རྔ་བ་རྒྱལ་ཁམས་པ།
དེའང་ཇི་སྐད་དུ། ལྷ་མོ་དྲི་མ་མེད་པ་ལུང་བསྟན་པའི་མདོ་ལས། ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ན། གདོང་དམར་ཅན་གྱི་ཡུལ་དུ་དམ་པའི་ཆོས་དར་བར་འགྱུར་རོ།། ཞེས་བྱུང་། བོད་ཀྱི་མཁས་པ་ཁ་ཅིག་གིས། ལུང་བསྟན་དེ་ནི། བོད་ཡུལ་དུ་ནང་ཆོས་དར་འགྱུར་གྱི་ལུང་བསྟན་དུ་ངོས་འཛིན་གནང་ཡོད་ཀྱང་། དེ་ནི་བོད་ལ་སངས་རྒྱས་ཀྱི་ཆོས་ལུགས་དུས་ནམ་ཞིག་དར་བའི་ལོ་རྒྱུས་དངོས་དང་ཐོ་གཏན་ནས་མི་ཐུག་པ་ཞིག་རེད།
སྤྱིར་འདས་ལོའི་བརྩི་ཚུལ་ཐད་བཞེད་ཕྱོགས་མི་འདྲ་བ་མང་དུ་ཡོད་ནའང་། ཕུག་པ་ལྷུན་གྲུབ་རྒྱ་མཚོ་དང་ཁོང་གི་རྗེས་འབྲངས་ཕལ་མོ་ཆེས། སྤྱི་ལོ་སྔོན་གྱི་ལོ་གྲངས༨༨༡པ་སྟོན་པའི་འདས་ལོར་ངོས་བཟུང་བས། ཕུག་ལུགས་ཞེས་འདས་ལོ་ཆེས་མང་བའི་བརྩི་ཕྱོགས་གཅིག་དང་། མདོ་སྨད་པ་དགེ་འདུན་ཆོས་འཕེལ་སོགས་ཀྱིས་གནས་བརྟན་སྡེ་བའི་ལུགས་ལྟར། སྟོན་པའི་འདས་ལོ་སྤྱི་ལོ་སྔོན་གྱི་ལོ་གྲངས༥༤༥བར་ཆ་འཇོག་གནང་སྟེ། གནས་བརྟན་སྡེ་བ་ལྟར་གྱི་འདས་ལོ་ཆེས་ཉུང་བའི་ཕྱོགས་དེ་དངོས་དོན་ཞིག་ཡིན་ཚུལ་ཞལ་གྱིས་བཞེས་ཡོད། བརྩི་ཚུལ་ཕྱི་མ་འདི་ནི་ཡོངས་གྲགས་ནང་བའི་རྒྱལ་ཁབ་ཐུན་མོང་གི་བརྩི་སྟངས་ཤིག་ཀྱང་རེད། ཕུག་ལུགས་ལྟར་ན། སྟོན་པ་འདས་ནས་ལོ༡༣༡༤སོང་བ། སྤྱི་ལོ༤༣༣ལོ་ལྷ་ཐོ་ཐོ་རི་སྙན་བཙན་གྱི་དུས་བོད་ལ་སངས་རྒྱས་ཆོས་ལུགས་དར་བར་ཆ་འཇོག་བྱས་ན། ལོ༡༡༨༦གིས་བར་ཁྱད་བརྒྱུགས་པས་མི་འགྲིགས། གནས་བརྟན་སྡེ་བའི་ལུགས་ལྟར་བྱས་ན། སྟོན་པ་འདས་ནས་ལོ༩༧༨སོང་བ། སྤྱི་ལོ༤༣༣ལོར་བོད་ལ་སངས་རྒྱས་ཆོས་ལུགས་དར་བར་ཆ་འཇོག་བྱས་ན། ལོ༡༥༢༢གྱིས་ཁྱད་བརྒྱུགས་པས་མི་འགྲིགས། ཡིན་རྒྱུ་ནི་འདི་ཡིན་པ་འདྲ་སྟེ། གནས་བརྟན་སྡེ་བའི་ལུགས་ལྟར་ན། འདས་ལོ༥༤༥སྟེང་སྤྱི་ལོ༡༩༥༩བསྣན་པས། ༢༥༠༤ལོར་བོད་རང་བཙན་ཤོར། དེ་ནས་ཕྱི་གླིང་དུ་སངས་རྒྱས་ཆོས་ལུགས་དར་ཁྱབ་ཤུགས་ཆེར་འགྲོ་བའི་མགོ་ཚུགས་པ་ཞིག་ཡིན་ཞེས་ཆ་འཇོག་བྱས་ན། སྟོན་པས། ༼ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ༢༥༠༠ན། གདོང་མར་ཅན་གྱི་ཡུལ་དུ་དམ་པའི་ཆོས་དར་བར་འགྱུར་རོ༽ ཞེས་པའི་ལུང་བསྟན་དེ་ཕལ་ཆེར་ཐོ་ཐུག་ཐུབ་པ་ཞིག་འདུག་གོ།
ལར་ནས་རྒྱ་གར་ན་ཆོས་རྒྱལ་མྱ་ངན་མེད(304–232 BCE) ཀྱིས་རྒྱལ་སྲིད་སྐྱོང་སྐབས་དང་། རྒུ་རིག་ན་གཡུལ་རྒྱལ་ཆེན་པོ་ཨེ་ལེགས་ཟན་སྒྲར( 356 – June 323 BC)གྱིས་རྒྱལ་ཁམས་སྐྱོང་བའི་དུས་དང་། གནའ་བོའི་དཀྱིལ་ཤར་རྒྱལ་ཁམས་ད་ལྟའི་ཨ་ཧྥི་རྒན་དང་། པ་ཀི་སི་ཏྲན་བརྒྱུད། སངས་རྒྱས་ཆོས་ལུགས་ནུབ་ཕྱོགས་སུ་དར་མྱོང་བའི་ལོ་རྒྱུས་ཐར་ཐོར་འགའ་རེ་བཞུགས་མོད། ཡོངས་གྲགས་སངས་རྒྱས་ཆོས་ལུགས་ནུབ་ཕྱོགས་སུ་དར་ཁྱབ་ཤུགས་ཆེར་འགྲོ་བའི་དུས་ནི། གོང་ནས་ཞུས་པ་ལྟར་བོད་རང་བཙན་ཤོར་བ་ནས་མགོ་ཚུགས་པ་ཞིག་ཡིན་ཞེས་བཤད་ན་དངོས་དོན་དང་འབྱོར་ཞིང་། ཡིད་རྟོན་རུང་བ་ཞིག་སྟེ། ཁ་ཆེ་པན་ཆེན་ཤྰཀྱ་ཤྲྰིས། ལུང་བསྟན་དེ་བཞིན་ཕྱི་གླིང་གི་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་དར་བའི་ལུང་བསྟན་དུ་བཞེད་ཚུལ། ༧གོང་ས༧སྐྱབས་མགོན་ཆེན་པོས་ཞལ་ལས་གསུངས་པ་ཞིག་བདག་གིས་ཐོས་མྱོང་། ༼༧གོང་ས༧མཆོག་གིས་འདི་སྐོར་བཀའ་སློབ་བསྩལ་པ་ཞིག་གོ་མྱོང་མོད་ཆ་ཚང་ཞིག་མ་དྲན༽།
རིགས་རུས་དང་། གྲལ་རིམ། དགྲ་གཉེན་སོགས། ཚུར་མཐོང་གི་སྣང་བའི་མཐའ་མཚམས་ལས་བརྒལ་བའི་སངས་རྒྱས་ཆོས་ལུགས་ནུབ་ཕྱོགས་སུ་དར་བ་ནས། ཤར་ཕྱོགས་ཀྱི་ལྟ་བ་སྟེ། ལུས་སེམས་གཉིས་ལས་སེམས་དང་། རྟག་བརྟན་གྱི་སྲིད་པ་ལས་རྟེན་འབྲེལ་གྱི་ཆོས་ཉིད་ལ་བློ་ཕུགས་བཅོལ་བའི་ཕྱི་གླིང་བ་མང་ནས་མང་དུ་འགྲོ་བཞིན་ཡོད། རང་བཞིན་གནས་རིག་སེམས་ཅན་ཀུན་ཀྱི་རྒྱུད་ལ་ཡོད་པ་དང་། སེམས་ཅན་ཐམས་ཅད་མ་རུ་འཛིན་པའི་འདུ་ཤེས། ཚད་མེད་པའི་བྱང་ཆུབ་གྱི་སེམས་ཞེས་པར་ཡིད་ཆེས་བྱེད་མཁན་ཞིག་གི་ངོས་ནས་བལྟས་ན། རྒྱལ་བསྟན་ནུབ་ཕྱོགས་སུ་དར་བ་ནི། ངོ་གདོང་སྐུང་བའི་འདྲ་འབག་གི་འོག་ནས་བྱུང་བའི་ཆོས་དང་། འཇིག་རྟེན་གྱི་ལྟ་བའི་བཀག་རྒྱ་བཀྲོལ་བའི་འཆིང་གྲོལ་གྱི་ལམ་ཁ་གསར་བ་ཞིག་དར་བ་ཡིན་པས། བཟང་བོ་སྤྱོད་པའི་སྨོན་ལམ་ལྟར་ཡིད་སྨོན་དང་དགའ་བསུ་བྱེད་འོས་པ་ཞིག་ཡིན།
འོན་ཀྱང་། གནས་ཚུལ་འདིའི་ནང་ང་ཚོ་བོད་བརྒྱུད་ནང་བ་སྤྱི་དང་། ཁྱད་པར་བོད་པ་ནང་ཆོས་སྤེལ་མཁན་ཚོས་ཐུགས་སྣང་གནང་དགོས་པ་ཞིག་ནི། ནུབ་ཕྱོགས་སུ་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་མི་སྣའི་མིང་བརྡ་སྦྱོར་སྟངས་དེ་ཡིན། ངས་མཐོང་ཚུལ་ཞིག་ལ་ནུབ་ཕྱོགས་སུ་ཁྱིམ་པ་དང་། རབ་བྱུང་གང་ཡིན་ལ་མ་ལྟོས་པར་བོད་ཀྱི་གྲྭ་ཆས་གྱོན་མཁན་ཚང་མ་ལ༼བླ་མ༽ཞེས་འབོད་ཀྱིན་འདུག ཅིག་བྱས་ན། འབོད་སྟངས་དེ་ཏྰ་ལའི་བླ་མའི་མཚན་སྙན་དར་ཁྱབ་ཆེར་པོར་སོང་བ་དང་། རྒྱ་གཞུང་གིས་བོད་ཀྱི་ནང་ཆོས་ལ་བླ་མའི་ཆོས་ཞེས་འཁྱོག་བརྗོད་བྱས་པ། ཡང་ན། ཤར་བ་དང་། རྟ་མང་སོགས་བོད་རྒྱུད་ལས་ཁྱད་པའི་བལ་ཡུལ་མི་རིགས་ཁ་ཤས་ཀྱི་མིང་མཇུག་ཏུ་བླ་མ་ཞེས་པའི་ཐ་སྙད་སྦྱར་སྲོལ་གྱི་ཤུགས་རྐྱེན་ལས་བྱུང་བ་ཞིག་ཀྱང་ཡིན་སྲིད། ང་ཚོར་ཤེས་རྟོགས་གསལ་བོར་ཡོད་པ་ཞིག་ནི། བླ་མ་ཡིན་ཚད་རབ་བྱུང་ཡིན་དགོས་པའི་ངེས་པ་མེད་ལ། གྲྭ་ཆས་གྱོན་ཚད་བླ་མ་ཡིན་དགོས་པའི་ངེས་པ་དེ་བས་ཀྱང་མེད།
དེས་ན༼བླ་མ༽ཞེས་པའི་ཐ་སྙད་དང་། གྲྭ་བའམ་རབ་བྱུང་། བཙུན་པའམ་བཙུན་མ། དགེ་བསྙེན་སོགས་ཐད་ཀར་མ་ནོར་བར་འབོད་སྲོལ་ཞིག་དར་དགོས་ཀྱི་འདུག ཕྱི་གླིང་བ་དང་རྒྱ་རིགས་གཉིས་ཀའི་ཁྲོད་བོད་པ་ཡིན་མིན་གྱི་གྲྭ་བཙུན་དང་། ཁྱིམ་པ་གྲྭ་གོས་དམར་སེར་གྱོན་མཁན་ཚང་མར༼བླ་མ༽ཞེས་འབོད་ཀྱིན་འདུག དེ་ངའི་སེམས་ནང་གཏན་ནས་འབབ་ཐུབ་པ་ཞིག་མ་བྱུང་། ངས་ཁོང་ཚོར་བླ་མ་དང་། གྲྭ་བ། དགེ་བསྙེན་སོགས། རང་རང་ལ་འོས་བབ་ཀྱི་འབོད་སྲོལ་མི་འདྲ་བ་རེ་ཡོད་པ་ལྟར། ནང་དོན་ཡང་མི་འདྲ་བ་རེ་ཡོད་ཚུལ་ནན་བརྗོད་བྱེད་བཞིན་ཡོད། གལ་སྲིད་ང་ཚོས་ཐ་སྙད་དེ་དག་འོས་བབ་ལྟར་གྱི་སྦྱོར་སྲོལ་ཞིག་གཙིགས་འཛིན་གཏན་འབེབས་མ་བྱས་ཚེ། ཕྱི་གླིང་ན་བོད་བརྒྱུད་ནང་ཆོས་ཀྱི་བླ་མ་དང་། མཁན་པོ། གྲྭ་བ་སོགས་ཀྱི་རྣམ་དབྱེ་མ་དག་རྒྱུན་འབྱམས་སུ་འགྲོ་རྒྱུར་ངེས་པ་ལྟར། བོད་བརྒྱུད་ནང་ཆོས་ཀྱང་མ་དག་རྒྱུན་འབྱམས་སུ་འགྲོ་སྲིད་པ་ཞིག་རེད།
སྤྱིར་བླ་མ་ཞེས་པ་ལེགས་སྦྱར་གྱི་གུ་རུའི་སྒྲ་ལས་དྲངས་ན། གུ་རུ་ཞེས་པ་གོང་མ་དང་ལྕི་བ། བརླིང་བ་བཅས་ཀྱི་དོན་ལ་འཇུག ཡོན་ཏན་གྱི་ཆ་ནས་གཞན་ལས་འཕགས་པས་ན། གོང་མ། ལུང་དང་རྟོགས་པའི་ཡོན་ཏན་གྱི་ཁུར་གྱིས་ལྕི་བས་ན། ལྕི་བ། ཉོན་མོངས་པས་ཡིད་གཡོ་བར་མི་ནུས་པས་ན། བརླིང་བའོ།། དབྱེ་བ་མང་བོ་ཡོད་ཀྱང་། སྐབས་འདིར་རྩ་བརྒྱུད་ཀྱི་བླ་མ་གཉིས་སུ་དབྱེ། རྩ་བའི་བླ་མ་ཞེས་པ་ནི། རང་ལ་དབང་སྐུར། རྒྱུད་བཤད། མན་ངག་གནང་བའི་ཆ་ནས་རྩ་བའི་བླ་མ་ཞེས་བརྗོད།
བརྒྱུད་པའི་བླ་མ་ཞེས་པ་ནི། ཆོས་བརྒྱུད་གཅིག་ནས་གཅིག་ཏུ་རིམ་པར་བརྒྱུད་པའི་བླ་མ་ལ་གོ་དགོས། མིང་དོན་མཚུངས་པའི་བླ་མ་ཞིག་ཡིན་ཕྱིན། སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱིས། མང་དུ་ཐོས་ཤིང་ཤེས་རབ་ཆེ།། ཟ་ཟིང་རྙེད་པ་དོན་མི་གཉེར།། བྱང་ཆུབ་སེམས་ལྡན་སྙིང་རྗེ་ཆེ།། དཀའ་བ་བཟོད་ཅིང་སྐྱོ་ངས་ཆུང་།། མན་ངག་ཆེ་ཞིང་ལམ་ལས་གྲོལ།། རིགས་ལ་མཁས་ཤིང་དྲོད་ཚད་ཤེས།། བཅུ་གཉིས་ལྡན་པ་བསྟེན་པར་བྱ།། ཞེས་དང་། སློབ་དཔོན་ཞི་བ་ལྷས། རྟག་པར་དགེ་བའི་བཤེས་གཉེན་ནི།། ཐེག་ཆེན་དོན་ལ་མཁས་པ་དང་།། བྱང་ཆུབ་སེམས་དཔའི་བརྟུལ་ཞུགས་མཆོག། སྲོག་གི་ཕྱིར་ཡང་མི་གཏོང་ངོ་།། ཞེས་དང་། ཇོ་བོ་ཆེན་པོས་ཆོས་བཞི་དང་ལྡན་པ་ལ་གསུང་སྟེ། མཁས་པས་ལྟ་བ་ཁྱད་དུ་མི་གསོད་པ། བཙུན་པས་འདུལ་ཁྲིམས་ཁྱད་དུ་མི་གསོད་པ། ཚེ་འདི་དོན་དུ་མི་གཉེར་བ། བྱང་ཆུབ་དོན་དུ་གཉེར་བའོ།། ཞེས་དང་། མདོ་སྡེ་རྒྱན་ལས། བཤེས་གཉེན་ཞི་བ་དུལ་བ་ཉེར་ཞི་བ།། ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གིས་ཕྱུག། དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན།། བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བསྟེན།། ཞེས་གསུངས་པ་ལྟར་གྱི་ཡོན་ཏན་དང་ལྡན་པ་ཞིག་ཡིན་དགོས་འདུག
གལ་སྲིད་དེ་ལྟ་བུའི་ཆ་རྐྱེན་མི་ཚང་ནའང་། དཔུང་བཟང་གི་ཞུས་པ་ལས། ཇི་ལྟར་འཁོར་ལོ་གཅིག་པའི་ཤིང་རྟ་ནི།། རྟ་དང་ལྡན་ཡང་ལམ་དུ་མི་འགྲོ་ལྟར།། དེ་བཞིན་སྒྲུབ་པ་ཡི་ནི་གྲོགས་མེད་པ།། ལུས་ཅན་དངོས་གྲུབ་ཐོབ་པར་མི་འགྱུར་རོ།། དེ་ནི་བློ་ལྡན་གཟུགས་བཟང་གཙང་སྤྲ་ཆེ།། རིགས་ནི་བཙུན་ཞིང་ཆོས་ལ་གཞོལ་བ་དང་།། སྤོབས་པ་ཆེ་ཞིང་དཔའ་བ་དབང་བོ་དུལ།། སྙན་པར་སྨྲ་ཞིང་སྦྱིན་ཕོད་སྙིང་རྗེ་ཆེ།། བཀྲེས་དང་སྐོམ་དང་ཉོན་མོངས་བཟོད་པ་དང་།། བྲམ་ཟེ་དང་ནི་ལྷ་གཞན་མཆོད་མི་བྱེད།། བསྒྲིན་ཅིང་གཟོ་ལ་བྱས་པ་གཟོ་བ་དང་།། དཀོན་མཆོག་གསུམ་ལ་དད་པ་གྲོགས་པོ་ཡིན།། དེ་ལྟའི་ཡོན་ཏན་མ་ལུས་ལྡན་པ་དག། རྩོད་པའི་དུས་ནི་ཤིན་ཏུ་དཀོན་པས་ན།། ཡོན་ཏན་ཕྱེད་དམ་བཞི་ཆ་བརྒྱད་ཆ་ཅན།། དེ་ལྟ་བུ་ནི་སྔགས་པས་གྲོགས་པོར་བསྟེན།། ཞེས་གྲོགས་ཀྱི་མཚན་ཉིད་ཀྱི་བརྒྱད་ཆར་མ་མཐར་གསུངས་པས། དེ་བླ་མ་ལའང་མཚུངས་པ་ཇོ་བོས་གསུངས་ཚུལ་རྗེའི་ལམ་རིམ་ཆེན་མོ་ན་གསལ། ལྷག་པར་རྫོགས་ཆེན་དཔལ་སྤྲུལ་གྱིས། བྱང་ཆུབ་ཀྱི་སེམས་ཐུགས་རྒྱུད་ན་ཡོད་མེད་ཀྱིས་བླ་མ་ངོས་འཛིན་བྱེད་པ་ནི། བླ་མ་བརྟག་ཐབས་ཡག་ཤོས་ཤིག་ཏུ་གསུངས་ཡོད། ནང་ཆོས་ལ་གོ་མྱོང་ཅུང་ཟད་ཡོད་པ་ཞིག་གིས་ཀྱང་། བླ་མ་དང་མཁན་པོ་ཞེས་པའི་ཐ་སྙད་འདི་ཚོ་རང་དགར་གང་ཡིན་སར་སྦྱོར་རྒྱུ་ཞིག་མིན་པར་ཧ་གོ་རྒྱུ་རེད།
དེང་སང་སྐྱ་སེར་གང་ཡིན་ལ་མ་ལྟོས་པར་བོད་བརྒྱུད་གྲྭ་ཆས་གོན་པ་དང་། བོད་བརྒྱུད་ནང་ཆོས་ལ་སློབ་གཉེར་རབ་རུབ་རེ་བྱས་པ་ཙམ་གྱིས་བླ་མ་ཞེས་འབོད་སྲོལ་ཞིག་དར་ཡོང་གི་འདུག ང་རང་ངོས་ནས་འདི་ལ་ཕྲག་པ་དོག་པ་ནི་གཏན་ནས་མིན་མོད། མ་དག་རྒྱུན་འབྱམས་སུ་འགྲོ་བཞིན་པའི་འབོད་སྲོལ་འདི་དག་གིས། བླ་མ་ཚད་དང་ལྡན་པ་དང་། མཁན་པོ་ཚད་དང་ལྡན་པ་། བཙུན་པ་རབ་བྱུང་གི་སྡེའི་མཚན་དོན་ཐད་གོ་ནོར་དང་། བོད་བརྒྱུད་ནང་བསྟན་གྱི་རིན་ཐང་ལ་གནོད་པ་ཐེབས་ཀྱི་འདུག ཁ་དཔེར། རྡོ་རྗེ་གོ་ཁར་ལྷུང་ན་ཨ་ལུའི་རྩེད་རྟེན། ཞེས་ཤོད་སྲོལ་ཡོད་པ་ལྟར། བླ་མ་ཞེས་པའི་ཐ་སྙད་འདི་གང་ཡིན་སར་སྦྱར་དྲགས་ན། ནམ་ཞིག་བོད་ཀྱི་བླ་མ་ཞེས་བརྗོད་སྐབས། སོར་བྱང་སྔགས་གསུམ་ལ་རྩིང་བའི་རིགས་ཀྱི་ཁྱིམ་པ་སྐྱ་བོའི་སྡེ་ཞིག་ཏུ་མཐོང་ཞིང་གོ་བར་འགྱུར་བའི་ཉེན་ཁ་འདུག་གོ།
མཁན་པོ་ཞེས་པ་ནི། ཀུན་མཁྱེན་མཚོ་སྣ་བའི་འདུལ་ཊཱིཀ་ལྟར་ན། ཉེ་བར་འཛིན་པ། ཉེ་སྦྱོར། ཉེ་བར་ལུང་འབོགས་པའི་དོན་གྱིས་ན་མཁན་པོ་ཞེས་བྱའོ།། ཞེས་གསུངས་པ་ལྟར། བུ་སྟོན་ཐམས་ཅད་མཁྱེན་པས། མཁན་པོའི་དོན་ཡང་། འདིའི་ཐད་དུ་ཉེ་བར་སོང་སྟེ་ཀློག་པས་ན། མཁན་པོ་སྟེ། བསླབ་པ་རྣམས་ཀློག་པའམ། ཀློག་ཏུ་འཇུག་པས་ན་མཁན་པོ། དགག་སྒྲུབ་གནང་གསུམ་གྱི་བསླབ་པ་ཉེ་བར་ལུང་འབོགས་པའམ་སྟོན་པར་བྱེད་པ་དང་། ཕ་དང་བུའི་འདུ་ཤེས་ཀྱིས་བརྩེ་བས་དམན་པའི་གནས་སུ་ལྷུང་བ་ལས་ཉེ་བར་འཛིན་པ་དང་། དངོས་སུ་བསླབ་པ་རིན་པོ་ཆེ་ལ་ཉེ་བར་སྦྱོར། བརྒྱུད་ནས་མྱ་ངན་ལས་འདས་པ་ལ་སྦྱོར་བར་བྱེད་པས་ན། མཁན་པོ་སྟེ་ཞེས་གསུངས། བོད་བརྒྱུད་ནང་བསྟན་དང་། བོད་པའི་སྤྱི་ཚོགས་ནང་མཁན་པོ་ཞེས་པ་འདིར་དམིགས་བསལ་གྱིས་གུས་བརྩི་དང་། གདེང་འཇོག་ཆེན་པོ་ཞུ་བཞིན་ཡོད། འདི་ལ་རྒྱུ་མཚན་ཡོད།
སྤྱིར་མཁན་པོའི་མཚན་གནས་ལེན་རྒྱུ་ལས་སླ་བོ་ཞིག་མ་རེད། མཚན་གནས་འདི་བླ་སྤྲུལ་ངོས་འཛིན་བྱེད་སྲོལ་ལྟ་བུ་ཞིག་མ་ཡིན་པར། བསླབ་པ་གསུམ་གྱི་མཁྱེན་ཡོན་ཚན་ལོན་མ་ལོན་ཀྱི་ཐོག་ནས་མཁན་ཐོབ་ལེན་གྱི་ཡོད། གྲྭ་སའི་མཁན་པོ་ལྟ་བུར་མཚོན་ན། བསྡུས་གྲྭའི་ཁ་དོག་དཀར་མར་ནས་མགོ་བརྩམས་ཏེ། དབུ་ཕར་འདུལ་མཛོད་སྔགས་དང་བཅས་པའི་གཞུང་ལུགས་རྒྱ་མཚོ་ལྟ་བུར་སྦྱངས་པའི་རྩེ་མོར་སོན་རྗེས། གཞི་ནས་མཁན་པོ་ཞེས་པའི་མཚན་གནས་འདི་ཡོང་སྲིད། ས་རྙིང་བཀའ་ཇོ་བོན་དང་བཅས་པའི་མཁན་པོའི་མཚན་གནས་བཞེས་སྲོལ་དེའང་ཕལ་ཆེར་འདི་དང་ཕྱོགས་འདྲ་བོ་ཞིག་ཡིན་པ་འདྲ།
མདོར་ན། མཁན་པོ་ཞེས་པ་བསླབ་པ་གསུམ་ལྡན་གྱི་དགེ་སློང་ཚད་དང་ལྡན་པ་ཞིག་ཡིན་དགོས། མཁན་ཆས་མཁན་ཞྭ་རྣ་རིང་དང་། ཁྲི་བེར་ལྟ་བུའང་མཁན་པོ་ཁོ་ནར་དབང་བའི་ཆོས་ཤིག་ལས། གོས་དཀར་ལྕང་ལོའི་སྡེར་གཏོགས་ཀྱི་བླ་སྤྲུལ་རིག་པ་འཛིན་མཁན་དག་གིས་ཀྱང་མ་བཞེས་ན་བཟང་སྙམ། འདི་ནི་ཆོས་ཕྱོགས་ཁོ་ནའི་མཁན་པོ་ཞེས་པར་དམིགས་གཏད་ནས་བཤད་པ་ཞིག་ཡིན།
དགེ་བསྙེན། དགེ་བསྙེན་ཞེས་པ་ལེགས་སྦྱར་གྱི་ཨུ་པ་སི་ཀ་ཞེས་པའི་སྒྲ་ལས་དྲངས་ན། ཨུ་པ་ནི་ཉེ་བའམ་བསྙེན་པའི་དོན་དང་། སི་ཀ་ནི་དགེ་བའི་དོན་ཡིན་པས་དགེ་བསྙེན་ཞེས་གསུངས་ཤིང་། རྣམ་དཀར་དགེ་བའི་ཆོས་ལ་ཉེ་བའམ་བཀུར་བར་བྱེད་པས་ན། དགེ་བསྙེན་ཅེས་བྱའོ།། དེ་ལ་དབྱེ་ན་དགེ་བསྙེན་ལྔ་དང་། དྲུག བདུན་སོགས་སུ་དབྱེ་བ་ཡོད། རྗེ་བླ་མའི་འདུལ་བ་རྒྱ་མཚོའི་སྙིང་བོར། སྣ་གཅིག་སྣ་འགའ་ཕལ་ཆེར་སྤྱོད།། ཡོངས་རྫོགས་སྤྱོད་དང་ཚངས་སྤྱོད་དང་།། སྐྱབས་འགྲོའི་དགེ་བསྙེན་རྣམ་པ་དྲུག། ཅེས་གསུངས། དེ་དག་ལས་ཡོངས་རྫོངས་དགེ་བསྙེན་ལྟ་བུ་ཞིག་ཡིན་ན། དཀོན་མཆོག་གསུམ་སྐྱབས་གནས་ཡང་དག་ཏུ་ངོས་ཟིན་པའི་ཐོག མི་ཚེ་ཧྲིལ་བོར་སྲོག་གཅོད་པ། མ་བྱིན་པ་ལེན་པ། ལོག་པར་གཡེམ་པ། རྫུན་སྨྲ་བ། ཆང་འཐུང་བ་བཅས། སྤང་བྱ་ལྔ་སྤོང་དགོས་པ་དགེ་བསྙེན་གྱི་སྡོམ་པའི་འབོགས་ཆོག་ཏུ་གསལ་བོར་གསུངས་འདུག
དེ་བཞིན་དགེ་བསྙེན་ལྷག་མ་ལྔ་ལས་རང་གི་འཁོས་ཀར་དཔགས་པའི་སྤང་བྱ་སྤོང་ཚུལ་ངོས་ཟིན་སྒང་དགེ་བསྙེན་གྱི་ཆོས་ལ་གནས་དགོས། བོད་བརྒྱུད་ནང་བསྟན་ཕྱི་གླིང་ན་དར་ཁྱབ་འགྲོ་བཞིན་པའི་བཀྲ་ཤིས་པའི་ཉི་མ་དང་ལྷན་ཅིག་ཏུ། བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་མི་སྣའི་མིང་དང་། ཐ་སྙད་འདོགས་སྟངས་སྣ་ནག་མ་ཞིག་ཀྱང་ས་ཁྱབ་རྡོ་ཁྱབ་ཏུ་འགྲོ་བཞིན་པ་མཐོང་ཐོས་བྱུང་སྟེ་སྐད་ཆ་འདི་དག་མ་བཤད་ཐུ་མེད་བྱུང་། སྐད་ཆ་འདི་ནི་ཕྱི་གླིང་གི་བོད་བརྒྱུད་ནང་ཆོས་སྤྱི་ལ་ལྟ་སྟངས་ཤིག་ལས། ཆོས་དང་གང་ཟག་བྱེ་བྲག་པ་སུ་གང་ཡང་དམིགས་འབེན་དུ་བཟུང་མེད། གལ་ཏེ་ཁྱེད་ཀྱིས་ངའི་བསམ་འཆར་འདིར་དགག་དགོས་ཀྱི་རྒྱུ་མཚན་ཡོད་པ་འདྲ་གཟིགས་ཚེ། ཕྱི་གླིང་གི་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་མི་སྣའི་མིང་བརྡ་འདོགས་ལུགས་དང་། འབོད་སྟངས་ཐད་དག་སེལ་ཡོ་བསྲང་གནང་རོགས་ཞུ། ཐུགས་རྗེ་ཆེ།
ཕྱི་གླིང་བོད་བརྒྱུད་ཆོས་ལུགས་མི་སྣར་མིང་ཞིག་གདག་དགོས་ཚེ། ཇི་ལྟར་འདོགས་དགོས་སམ།
བཙུན་པ་དཀྱུས་མ་དག་ལ། བོད་སྐད་ཀྱི་གྲྭ་བའམ། ཨིན་སྐད་ཀྱིmonkཞེས་རང་སོར་བརྗོད་ན་ལེགས།
མཚམས་པ། རི་ཁྲོད་པ། བཅད་རྒྱར་བཞུགས་མཁན་དག་ལ། བོད་སྐད་སོར་བཞག ཨིན་སྐད retreatant ཞེས་བརྗོད་ན་མཛེས།
དགེ་བསྙེན་དང་དགེ་བསྙེན་མར། བོད་སྐད་སོར་བཞག ལེགས་སྦྱར་གྱི། upasaka ཡང་ན། ཨིན་སྐད་ཀྱི lay practitioner
བླ་མ། བླ་མའི་ཡོན་ཏན་དང་ལྡན་ན། ཨིན་སྐདLama or Spiritual master
མཁན་པོ། khenpo or abbot བསླབ་པ་གསུམ་ལྡན་གྱི་དགེ་སློང་ཞིག་ལ་བཏགས་ན་འོས།
རྣལ་འབྱོར་པ། རྣལ་འབྱོར་མ། ཨིན་སྐད། Yogi or Yogini
His Holiness དང་། Dharma king ཆོས་ཀྱི་རྒྱལ་བོ་ཞེས་པ་ལྟ་བུའང་། འུར་སྒྲོག་ལས། དོན་དངོས་ལ་གཏུགས་ནས་བོས་ན་དགེ་མཚན་ཆེ།
ཤུན་ཏུ་ལེགས། ད་དུང་ཞིབ་ཕྲ་ཀློག་རྒྱུ་ཡིན།
མིང་འབོད་སྟངས་ཐད་ནས་བོད་མིས་ཀྱང་འགྲིགས་ཡོད་པ་མ་རེད། གྲྭ་བ་ཟེར་བ་དེ་ནང་པའི་རབ་བྱུང་བ་ལ་འབོད་པའི་མིང་ཞིག་མ་རེད། བོད་མིས་ཅི་ཞིག་ལ་མིང་འདི་བཏགས་པ་ཡིན་མི་ཤེས། བླ་མ་ཟེར་ན་གང་ལྟར་ཡང་ཆོས་ཀྱི་འབྱུང་ཁུངས་རྒྱ་གར་འཕགས་པའི་ཡུལ་ནས་བསྒྱུར་བའི་ཐ་སྙད་ཅིག་རེད། གྲྭ་བ་ཟེར་བའི་མིང་དེ་འདོར་དགོས་ཀྱིན་འདུག
བཙུན་པ་ལ་བླ་མ་ཞེས་བཏགས་ན་མི་འགྲིགས་པ་ཆེར་མི་འདུག དགེ་བསྙེན་ནང་ན་བླ་མ་ཡོད་ཆོག་ལ་པས་དགེ་བསྙེན་ལ་བླ་མར་བཏགས་ན་སྐྱོན་ཆེར་མི་འདུག མཁན་པོ་ལ་མདོ་ལུགས་ཀྱི་མཁན་པོ་སྔགས་ལུགས་ཀྱི་མཁན་པོ་ཡོད་ངེས་པས་དགེ་བསྙེན་ནང་ན་མཁན་པོ་ཡོད་ན་མི་འགྲིགས་པ་མི་འདུག
ལོས་བདེན་བསམ་པ་ཞིག་བྲིས་འདུག ཡིན་ཡང་། ཁ་བ་ཅན་གྱི་མཚོ་བྲི་ནས་ཟེར་བ་ཞིག་དྲན་གི་འདུག་དེ་འདི་རུ་དགོས་པ་རེད་དམ། གཞན་ཁ་སང་ཨ་ཧྥུ་རི་ཁ་རུ་ནང་ཆོས་དར་བའི་དངོས་བཤུས་གློག་བརྙན་ཞིག་ཀྱང་མཐོང་སོང་བས། དེ་མྱ་ངན་ལས་འདས་ནས་ལོ་དུས་ནས་རེད།
ཧ་ཧ། འབྲུག་ཏུ་སོང་གྲྭ་པ་ཡིན་ཚད་ལ་དགེ་སློང་ཞེས་བརྗོད་ངེས་ཡིན་ལ། མཚམས་པ་ཡིན་ཚད་སྒོམ་ཆེན་ཞེས་འབོད་ངེས་ཡིན། དེ་ཙམ་མ་ཟད། ཁམས་ཀྱི་ལུང་པ་མང་པོ་ནས་གྲྭ་པ་ཡིན་ཚད་ལ་བླ་མ་འབོད་སྲོལ་ཡོད། དེས་ན་སྒྲ་བཤད་འཇུག་མུ་བཞི་ཡོད་པར་སྔོན་ནས་ད་ལྟའི་གྲགས་པ་འདི་ལ་སུས་བསྙོན་ནུས། མི་ཞིག་ལ་སངས་རྒྱས་ཞེས་བཏགས་ན་དེ་སངས་རྒྱས་མ་རེད་ཅེས་གཞན་གྱིས་མི་བརྗོད་ཅིང་། རང་ཉིད་ཀྱིས་སངས་རྒྱས་ཡིན་ཞེས་ཁས་ལེན་མོད། འོན་ཀྱང་སྒྲིབ་གཉིས་སྤངས་ཟིན་པའི་གང་ཟག་ཅིག་ཡིན་ཞེས་པའི་དོན་མིན་པས་ན་དེ་ལ་བརྟགས་ཤིང་དཔྱད་དགོས་པ་མ་མཐོང་ངོ་།།
བོད་མི་བསྟན་པ་འཛིན་པའི་གང་ཟག་མ་ཡིན་པ་ལ་བསྟན་འཛིན་ཞེས་བཏགས་པ་དང་། སྒྲིབ་གཉིས་མ་སྤངས་པའི་གང་ཟག་ལ་སངས་རྒྱས་ཞེས་བཏགས་ཡོད་པ་སོགས་མིང་བརྗེ་སྒྱུར་གཏོང་དགོས་པ་ཚད་མེད་པ་ཞིག་མིན་ནམ། དེས་ན་མི་རིགས་གཞན་གྱིས་སྐད་དུ་གྲགས་ཟིན་པ་དགག་པ་རྒྱག་ནས། སྡེ་ཚན་གཅིག་མར་ཕབས་ཏེ་སྡེ་ཚན་གཅིག་ཡར་འགྲོ་ཐབས་བྱས་དང་མ་བྱས་གང་ཡང་མ་མཐོང་ངོ་།།
འདོན་ཡོད་ལམ་དུ་ཁྱེར་བའི་སྔགས་པ་རྣམས་ལ་ཞྭ་མོ་རྣ་རིང་། ཁྲི་བེར་སོགས་སྤྱོད་པར་མི་དབང་ན། དོན་ཡོན་རྒྱབ་ཏུ་སྤངས་ཏེ། ཟས་སློང་མོ་དང་། གོས་ཕྱག་དར་ལ་བརྟེན་དགོས་པའི་དགེ་སློང་རྣམས་ལ་ཇི་ལྟར་དབང་། དེས་ན་རིག་གཞུང་དང་གོམས་གཤིས་ཙམ་དབང་བཙན་མ་བྱས་པར། དོན་གྱི་གནད་སངས་རྒྱས་ཀྱི་གསུང་རབ་རང་ལ་གཏུགས་དང་། སུ་ཞིག་ལོག་པའི་ལམ་དུ་སོང་ཡོད་མེད་གཞི་ནས་རྟོགས་པར་ངེས་སོ། །
ཁོང་ཚོ་ལ། ག་རེ་བོས་ན་མ་བོས་ན། དབྱི་ཇིའི་དགེ་འདུན་མ་བརྩིེས་བའི་དགེ་འདུན་ལ་སྐྱབས་སུ་མཆིའོ་ཟེར་སྲོལ་ཞིག་ཡོད་པ་མ་རེད། མགོ་སྒུར། ཕྱག་འཚོལ། སངས་རྒྱས་བསྟན་པ་ཕྱོགས་བཅུར་དར་བའི་རྟགས་རེད།
བོད་བརྒྱུད་ནང་ཆོས་ལ་རྗེས་འཇུག་གཞན་དག་མགོ་མི་རྨོངས་པ་དང་། གུས་བརྩི། ལྟ་སྟངས་བཟང་བོ་ཞིག་འབྱུང་ཆེད། བླ་མ་དང་། རིན་པོ་ཆེ། རབ་བྱུང་ངམ་བཙུན་པ། དགེ་བསྙེན། སྔགས་པ་སོགས་ཀྱི་རྣམ་དབྱེ་དང་། མིང་དོན། ཀུན་སྤྱོད་བཅས་ཀྱི་རྣམ་པ་གསལ་བོར་ཕྱེས་ནས། མགོ་ཐོག་མ་ནས་མ་འཁྲུགས་པ་ཞིག་བཟོ་དགོས་པར་མཐོང་། དེ་ལྟར་མ་ཡིན་པར་ཕྱི་གླིང་ནང་བ་ཡིན་ཚད་ལ་བླ་མ་ཞེས་བོས་ན། ནམ་ཞིག་བླ་མ་ཞེས་པའི་དོན་སྙིང་བརླག་འོང་། བླ་མ་ཞེས་པའི་ཐ་སྙད་འདི་བསྟན་འཛིན་དང་། ཀརྨ། བློ་བཟང་ཞེས་པ་ལྟ་བུའི་མིང་འདོགས་དང་གཏན་ནས་མི་འདྲ། ཕ་རོལ་བོས་ཐ་སྙད་འདི། བོད་དང་བོད་བརྒྱུད་ནང་བསྟན་ལ་དམའ་འབེབས་དང་། བསྙོན་འཛུགས་བྱེད་པའི་ཐ་སྙད་ཅིག་ཏུ་བེད་སྤྱོད་བྱེད་ཅིང་། ཚུར་རོལ་གྱིས་ཐ་སྙད་འདི་ཐོས་པ་ཙམ་གྱིས། བོད་དང་བོད་བརྒྱུད་ནང་ཆོས་ཀྱི་གཟི་བརྗིད་སེམས་ཁོང་དུ་ངང་ངམ་ཤུགས་ཀྱིས་དྲན་ཐུབ་པའི་ཐ་སྙད་ཅིག་ཏུ་འགྱུར་བཞིན་ཡོད། དེར་བརྟེན། ཐ་སྙད་འདི་བེད་སྤྱོད་བྱེད་སྟངས་སྤུས་ཇེ་དག་དང་། གཏིང་ཇེ་ཟབ། འོས་འཚམས་ཀྱི་སྟངས་འཛིན་བཅས་བྱེད་ཐུབ་ན་ཕན་རླབས་ཆེ།
འདོད་ཡོན་ལམ་ཁྱེར་གྱི་སྔགས་ཆོས་ཞེས་པ། ཡག་པོ་ཞིག་བསྟེན་ཤེས་ན། སྲིད་པར་མི་འཆིང་བའི་ཐབས་ལམ་ཞིག་ཡོད་སྲིད། འོན་ཏེ། དངོས་དོན་ཞིག་ནི། ཟས་གཙང་སྲས་པོས། རྒྱལ་སྲིད་མངའ་དབང་ཚང་མ་མི་གཙང་མཆིལ་མ་བཞིན་དུ་དོར་ནས། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། ཐར་ལམ་འཚོལ་བའི་ཆོས་སུ་ཞུགས་ཡོད། འདོད་པ་ལ་སྐྱོན་དུ་བལྟ་བ་དང་། འདོད་པ་ཡོན་ཏན་དུ་བལྟ་བའི་ཆོས་ལུགས་གཅིག་གི་འགལ་འདུ་ལྟ་བུའི་བར་སྟོང་ཆེན་པོ་འདི་ལ། དངོས་དོན་གྱི་ལམ་ནས་བསམ་བློ་གནད་དུ་ཐེངས་པ་རེ་གཏོང་དགོས་པར་འདོད། མཁན་ཞྭ་དང་། ཁྲི་བེར་ལྟ་བུའི་ཆས་གོས་འདི་འདྲ་ནི། དད་པ་ཅན་གྱི་སྤྱི་སྒེར་གང་རུང་ཞིག་གིས། བསླབ་གསུམ་གྱི་མཁྱེན་ཡོན་མངའ་བའི་བླ་མའམ། མཁན་པོ་དག་ལ་བཏེགས་པའི་ཆེ་མཐོང་དང་། དད་གུས་མཚོན་པའི་མཚོན་རྟགས་ཤིག་ལས། མཁན་པོ་ཉིད་ལ་འདོད་ཡོན་ལྟ་སྟངས་ཅི་འདྲ་ཞིག་ཡོད་མེད་ནི་ཚོད་ཐུག་དཀའ་བ་ཞིག་ཡིན། སྐབས་འདིའི་མཁན་པོ་ཞེས་པ་བསླབ་པ་གསུམ་དང་། ལྷག་པར་ཚུལ་ཁྲིམས་ཀྱི་བསླབ་པར་གཅེས་སྤྲས་གཙང་མ་ཡོད་མཁན་ཞིག་ལ་བཏགས་ན་འོས།
ངས་ནི། ཕྱི་གླིང་བ་རབ་ཏུ་བྱུང་བ་དག་གི་མིང་ལ། རབ་བྱུང་ངམ། ཡང་ན། བཙུན་པ། ཞེས་འབོད་པ་ལས་བླ་མ་ཞེས་ཡེ་མི་འབོད། དེའི་ཐོག་མཁན་པོའི་མཁྱེན་ཡོན་འཛོམས་པ་དག་ལ་མཁན་པོའམ། བླ་མ། ཡང་ན། རིན་པོ་ཆེ་ཞེས་བོས་ན་འདོད། ཕྱི་གླིང་བ་གོས་དཀར་ལྕང་ལོའི་སྡེར་གཏོགས་དག་ལ། སྔགས་པའམ། སྔགས་མ། རྣལ་འབྱོར་པའམ། རྣལ་འབྱོར་མ་ཞེས་འོས་བབ་ལྟར་འབོད། ཡོངས་རྫོགས་སམ། སྣ་འགའ་སྤྱོད་མཁན་གྱི་དགེ་བསྙེན་དག་ལ། དགེ་བསྙེན་ཞེས་འབོད་ན་འདོད་ཀྱང་། ཐ་སྙད་འདི་མཚན་མཐུན་ཆགས་སྤྱོད་ཀྱིgayརུ་གོ་ཉེན་ཡོད་པས། དགེ་བསྙེན་དག་ལ་མཚན་འདོགས་ཇི་ལྟར་བྱེད་དགོས་མིན་བསམ་བློ་གཏོང་བཞིན་ཡོད།
རྒྱུགས་པ་ལེབ་རྡུང་། བརྒྱ་ཁ་ཆིག་གཅོད། གྲྭ་ལོག་གྲྭ་བའི་ཐོ་བ།
དེང་སྐབས་ཀྱང་རྒྱ་གར་གྱི་ཡུལ་མིས་གྲྭ་བ་ལ་གུ་རུ་ཞེས་འབོད་ཀྱིན་འདུག བོད་སྐད་ལ་གུ་རུའི་དོན་བླ་མར་བསྒྱུར་འདུག གྲྭ་བ་ལ་བླ་མ་ཞེས་བརྗོད་ན་མ་འགྲིག་པ་མི་འདུག
ལས་ཀ་མེད་པའི་ལས་ཀ་
བདེན་པ་རང་རེད།
བོད་ཀྱི་རབ་བྱུང་རྣམས་ཀྱིས་འདོད་ཡོན་དང་སྲིད་ལ་སྐྱོན་ལྟ་མིན་ནི་དེ་སེམས་ཀྱི་གསང་བ་ཡིན་པས་ཤེས་དཀའ་བའི་དབང་དུ་བཏང་ཡང་། འཚོ་ཐབས་དང་གནང་སྟངས་དག་ནི་སངས་རྒྱས་གང་ལས་ཕེབས་པའི་ལམ་དང་རྒྱང་རིང་དུ་གྱེས་ཟིན་པས་སྟོང་ཆ་འགེགས་ཐུབ་ན་ཧ་ཅང་ལེགས་པར་མཐོང་། དངོས་དོན་རྔ་བ་རྒྱལ་ཁམས་པས་གསུངས་པ་བཞིན། སངས་རྒྱས་ཀྱིས་རྒྱལ་སྲིད་མངའ་དབང་ཚང་མ་མི་གཙང་མཆིལ་མ་བཞིན་དུ་དོར་ནས། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་། ཞེས་པ་ལྟར་ཡིན་པས་བོད་ཀྱི་རང་བྱུང་ཚོས་དེ་ལྟར་གནང་གིན་འདུག་གམ་མི་འདུག་ནི་ང་ཚོས་བསམ་གཞིག་བྱ་སའི་ཡུལ་གཙོ་བར་གྱུར་ཡོད།