམ་གླིང་འདིའི་ཐོག་ཉིན་རེ་བཞིན་ཆོས་དད་ཀྱི་ཐོག་ནས་མི་སྟོང་ཕྲག་མང་པོ་གསོད་རེས་གཏོང་གི་ཡོད་རེད། དེང་སང་འབར་མ་དང་། ཤྲི་ལང་གར་ནང་པ་དང་ཁ་ཆེའི་བར་འཁྲུག་པ་རྒྱག་པ་དེ་འདྲ་ཡོང་གི་ཡོད། ཧ་ལས་པའི་ཐབས་སྐྱོ་བོ་རེད། ངོས་ཀྱིས་ནམ་རྒྱུན་ཤོད་ཀྱི་ཡོད། ནང་པ་ཚོས་ཁ་ཆེའི་ཆོས་པར་སྡང་ཟུག་ཡོང་སྐབས། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞལ་རས་སྒོམ་རོགས། བཅོམ་ལྡན་འདས་ཀྱི་ཞལ་རས་བསྒོམ་ན་རྡུང་རྡེག་མྱོང་པའི་ཉམ་ཐག་པའི་མི་དེ་ཚོར་རྒྱབ་སྐྱོར་གནང་གི་རེད། ང་རང་ཚོ་ཚང་མས་འགན་ཁུར་ན་ཆོས་ལུགས་མཐུན་སྒྲིལ་ཡོང་ཐུབ་ཀྱི་རེད། དེར་བརྟེན་རིམ་པ་གཉིས་པ་དེ། ང་ནང་པ་ཞིག་པའི་ངོས་ནས། འཛམ་གླིང་གི་རིས་སུ་མ་ཆད་པའི་ཆོས་ལུགས་ཚང་མ་མཐུན་སྒྲིལ་དམ་གཙང་ཡོང་བའི་རེ་བ་བྱེད་ཀྱི་ཡོད། ཁྱེད་རང་ཚོས་ཀྱང་རང་ཉིད་གང་དུ་ཡོད་པའི་ས་ཕྱོགས་དེ་དང་དེའི་ཆོས་ལུགས་ཚང་མ་སྤུན་ཟླ་ལྟར། དམ་ཚིག་གོང་བུ་གཅིག་གྱུར་ཡོང་ཐབས་གནང་རོགས་ཞུ་རྒྱུ་ཡིན།
དོན་ཚན་གསུམ་པ། ངོས་རང་བོད་པ་རེད། བོད་མི་ས་ཡ་དྲུག་གིས་ངོས་ལ་རེ་བ་དང་ཡིད་ཆེས་བྱེད་ཀྱི་ཡོད་སྟབས། རང་བཞིན་གྱིས་སེམས་ཁུར་བྱེད་དགོས་པ་ཞིག་ཆགས་ཡོད། ལྷག་པར་བོད་གངས་ཅན་ལྗོངས་སུ་ཡོད་པའི་སངས་རྒྱས་ཀྱི་བསྟན་པ་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་རིག་པའི་ལམ་ནས་གཏན་ལ་ཕབ་ཐུབ་པའི་ཆོས་བརྒྱུད་ཅིག་ཆགས་ཡོད། ངོས་ཀྱིས་ནམ་རྒྱུན་བོད་གངས་ཅན་ལྗོངས་ཀྱི་སངས་རྒྱས་ཀྱི་བསྟན་པ་འདི་འཛམ་གླིང་གི་གཅེས་ནོར་རེད། ཅེས་ཤོད་ཀྱི་ཡོད། དེ་ལྟ་བུའི་སངས་རྒྱས་ཀྱི་བསྟན་པ་དེ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གཏོང་དགོས་པ་དེ་གལ་ཆེན་པོར་བརྩི་ཡི་ཡོད། ང་ཚོ་བོད་མི་རིགས་ལ་མཚོན་ན་ཡང་། བོད་ལ་ཡོད་པའི་སངས་རྒྱས་པའི་ཆོས་དང་། དེ་དང་འབྲེལ་བའི་ལྟ་གྲུབ་དེ་དག་བོད་མི་རིགས་ཀྱི་བླ་སྲོག་ལྟ་བུ་ཆགས་ཡོད། དེར་བརྟེན་བོད་པ་ཞིག་ཡིན་པའི་ཆ་ནས་བོད་པའི་སྐད་ཡིག་ཐོག་ཡོད་པའི་རིག་གཞུང་གཏིང་ཟབ་དེ་དག ཆོས་ལ་དད་པ་ཡོད་མེད་གང་ཡིན་རུང་དེར་དོ་སྣང་དང་སློབ་སྦྱོང་བྱེད་དགོས་རྒྱུ་གལ་ཆེན་པོ་རེད། དེ་ང་བོད་མི་ཞིག་ཡིན་པའི་ཆ་ནས་བོད་མི་ཚང་མར་འབོད་སྐུལ་བྱེད་ཀྱི་ཡོད། ཆབ་སྲིད་ཟེར་བ་དེ་དུས་ཀྱི་འགྱུར་བ་དང་ཉམས་འགྱུར་བ་སྣ་ཚོགས་འགྲོ་ཡི་ཡོད་རེད། ལོ་བཅུ་དྲུག་ནས་ལོ་བདུན་ཅུ་དོན་དྲུག་བར་ངས་འགན་ཁུར་བ་རེད། དངོས་ཡོད་གནས་ཚུལ་དང་ཉམས་མྱོང་ཕྱོགས་བསྡོམས་བྱས་པའི་འབྲས་བུར། བོད་རང་བཙན་རྩོད་ཀྱི་མིན། རྒྱ་བོད་གཉིས་མོས་ཀྱི་ལམ་ཞིག་འཚོལ་གྱི་ཡོད།
རྒྱ་བོད་གཉིས་མོས་ཀྱི་ལམ་ལ་ཞུགས་པའི་རྒྱུ་མཚན་ལ་བརྟེན་ནས། བོད་ཀྱི་གནས་ཚུལ་ཤེས་མཁན་དང་། ཤེས་ཡོན་མཁན་གཙོ་བོར་གྱུར་པའི་རྒྱ་རིགས་མི་མང་མང་པོ་ཞིག་གིས་ང་ཚོར་རྒྱབ་སྐྱོར་དང་ཤ་ཚ་བྱེད་ཀྱི་ཡོད། ཡུལ་ག་བར་ཡིན་ན་ཡང་མི་མང་དེ་ཡུལ་གྱི་བདག་པོ་རེད། དེར་བརྟེན་མི་མང་གི་ནང་ནས་བདེན་པར་རྒྱབ་སྐྱོར་བྱེད་མཁན་ལོ་རེ་ནས་ལོ་རེ་ཇེ་མང་དུ་འགྲོ་ཡི་ཡོད་རེད། དེར་བརྟེན་ང་ཚོས་གཙོ་བོ་དེ་སོ་སོའི་ཆོས་དང་རིག་གཞུང་། སྐད་ཡིག་ཟུར་དུ་ཡོད་པ་དེ་དག་བདག་པོ་རྒྱག་དགོས་པ་དེ་གལ་ཆེ་ཤོས་རེད། ཆབ་སྲིད་འཐབ་རྩོད་ཀྱི་འགྲོ་སྟངས་འཚེ་བ་མེད་པ་དང་བདེན་པ་རྩ་བར་བཞག་སྟེ། དངོས་གནས་རང་རྒྱལ་གཞན་ཕན་མིན་པར། གཉིས་སྨན་ཐོག་བདེན་མཐའ་གསལ་རྒྱུར་འབད་བརྩོན་བྱེད་བཞིན་ཡོད། ངོས་རང་བོད་མི་ཞིག་ཡིན་པའི་ངོས་ནས་རོགས་རམ་གནང་རོགས་ཞུ་རྒྱུ་ཡིན། ཁྱེད་རང་ཚོས་བོད་ཀྱི་དངོས་ཡོད་གནས་ཚུལ་གསལ་བཤད་གནང་བའི་ཐོག་བདེན་པའི་བདེན་རྒྱབ་གནང་རོགས་བརྗོད་རྒྱུ་ཡིན།
སྤྱིར་བཏང་འཛམ་གླིང་འདིའི་ཐོག་མིག་ལྟོས་ལྟ་བུར། དཀའ་ངལ་འཕྲད་སྐབས་འཚེ་བའི་ལམ་ལ་འགྲོ་རྒྱུ་ཞིག་འདུག དཀའ་ངལ་ག་དུས་ཡིན་རུང་ཕྲན་བུ་གནས་ངེས་རེད། འོན་ཀྱང་འཚེ་བ་མེད་པའི་ལམ་ལ་བརྟེན་ནས་དཀའ་ངལ་སེལ་ཐབས་བྱེད་རྒྱུ་མ་གཏོགས་དེ་ལས་ལྷག་པའི་ཐབས་ལམ་གཞན་མེད། དེར་བརྟེན་ང་ཚོ་བོད་གངས་ཅན་པས་བདེན་པའི་འཐབ་རྩོད་བྱེད་རྒྱུ་དེ་མཐའ་གཅིག་ཏུ་འཚེ་བ་མེད་པའི་ལམ་དུ་ཕྱིན་པ་དེས་འབྲས་བུ་ཐོན་ཐུབ་པ་ཞིག་བྱུང་ན། འཛམ་གླིང་འདིའི་ཐོག་དཀའ་ངལ་འཕྲད་བཞིན་ཡོད་པ་མང་པོ་ཞིག་ལ་མིག་དཔེ་སྟོན་ཐུབ་རྒྱུ་ཞིག་ཆགས་ཡོད། ང་ཚོས་འཚེ་བ་མེད་པའི་གཉིས་ཕན་གྱི་ལམ་ལ་བརྟེན་ནས་དཀའ་ངལ་སེལ་ཐབས་བྱས་དང་བྱེད་མུས་ཡིན་པ་དེར་གལ་སྲིད་ཕམ་ཉེས་ཕྱིན་ན། འཛམ་གླིང་གི་མིས་འཚེ་བ་མེད་པའི་ལམ་ལ་བརྟེན་ནས་དཀའ་ངལ་ལ་གདོང་ལེན་བྱེད་རྒྱུར་འབྲས་བུ་འཐོན་རྒྱུ་མེད། ཅེས་བརྗོད་ཀྱི་རེད། དཔེར་ན། བོད་པས་འཚེ་བ་མེད་པའི་ལམ་ལ་བརྟེན་ནས་བདེན་པའི་འཐབ་རྩོད་བྱེད་བཞིན་པར་བདེན་རྒྱབ་གནང་བ་དེ་ནི་བོད་པར་ཤ་ཚ་ནས་བདེན་རྒྱབ་གནང་བ་ཞིག་མ་རེད། འཛམ་གླིང་འདིའི་ཐོག་འཚེ་བ་མེད་པའི་འཐབ་རྩོད་དེ་དངོས་གནས་མིག་དཔེ་སྟོན་ཐུབ་རྒྱུ་ཞིག་དང་། ལམ་སྟོན་བྱེད་རྒྱུ་དེ་གནད་འགག་ཆགས་ཀྱི་འདུག བཀྲ་ཤིས་བདེ་ལེགས།
སངས་རྒྱས་ཀྱི་བསྟན་པ་དེ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གཏོང་དགོས་ན་བོད་མི་རིགས་ཕན་ཚུན་དབར་ཕྱོགས་ཞེན་མི་འཛིན་པར་ངེས་བར་ཏུ་ནང་མཐུན་སྒྲིལ་ཡོད་དགོས།
ལྷར་བཅས་སྲིད་ཞིའི་གཙུག་རྒྱན་༧གོང་ས་༧ལྷ་མིའི་རྣམ་འདྲེན་རྒྱལ་དབང་སྐྱབས་མགོན་རིན་པོ་ཆེ་མཆོག་གི་གསུང་བ་ལ་མངོན་པར་བསྟོད་དོ། ཁོང་གི་སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོར་བརྟན་པ་ཤོག ཨཱོ་མ་ཎི་པདྨེ་ཧཱུཾ་
ཨཱོ་མ་ཎི་པདྨེ་ཧཱུཾ་
ཨཱོ་མ་ཎི་པདྨེ་ཧཱུཾ་
ཨཱོ་མ་ཎི་པདྨེ་ཧཱུཾ་
ཨཱོ་མ་ཎི་པདྨེ་ཧཱུཾ་
ཨཱོ་མ་ཎི་པདྨེ་ཧཱུཾ་
ཨཱོ་མ་ཎི་པདྨེ་ཧཱུཾ་
༄༅། བདེ་ལེགས་སུ་གྱུར་ཅིག
་
སྤྱན་རས་གཟིགས་ཀྱི་སྤྲུལ་པ།
རྒྱལ་བ་ཕྱག་ན་པདྨ།
རྩ་་བའི་བླ་མའི་བྱིན་རླབས།
སྐྱེ་དགུར་འཇུག་པར་སྨོན་ནོ། ༡ །།
་
ལ་དྭགས་ཆོས་ལུགས་མི་འདྲ།
ཚང་མར་བདེ་བར་གནས་པ།
མིའི་རིགས་བྱམས་པའི་སྟོབས་ཡིན།
རྒྱལ་བ་རིན་པོ་ཆེས་གསུང་།། ༢ །།
་
རྒྱལ་བ་རིན་པོ་ཆེ་ལ།
ཁ་ཆེའི་བླ་མ་ཆེན་པོ།
པིར་གྱིས་སྤྱན་ཆབ་སྩལ་པ།
ཕན་ཕུན་བྱམས་པའི་རྟགས་ཡིན།། ༣ །།
་
སངས་རྒྱས་པ་དང་ཨི་ཤུ།
ཤ་ཧིད་སུ་ནིའི་ཆོས་ལུགས།
སྤུན་ཟླ་མཐུན་པར་འདུག་པ།
ཕན་ཚུན་བྱམས་པའི་སྟོབས་ཡིན།། ༤ །།
་
སློབ་དཔོན་པདྨའི་སློབ་མ།
སྟག་ཚང་གྲུབ་ཆེན་ལ་གུས།
ས་སྐྱ་པ་དང་དགེ་ལུགས།
ཀུན་གྱིས་བྱམས་པར་བསྟོད་མཛད།། ༥ །།
་
རྒྱལ་བ་ཕྱག་ན་པདྨ།
བྱམས་དང་སྙིང་རྗེའི་རངགཟུགས།
ས་སྟེང་འགྲོ་བའི་མགོན་པོས།
བྱམས་སྙིང་སྤེལ་ཅིག་གསུང་ངོ་།། ༦ །།
་
མར་ཡུལ་ལ་དྭགས་ཡུལ་དུ།
རྒྱལ་བ་ཕྱག་ན་པདྨ།
ཡང་དང་ཡང་དུ་འབྱོན་པས།
མི་ལ་བྱམས་སྙིང་འཕེལ་ཅིག། ༧ །།
་
ལྷ་ཀླུ་གསོལ་རུང་མེད་རུང་།
རང་ལ་བྱམས་སྙིང་ཡོད་ན།
མི་ལུས་དོན་ལྡན་ཡིན་པར་།
རྒྱལ་བ་རིན་པོ་ཆེས་གསུང་།། ༨ །།
ལ་དྭགས་སྐྱེ་བོ་ཀུན་ལ།
ཕན་ཚུན་བྱམས་པ་ཡོད་པར།
འགྲོ་བའི་མགོན་པོས་གཟིགས་ཏེ།
ཐུགས་དགྱེས་ཡོད་པར་མཇལ་ལོ།། ༩ །།
བྱམས་པ་ཆེན་པོའི་སྟོབས་ཀྱིས།
རང་གི་རྩ་བའི་བླ་མའི།
སྐུ་ཚེ་ཞབས་པད་བརྟན་པར།
ཡང་ཡང་གསོལ་བ་ཐོབས་ཤིག། ༡༠ །།
རྒྱལ་བ་ཕྱག་ན་པདྨ།
མོས་གུས་ཉི་མས་བཞད་དེ།
བྱམས་པའི་དྲི་མངར་བཟང་པོ།
ལ་དྭགས་ཡོངས་ལ་ཁྱབས་ཤིག། ༡༡ །།
་
ཅེས་པའི་སྤྲིངས་ཡིག་སྙིང་གཏམ།
ལ་དྭགས་ལ་སྐྱེས་མི་ཡིས།
ལ་དྭགས་པ་ལ་ཕུལ་པ།
དོན་དང་ལྡན་པར་གྱུར་ཅིག། ༡༢ །།
ཨོཾ་མ་ཎི་པདྨེ་ཧཱུཾ།
ཞུས་དག་བྱས་པའི་དགེ་བས་མ་དག་པར་འབྲི་བ་པོ་དེ་ཉིད་སྤྱན་རས་གཟིགས་སུ་གྱུར་ཅིག དེ་ནས་བདག་སོགས་འཁོར་བ་ནས་ཐར་པའི་ལམ་ལ་ཆུག་ཆིག་གོ